བསྐྱར་ཞིབ། སྐྱོ་གདུང་ལས་སྐྱེས་པའི་མཚམས་མེད་ཀྱི་ལྷུག་བརྗོད།

རྩོམ་པ་པོ།:ལྡོང་བུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-01-19 08:30:32 ཀློག་གྲངས།:
       ཨ་རིའི་བུད་མེད་དཔྱད་བརྗོད་པ་གྲགས་ཅན་སུ་སན·སང་ཐག(Susan Sontag)གིས“འཇིགས་རུང་དུས་མཐའ་མཚོན་པའི་བདག་ཉིད་ཆེན་པོ”ཞེས་བསྔགས་བརྗོད་གནང་མྱོང་ཞིང་། དབྱིན་ཇིའི་དཔྱད་བརྗོད་པ་གྲགས་ཅན་ཇེམ་སི·ཝུ་ཌེ(James Wood)ཡིས“དངོས་ཡོད་ལ་བྱས་པའི་སྨྱོ་ཧམ་གྱི་བརྟག་ཞིབ”ལྟ་བུའི་དཔྱད་བརྗོད་སྤེལ་མྱོང་སའི་ཧང་གྷ་རིའི་རྩོམ་པ་པོ་ཁེ་ར་ཟི་ན་ཧོར་ཁ་ཡེ·ལཱ་ཟི་ལོ(László Krasznahorkai)མཆོག་ལ2025ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་ཅིང་། བྱ་དགའི་བསྟོད་ཚིག་ནང་དུའང“ཁོང་གི་ཡིད་དབང་འཕྲོག་ལ་མིག་རྒྱང་རིང་བའི་བརྩམས་ཆོས་དག་གིས་དུས་མཐའ་ལྟ་བུའི་འཇིགས་སྣང་ཁྲོད་སྒྱུ་རྩལ་གྱི་སྟོབས་ཤུགས་ཡང་བསྐྱར་ར་སྤྲོད་བྱས་འདུག”ཅེས་འཁོད་པར་བལྟས་ན། བསྐལ་པ་འཇིག་མཐའ་ལྟ་བུའི་ཉམས་སྣང་སྐྱི་གཡའ་བ་ཞིག་མཚོན་རྒྱུ་ནི་ཁོང་གི་བརྗོད་གཞི་གལ་ཆེན་ཞིག་ཡིན་པ་རྟོགས་ཐུབ།
László Krasznahorkai1954-
       ལྟོས་བཅས་ཀྱིས་བཤད་ན་རྩོམ་པ་པོ་ཁོང་གི་མི་ཚེའི་བརྒྱུད་རིམ་དེ་འདྲ་ཀྱག་ཀྱོག་ཅིག་མིན། སྤྱི་ལོ1954ལོར་ཧང་གྷ་རིའི་ཤར་ཕྱོགས་ཀྱི་གྲོང་སྡེ་ཇུ་ལཱ་བྱ་བར་ཕ་ཁྲིམས་རྩོད་པ་དང་མ་གཞུང་ཞབས་པ་ཡིན་པའི་འབྱོར་འབྲིང་གྲལ་རིམ་གྱི་མི་ཚང་ཞིག་ཏུ་སྐྱེས། ལོ་ན་བཅུ་བཞི་ནས་གྲོང་སྡེ་དེ་གའི་མཐོ་འབྲིང་དུ་ཞུགས་ནས་ལ་ཏིང་སྐད་ལ་དམིགས་བསལ་སྦྱངས་པ་མཛད་ཅིང་ཇེ་ཟི་རོལ་ཚོགས་ཀྱི་རྣོ་སྦྲེང་དཀྲོལ་མཁན་ཀྱང་བྱེད་མྱོང་། མ་ཞུགས་ཐབས་མེད་ཡིན་པའི་ལོ་གཅིག་རིང་གི་དམག་མིའི་ཞབས་ཞུ་མཇུག་རྫོགས་རྗེས་ད་ལྟའི་ཟེ་གྷེ་ཌེ་སློབ་ཆེན(University of Szeged)དུ་ཞུགས་ཏེ་ཁྲིམས་ལུགས་སྦྱངས་མོད་བདུན་ཕྲག་གསུམ་འགོར་རྗེས་རང་ཉིད་དེ་ལ་སྤྲོ་བ་མེད་པ་ཤེས། དམག་མིའི་ལས་འགན་ཐེངས་གཉིས་པར་གཡོལ་ཆེད་ཟླ་བ་ཁ་ཤས་རེར་ས་གནས་གཅིག་རེ་བརྗེ་སྤོར་གྱིས་བྲོས་བྱོལ་ལྟ་བུར་གནས་བསྡད་པའི་རིང་མཚན་མོའི་ཟོག་སྲུང་དང་གཏེར་ཁའི་བཟོ་པ་སོགས་ལས་ཀ་དུ་མ་བྱས། 1976ལོར་བྷུ་ཌ་ཕེ་སིད་སློབ་ཆེན(University of Budapest)དུ་སྔར་བཞིན་ཁྲིམས་ལུགས་སྦྱངས་མོད་ལོ་གཉིས་ལྷག་གི་རྗེས་སུ་མི་ཆོས་རིག་པའི་སྡེ་ཁག་ཏུ་སྤར་ནས་ཧང་གྷ་རིའི་རྩོམ་རིག་དང་སྐད་བརྡའི་སྐོར་ལ་སློབ་གཉེར་མཛད། 1983ལོར་སློབ་ཆེན་ནས་ཐོན་རྗེས་ལས་ཁུངས་གང་ལའང་མ་ཞུགས་པར་རང་དབང་རྩོམ་པ་པོ་བྱས་ཤིང་ལོ་ན་སོ་གཅིག་ལོན་པའི་ལོ་དེར་སྙན་པའི་གྲགས་པ་ལྡིར་བའི་སྒྲུང་རིང་སྟེ་བརྩམས་ཆོས་ཐོག་མ«སེ་ཐེན་ཐན་གྷོ»(Sátántangó, 1985)པར་དུ་བཏབ་ནས་སྐབས་དེའི་ཧང་གྷ་རིའི་རྩོམ་པ་པོ་གལ་ཆེ་ཤོས་ཀྱི་གྲས་སུ་ཚུད། དེའི་རྗེས་སུ་རིམ་བཞིན་སྒྲུང་རིང«ཡི་མུག་པའི་ངོ་རྒོལ»(The Melancholy of Resistance, 1989)དང་། «དམག་འཁྲུག་དང་དམག་འཁྲུག»(War and War, 1999) «མི་དྲག་ཝེན་ཁེ་ཧེམ་ཕ་ཡུལ་དུ་ལོག་པ»(Baron Wenckheim's Homecoming, 2016)སོགས་དང་། སྒྲུང་ཐུང་འབྲིང་ཕྱོགས་བསྒྲིགས་དེབ«སྙིང་རྗེ་ཡི་འབྲེལ་བ»(Relations of Grace, 1986)དང་། «མཇུག་མཐའི་རི་སྤྱང»(The Last Wolf, 2009) «འཇིག་རྟེན་སྔར་བཞིན་འཁོར»(The World Goes On, 2013)བཅས་དང་། གློག་བརྙན་འཁྲབ་གཞུང«སེ་ཐེན་ཐན་གྷོ»(1994)དང་། «ལོན་ཏོན་ནས་ཡོང་བའི་མི»(The Man from London, 2007) «ཐུ་རིན་གྱི་རྟ»(The Turin Horse, 2011)སོགས་བརྩམས་གནང་མཛད།
 
       «སེ་ཐེན་ཐན་གྷོ»ཡི་ཟབ་ཚད་དང་བོངས་ཚད་དང་། ད་དུང་དེ་ལས་བཟོས་པའི་ཆུ་ཚོད་བདུན་ཅན་གྱི་གློག་བརྙན་གྱི་སྐད་གྲགས་དབང་གིས་ཁོང་གི་དུས་ཕྱིས་ཀྱི་བརྩམས་ཆོས་ཕལ་ཆེ་བའང་བརྩམས་ཆོས་ཐོག་མ་འདིའི་འགྱུར་གཟུགས་ལྟ་བུ་ཞིག་ཏུ་མཐོང་ཆོག་པར་མ་ཟད། ལོ་ངོ་སུམ་ཅུའི་རྗེས་ཀྱི«མི་དྲག་ཝེན་ཁེ་ཧེམ་ཕ་ཡུལ་དུ་ལོག་པ»ཡི་ནང་དུ་དེ་བས་ཀྱང་སྒྲུང་རིང་ཐོག་མ་འདི་དང་འབྲེལ་བའི་སྐུད་སྣེ་མང་པོ་རྙེད་ཐུབ། སྒྲུང་རིང་འདིས་ཐན་གྷོ(tango)ཞེས་པ་གོམ་པ་དྲུག་མདུན་དུ་སོང་རྗེས་དྲུག་ཕྱི་རུ་ནུར་བའི་ཞབས་བྲོའི་གོམ་སྟབས་གང་དེ་སྒྲིག་གཞི་རུ་བཟུང་ཞིང་ཡིག་ཕྲེང་གི་བར་བཅད་མེད་པའི་དུམ་མཚམས་ཤིན་ཏུ་ཆེན་པོ་རེ་རེ་ལ་བརྟེན་ནས་ལེའུ་རེ་རེ་གྲུབ་པར་བྱས་ཡོད། སྒྲུང་གི་མི་སྣ་གཙོ་བོ་སྟེ་སྐྱབས་མགོན་དུ་བརྫུས་པའི་མགོ་སྐོར་གཏོང་མཁན་ཨི་རི་མི་ཡཱ་སི་ཉམས་ཤིང་རྒུད་ལ་ཕྱི་རོལ་དང་འབྲེལ་ཐག་ཕལ་ཆེར་ཆད་པའི་གཞིས་ཀ་ཞིག་ཏུ་སླེབས་ཤིང་། ཚད་ལས་བརྒལ་བའི་དབང་ཆར་བརྟེན་ནས་མི་རྣམས་ཀྱི་བསགས་དངུལ་ཆ་ཚང་གཡོ་ལེན་བྱས་པར་མ་ཟད་དོར་བར་གྱུར་པའི་ཐག་ཉེའི་གཞིས་ཀ་ཞིག་ལ་བསླུ་བྲིད་ཀྱིས་ཁྲིད་པའི་མཐའ་མར་མི་རྣམས་གྲོང་རྡལ་དང་དེ་ནས་རྒྱལ་ཁབ་ཀྱི་ས་ཆ་གཞན་དག་ལ་ཁ་ཐོར་བར་བྱས། ཐན་གྷོ་ཡི་གོམ་པ་དྲུག་མདུན་ལ་སོང་རྗེས་སླར་ཁ་མལ་དུ་ལོག་པ་ལྟར་ལེའུ་དང་པོ་ནས་དྲུག་པ་དང་སླར་དྲུག་པ་ནས་དང་པོར་ལོག་སྟེ་ཁ་སུམ་ལ་ཚགས་དམ་པའི་སྒོར་དབྱིབས་ཀྱི་སྒྲིག་གཞི་ཞིག་བསྐྲུན་ནས་མི་རྣམས་རེ་བ་མེད་པ་ནས་ཡོད་པའི་ཕྱོགས་དང་སླར་ཡོད་པ་ནས་མེད་པའི་ཕྱོགས་སུ་དྲངས་ཤིང་། གཞིས་ཀ་འདིའི་ནང་བཤམས་པའི་མགོ་སྐོར་དང་དང་བསླུ་བྲིད་དང་ལྐོག་ལྟའི་བགྱི་བ་མཐའ་དག་ལ་མཐོང་སྣེ་མི་འདྲ་བའི་ངོས་ནས་བརྟག་ཞིབ་གཏིང་ཟབ་བྱས་པས་འདམ་མྱགས་ནང་དུ་ལུས་པའི་གཞིས་ཀ་དཀྱུས་མ་དེ་ཉིད་མིའི་རིགས་ཀྱི་གནས་སྟངས་མཚོན་བྱེད་ཅིག་ཏུ་འདྲེན་རུང་བ་ཆགས་ཡོད།
       «ཡི་མུག་པའི་ངོ་རྒོལ»གྱིས་ཀྱང་ལྷིང་འཇགས་བོར་བའི་གྲོང་རྡལ་ཞིག་ཏུ་གསང་བ་ལྐོག་གྱུར་གྱི་འཁྲབ་རྩེད་རུ་ཁག་ཅིག་སླེབས་པ་བྲིས་པ་བརྒྱུད་བརྩམས་ཆོས་ཐོག་མའི་དུས་མཐའ་ལྟ་བུའི་ཡུལ་ཁམས་དང་ཉམས་སྣང་རྒྱུད་འཛིན་བྱས་ཡོད། གཏོས་ཆེ་ལ་འཇིགས་སུ་རུང་བའི་ཉ་བོ་ཆེ་ཝེལ་གྱི་ཀེང་རུས་ཆེན་པོ་ཞིག་བཤམས་སྟོན་བྱ་རྒྱུ་མ་གཏོགས་འཁྲབ་རྩེད་རུ་ཁག་དེ་ལ་འཁྲབ་རྩེད་གཞན་གྱི་རིགས་གང་ཡང་མེད་མོད། དེའི་ཁྲོད་ཀྱི་མི་སྣ་“རྒྱལ་སྲས་”ཀྱིས་མི་སེམས་སྒུལ་བའི་གཏམ་བཤད་མང་པོར་བརྟེན་ནས་རྗེས་འཇུག་པ་གྲངས་ལས་འདས་པ་བསྡུས་པའི་མཐར་ཉམ་ཆུང་དང་ནད་པ་སོགས་ལའང་རྡུང་རྡེག་གཏོང་བའི་དྲག་པོའི་སྟོབས་ཤུགས་ཤིག་ཏུ་གྱུར། དྲག་ཆས་ཀྱི་བཙན་གནོན་འོག་སྲིད་དབང་རྙིང་པ་ཞིག་ཤུལ་མེད་ཆགས་ཤིང་སྲིད་དབང་གསར་པ་ཞིག་ཀེ་རེར་ལངས་ཡོང་ནའང་རྩོམ་པ་པོས་འབྲི་འདོད་པ་ནི་མི་རྣམས་གཏོར་བཤིག་ནས་གསར་བཞེངས་ལ་ཕྱོགས་པ་མིན་པར་རྩ་གཏོར་གཅིག་ནས་རྩ་གཏོར་གཞན་ཞིག་ལ་ཕྱོགས་པའི་ཅི་བྱ་གཏོལ་བྲལ་གྱི་ངང་ཚུལ་དེ་ཡིན། སྒྲུང་རིང་འདིའི་སྔོན་འགྲོ་དང་དངོས་གཞི་དང་མཇུག་སྡུད་པ་བཅས་ཆ་ཤས་རེ་རེའང་ཕལ་ཆེར་ཡིག་ཕྲེང་གི་བར་བཅད་མེད་པའི་དུམ་མཚམས་ཤིན་ཏུ་ཆེན་པོ་རེ་རེས་གྲུབ་ཅིང་། སྔ་ཕྱི་དམ་དུ་སྦྲེལ་བའི་རྒྱུ་འབྲས་ཀྱི་འབྲེལ་བས་མི་རྣམས་ཀྱིས་ཅིས་ཀྱང་གཡོལ་ཐབས་བྲལ་བའི་ལས་དབང་མཚོན་ཡོད།
       ལོ་ངོ་བཅུའི་རྗེས་ཀྱི«དམག་འཁྲུག་དང་དམག་འཁྲུག»ནང་དུ་གྲོང་རྡལ་ཡིག་ཚགས་ཁང་གི་ཡིག་རྙིང་བྲིས་མ་ཞིག་ལ་ཡིད་དབང་ཤོར་བའི་ཧང་གྷ་རིའི་སྐྱེས་པ་ཞིག་གིས་རང་སྲོག་མ་བཅད་སྔོན་བྲིས་མ་དེ་རྒྱང་ཐག་རིང་བའི་གྲོང་ཁྱེར་ཉིའུ་ཡོག་ཏུ་ཁྱེར་ནས་ངོ་བཤུས་བརྒྱབ་ཅིང་དྲ་ལམ་དུ་སྤེལ་རྩིས་བྱས་པ་བྲིས་ཡོད། གསང་བ་ལྐོག་གྱུར་གྱི་ལག་བྲིས་མ་དེའི་ནང་དུ་འཁོད་པ་ནི་ཕུ་ནུ་དག་དམག་འཁྲུག་གི་སྦྱོར་བ་རྩུབ་པོའི་ནང་ཇི་ལྟར་ཕ་ཡུལ་དུ་ལོག་པའི་སྒྲུང་རབས་ཤིག་ཡིན། སྒྲུང་རིང་དེས་མི་སྣ་གཙོ་བོ་ཉིའུ་ཡོག་གི་རྒྱ་སྲང་བརྒྱུད་སྐབས་འཕྲད་པའི་ཁྲ་ཁྲ་རིག་རིག་གི་མཐོང་སྣང་དག་ལ་ཚད་ལས་བརྒལ་བའི་ཞིབ་འབྲི་བྱས་ཏེ་གདུག་རྩུབ་དང་ལྐོག་གྱུར་གྱི་བར་དུ་ཚལ་བར་གས་པའི་འཇིག་རྟེན་ཞིག་བསྐྲུན་ཡོད།
       བརྩམས་ཆོས་གསར་ཤོས«མི་དྲག་ཝེན་ཁེ་ཧེམ་ཕ་ཡུལ་དུ་ལོག་པ»ཡིས་ཤོག་ལྷེ་དུ་མ་ཅན་གྱི་བརྗོད་པ་དང་བར་མཚམས་བཅད་མེད་པའི་དུམ་བུ་ཆེན་པོ་སོགས་ཚོད་ལྟ་རང་བཞིན་གྱི་སྒྲིག་གཞི་ལ་བརྟེན་ནས། ལོ་ན་རེ་བཞིར་སོན་ཅིང་རྒྱན་ཤོར་ཏེ་བུ་ལོན་ཆེན་པོ་ཆགས་པའི་ཡུལ་གྱར་པ་སྐུ་དྲག་ཝེན་ཁེ་ཧེམ་ཨར་ཇེན་ཐེན་ནས་ཧང་གྷ་རིའི་ཕ་ཡུལ་དུ་ལོག་པའི་གཏམ་རྒྱུད་བརྗོད་ཡོད། མི་དྲག་གིས་རྒྱུ་ནོར་འབོར་ཆེན་ཞིག་ཁྱེར་ནས་སླེབས་པ་རེད་ཅེས་མི་རྣམས་ལ་གོ་ནོར་བྱུང་བས་ཐམས་ཅད་ཀྱིས་རང་རང་སོ་སོར་བགོ་སྐལ་རེ་འཐོབ་རྒྱུའི་རེ་བ་བརྒྱབ་མོད་མི་གསོད་དོན་རྐྱེན་དང་ཆབ་སྲིད་དཀྲོག་གཏམ་གྱི་སྐུད་སྣེ་གཉིས་ཀྱིས་སྒྲུང་གི་འཕེལ་རིམ་ཆོ་མེད་ཟློས་གར་ལྟ་བུ་ཞིག་ཏུ་ཁྲིད་ཅིང་། དབེན་པར་གནས་པའི་སྔོ་དྲེག་ཞིབ་འཇུག་གི་སློབ་དཔོན་ཆེན་པོས་བསམ་བློའི་རིམས་འགོག་གི་སྦྱོང་བརྡར་ལ་བརྟེན་ནས་ཕྱི་དགྲ་ཐམས་ཅད་འགོག་རྒྱུའི་ཐབས་ཤེས་འཐེན་ནའང་ངལ་བ་འབྲས་མེད་དུ་གྱུར་ནས་གྲོང་རྡལ་ཡོངས་ཀྱི་མགོ་ལ་མི་འདོད་པའི་ཆག་སྒོ་ལྷུང་།
       རྩོམ་པ་པོའི་བཅར་འདྲི་གསར་ཤོས་ཤིག་ཏུ་འཁོད་པ་བཞིན་གོང་གི་སྒྲུང་རིང་འདི་བཞི་པོས་དོན་གྱིས་བརྩམས་ཆོས་གཅིག་གྲུབ་ཡོད་དེ། ལས་དབང་རྫོགས་ལ་ཉེ་བའི་ཧང་གྷ་རིའི་སྤྱི་ཚོགས་རིང་ལུགས་དང་ཐུན་མོང་ཞིང་ར། གྲང་འཁྲུག་དུས་མཇུག་གི་དབང་ཆའི་གཞན་འགྱུར། ཟིང་ཆ་ལངས་པའི་ཡོ་རོབ་ཤར་མའི་སྤྱི་ཚོགས། དབང་ཆ་གཅིག་སྡུད་ཀྱི་འདུ་ཤེས་འཛིན་སྟངས་དང་མི་རིགས་རིང་ལུགས་བཅས་དུས་སྐབས་མི་འདྲ་བ་རེ་རེའི་སྐབས་ཀྱི་དབང་ཆའི་རྩེད་མོ་དང་སོ་སྐྱེའི་སྡུག་བསྔལ་མཐའ་དག་རྩོམ་པ་པོའི་ཕ་ཡུལ་ཇུ་ལཱའི་མཚོན་བྱེད་དུ་གྱུར་པའི་ཧང་གྷ་རིའི་གྲོང་རྡལ་གཅིག་གི་སྟེང་ལ་མངོན་པར་བསྡུས་ནས། རྩོམ་ཉམས་དང་བརྗོད་གཞི་མ་འགྱུར་བའི་པོད་བཞིའི་བདག་ཉིད་ཅན་གྱི་སྒྲུང་རིང་ཆེན་པོ་གཅིག་གྲུབ་པར་བརྗོད་རུང་བས་ན། དེས་རྩོམ་པ་པོའི་སད་སྔ་བའི་གོ་རྟོགས་དང་། གཏིང་ཟབ་པའི་ཁོག་འབུབས། ཆད་མེད་པའི་རྩོམ་རྒྱུན་བཅས་མཚོན་ཐུབ།
       སྒྲུང་ཐུང་ཉེར་དགུས་གྲུབ་པའི«སྙིང་རྗེ་ཡི་འབྲེལ་བ»དང«འཇིག་རྟེན་སྔར་བཞིན་འཁོར»གཉིས་ཀྱི་ནང་དུ་རྩོམ་པ་པོས་སྔར་བཞིན་མི་གསོད་དོན་རྐྱེན་དང་ལྐོག་ལྟ་དང་དམག་འཁྲུག་སོགས་འགྱུར་མེད་བརྗོད་གཞི་ལྟེ་བར་བཟུང་ཞིང་། ཕྲ་ཞིང་ཞིབ་པའི་འབྲི་རྩལ་དང་ཀུན་མཁྱེན་མཐོང་སྣེ་ལ་བརྟེན་ནས་མི་དང་མིའི་བར་གྱི་སོ་སོ་ཕྲལ་ཞིང་ལྷན་དུ་གནས་ཐབས་མེད་པའི་འབྲེལ་བ་བྲིས་ཡོད། སྒྲུང་ཐུང་འདི་དག་གི་ནང་དུའང་རྩོམ་པ་པོས་སྒྲིག་གཞི་དང་སྐད་ཆ་དང་བརྗོད་ཐབས་སོགས་གང་ཅིའི་ཐད་གསར་གཏོད་དང་ཚོད་ལྟ་གང་འཚམས་བྱས་ཏེ་དཔྱད་གཏམ་དང་མཚན་ཉིད་རིག་པའི་ལྟ་གྲུབ་ཀྱི་གླེང་བརྗོད་སོགས་བྱུང་བ་བརྗོད་པ་མ་ཡིན་པའི་རིགས་ཀྱང་ནང་དུ་བསྡུས་ཡོད་པས་སྲོལ་རྒྱུན་གྱི་སྒྲུང་ཀློག་པ་དང་མི་འདྲ་བའི་ཚོར་སྣང་གཞན་ཞིག་སྟེར་ཐུབ། སྒྲུང་རིང་དག་དང་མི་འདྲ་བར་སྒྲུང་ཐུང་འདི་དག་གི་ནང་དུ་རྩོམ་པ་པོའི་སྨྱུག་ཁ་འཛམ་གླིང་ཡུལ་གྲུ་མང་པོའི་ཕྱོགས་སུ་གཏད་ནས། 9·11དོན་རྐྱེན་རྗེས་སུ་འཛམ་གླིང་འཕེལ་ཕྱོགས་ལ་བསམ་བློ་གཏོང་མཁན་དང་། སྐྱེ་ཁུངས་གསལ་ཆ་མེད་པའི་ཨུ་རུ་སུའི་མཁའ་སྐྱོད་པ། རྦབ་ཆུ་ལ་དབྱིངས་ཞུགས་པའི་ལོ་ཙཱ་བ། དངོས་ཡོད་གཞན་ཞིག་གི་ནང་དུ་འཛུལ་བའི་ཕོར་ཐུ་གལ་གྱི་བྱིས་པ་སོགས་ཧང་གྷ་རི་དང་འབྲེལ་བ་མེད་པའི་ཡུལ་དུས་དང་མི་སྣ་བྱུང་ཡོད།
       ཁེ་ར་ཟི་ན་ཧོར་ཁ་ཡེ·ལཱ་ཟི་ལོའི་བརྩམས་སྒྲུང་གི་བརྗོད་གཞི་འདི་དག་གཞོན་དུས་ཁབ་ཁཱ་དང་ཏོ་སི་ཐོ་ཡེབ་སི་ཀེ་དང་བྷེ་ཁེད་སོགས་ཀྱི་བརྩམས་ཆོས་བཀླགས་པའི་ཤུགས་རྐྱེན་དང་ནང་པའི་མཚན་ཉིད་རིག་པའི་གསུང་རབ་ཁག་ལ་རྒྱུས་མངའ་ཡོད་པས་ཡིན་པར་མ་ཟད། ཧང་གྷ་རིའི་དབུལ་ཞིང་ཕོངས་པའི་ཞིང་གྲོང་དུ་འཚོ་བ་རོལ་ཞིང་གྲོང་ཁྱེར་དང་རྒྱང་ཐག་རིང་བའི་མི་མེད་འབྲོག་སྟོང་དུ་མཚན་མོའི་ཟོག་སྲུང་སོགས་བྱས་ཏེ་ཉམས་རྒུད་དུ་འགྲོ་བཞིན་པའི་ཧང་གྷ་རིའི་ཐུན་མོང་ཞིང་ར་ལ་བརྟག་ཞིབ་གང་ལེགས་ཀྱིས་མིའི་གནས་བབ་འཚོ་སྟངས་ལ་ཐུན་མོང་མ་ཡིན་པའི་བསམ་གཞིག་གཏོང་ཐུབ་ཡོད་པ་དེ་བས་ཀྱང་ཡིན། དེ་ལྟ་ནའང་སྒྲུང་གི་བརྗོད་གཞི་ལས་ཀྱང་འབུར་དུ་ཐོན་པ་ནི་ཁོང་གི་རྩོམ་གཤིས་དང་ཚིག་ཉམས་ཡིན་པ་སྟེ། དུས་ཚོད་ཀྱི་རྒྱུ་བ་འགགས་པར་བྱེད་ཅིང་ཡང་སྐོར་བསྐྱར་སྐོར་གྱི་ངང་ཚུལ་འཛིན་པའི་མཚམས་མེད་ཀྱི་ལྷུག་བརྗོད་རིང་པོ་དང་། ཞབས་བྲོའི་གོམ་སྟབས་ལ་དཔེ་བླངས་པའི་སྤྱི་ཁོག་དང་སྒྲིག་གཞི། ཚིག་ཕྲེང་གི་བར་བཅད་མེད་པའི་དུམ་མཚམས་ཤིན་ཏུ་ཆེན་པོ། བོངས་ཚད་ཆེ་ནས་ཆེ་རུ་བསྐྱེད་པའི་བརྗོད་པའི་འཇིག་རྟེན། ཚང་ཚིང་འཁྲིགས་ཤིང་འབྱམས་པའི་ཚིག་གྲུབ་ཀྱི་བང་རིམ། རྒྱུན་ཆད་མེད་པའི་བརྙན་མིག་རིང་མོ་ལྟ་བུའི་ཆར་པ་དང་འདམ་མྱགས་དང་གད་སྙིགས་ཀྱི་ཞིབ་འབྲི་སོགས་ཡིན་པས། དབྱིན་ཡིག་ལོ་ཙཱ་བས་ཀྱང་“དལ་གྱིས་ནུར་བའི་དོན་བརྗོད་ཀྱི་མེ་མུར་དང་ནག་ལ་ཆེ་བའི་ལྕགས་ཡིག་གི་གཙང་པོ་”ཡི་དཔེ་རུ་བཀོད་ཡོད། བརྗོད་པ་སྤེལ་སྟངས་དེ་ནི་བར་མ་ཆད་པའི་འདུ་ཤེས་ཀྱི་འཕྲོ་རྒྱུན་དང་། ལས་དང་བྱ་བ་སྣ་ཚོགས་པའི་རྐྱ་འཐབ་པའི་ངང་ཚུལ། ད་དུང་འཇིག་རྟེན་རང་ངོས་ཀྱི་འབྱམས་ཡས་ཕྱོགས་གྲམ་གྱི་ངོ་བོ་སོགས་ཡིན་པར་སྙམ།
       དུས་མཐའ་ལྟ་བུ(apocalyptic)ཞེས་པས་བརྩམས་ཆོས་འདི་དག་ལ«དམ་པའི་གསུང་རབ»ལྟ་བུའི་བསྡུས་བརྗོད་དང་ལྡེམ་དགོངས་ཀྱི་ཁྱད་ཆོས་མངའ་བ་མཚོན་པས། ཁོང་གི་བརྩམས་ཆོས་དག་གི་མཚོན་བྱའང་སྤྱི་ཚོགས་བྱེ་བྲག་ཅིག་གི་ཉེས་དམིགས་ཙམ་མིན་པར་འཇིག་རྟེན་ཧྲིལ་པོ་དང་འགྲོ་བ་མི་སྤྱི་ཡོངས་མཚམས་ནས་མཚམས་མེད་པར་ཉམས་ཤིང་རྒུད་པའི་ཕྱོགས་སུ་འགྲོ་བའི་གོ་རིམ་ཁྲོད་ཀྱི་ངལ་དུབ་དང་སྡུག་བསྔལ་ཡིན་པ་རེད། གལ་སྲིད་ཁབ་ཁཱ་ཡིས་འཚོལ་བཞིན་པ་ནི་སྙིང་པོ་བཙལ་ཡང་རྙེད་དུ་མེད་པའི་འཇིག་རྟེན་གྱི་སེམས་ཁྲལ་ཡིན་ཚེ། ཁེ་ར་ཟི་ན་ཧོར་ཁ་ཡེ་ཡིས་འབྲི་བཞིན་པ་ནི་སྙིང་པོ་བོར་བརླག་ཐེབས་རྗེས་ཀྱི་ཞིག་རོའི་ཀློང་གི་ངལ་དུབ་དང་ཅི་བྱ་གཏོལ་མེད་ཀྱི་ཕམ་ཉེས་ཡིན། ཆར་འདམ་དང་གད་སྙིགས་ཕུང་པོའི་ནང་དུ་རེ་བ་དང་སྟོང་འདང་གི་དབྱེ་བ་མི་ཤེས་ཤིང་བདེན་པ་དང་རྫུན་པ་ཡི་ངོ་བོ་མ་རྟོགས་པར་བསམ་བློ་རབ་རིབ་འཁྲལ་འཁྲུལ་མག་མོག་ངང་ལུས་ཤིང་། ལྐོག་ལྟ་དང་གཡོ་སྒྱུ་དང་འཕྲོག་བཅོམ་གྱི་སྦྱོར་བ་རྩོམ་པར་རེམ་པའི་མི་རྣམས་ཀྱིས་འཁྲབ་ཀྱིན་པ་ནི་རེ་བ་ཡོད་ཡོད་འདྲ་ཡང་མཐར་ཐུག་སྟོང་བར་འགྱུར་བའི་ཞབས་བྲོ་ཞིག་སྟེ་སེ་ཐེན་ཞེས་བྱ་བའི་ཡེ་ཤུའི་ཆོས་ལུགས་ནང་གི་བདུད་རྒན་དེའི་ཞབས་བྲོ་ལས་གཞན་ཅི། བརྩམས་ཆོས་དེ་དག་ནི་ཏག་ཏག་རྩོམ་པ་པོས་མིའི་རིགས་ཀྱི་གནས་སྟངས་དེ་མཐོང་བའི་སྐྱོ་གདུང་ལས་སྐྱེས་པའི་མཚམས་མེད་ཀྱི་ལྷུག་བརྗོད་འབའ་ཞིག་ཡིན་པ་རེད།

རྩོམ་ཁུངས། ༢༠༢༥ལོའི«སྦྲང་ཆར»དེབ་བཞི་པར་བཀོད་ཡོད། འཛམ་གླིང་རྩོམ་རིག་འཕྲིན་སྟེགས་ལས་བརྒྱུད་འགོད་བྱས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།