༄༅། །རྩོམ་རིག་ཅེས་པའི་བརྡ་ཆད་བོད་སྐད་ཡིག་ཏུ་འགྱུར་བའི་སྐོར།

རྩོམ་པ་པོ།:བསོད་ནམས་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-09-11 08:45:52 ཀློག་གྲངས།:
ནང་དོན་གནད་བསྡུས། རྩོམ་རིག་ཅེས་པའི་བརྡ་ཆད་འདི་ནི1954ལོའི་ཟླ9པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བོད་ཡིག་ཏུ་སྒྱུར་དུས་དེའི་དོན་ཚན་གོ་ལྔ་པར་བྱུང་བའི“文学”ཞེས་པའི་སྐད་དོད་དུ་སྤྱད་པ་བརྒྱུད་བོད་ཡིག་ཁྲོད་དུ་ཐོག་མར་བྱུང་། “文学”ཞེས་པར་དེའི་ཡར་སྔོན་དུ་མ་མཐའང་འགྱུར་མིང་གསུམ་འདུག་སྟེ། དང་པོ་ནི«ཀྲུང་གོའི་འབངས་སྲིད་གྲོས་ཚོགས་སྤྱི་མཉམ་གྱི་རྩ་ཚིག»(1950ལོ)ཅེས་པར་ཐོན་པའི“སྡེབ་སྦྱོར”ཞེས་པ་དེ་ཡིན་པ་དང་། གཉིས་པ་ནི«ཀྲུང་གོའི་མངའ་འབངས་སྲིད་སྐྱོང་གྲོས་མཐུན་ཀུན་ཁྱབ་ཀྱི་རྩ་ཚིག»(1950.01.10)ཅེས་པར་ཐོན་པའི“ཡིག་རྩོམ”ཞེས་པ་དེ་ཡིན་ལ། གསུམ་པ་ནི་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་པའི«ཐ་སྙད་གསར་བསྒྲིགས»དེབ་དང་པོའི(1954.05)ཁྲོད་ཀྱི“ཡིག་རིག”ཅེས་པ་དེའོ། །1954ལོའི་ཟླ9པར“文学”ཡི་འགྱུར་མིང་རྩོམ་རིག་ཅེས་པ་གསར་དུ་བྱུང་རྗེས། གོང་གི་འགྱུར་མིང་གསུམ་པོ་སྤྱོད་མཚམས་ཆད་ཅིང་ཁྱབ་གདལ་དུ་ཆེར་འགྲོ་མ་ཐུབ། རྩོམ་རིག་ཅེས་པ་ནི་ད་ལྟའི་བར་རྒྱུན་འབྱམས་སུ་སྤྱད་ནས་ཡོང་ཞིང་། དུས་སྐབས་གསར་པའི་བོད་ཀྱི་རིག་གནས་སྤྱིའི་ཁྲོད་དུའང་སྤྱོད་སྒོ་ཤིན་ཏུ་ཆེ་བའི་ཐ་སྙད་གལ་ཆེན་ཞིག་ཏུ་གྱུར་ཡོད། རྩོམ་རིག་ཅེས་པའི་གོ་དོན་དངོས་ནི་སྐད་དང་ཡི་གེས་བསྐྲུན་པའི་སྒྱུ་རྩལ་ཞེས་པ་ཡིན་ན་ཡང་། དེའི་མིང་གི་གྲུབ་ཆ་ལས་རིག་ཅེས་པར་བོད་རང་གི་ཐ་སྙད་གྲུབ་ལུགས་ལྟར་ན་རིག་པའི་དོན་ཞིག་ལྡན་པས། དེས་ནམ་རྒྱུན་བོད་ཡིག་ཁྲོད་དོན་ལོག་ཅི་རིགས་བསྐྲུན་པ་མ་ཟད། དེ་བོད་ཡིག་ཐ་སྙད་གཤའ་མ་གཞན་དང་སྡེབ་སྦྱོར་བྱེད་དུས་ཀྱང་གནད་དོན་འབྱུང་སྟེ། དཔེར་ན་དེའི་རིག་པ་ལ“རྩོམ་རིག་རིག་པ”ལྟ་བུ་ཟེར་ན་ཟློས་སྐྱོན་མངོན་སུམ་དུ་བྱུང་ཡོད་པ་ལྟ་བུའོ། །དེའི་ཕྱིར་རྩོམ་འདིར་རྩོམ་རིག་ཅེས་པའི་བསྒྱུར་གཞི“文学”ཞེས་པའི་གོ་དོན་སྔ་ཕྱི་ལ་ཞིབ་ཏུ་བརྟགས་ཤིང་། གཟུར་གནས་རྒན་རབས་མཁས་པས་བརྡ་ཆད་འདིའི་སྐོར་གནང་བའི་དཔྱད་གཏམ་རྨང་གཞིར་བྱས་ཏེ། རྩོམ་རིག་ཅེས་པའི་ཚབ་ཏུ་སྒྱུ་རྩལ་རྩོམ་རིགས་སམ། དེར་ཚིག་སྡུད་བརྒྱབ་སྟེ་སྒྱུ་རྩོམ་ཞེས་སྤྱོད་རུང་ཚུལ་དང་། འདམ་ང་ལྟ་བུར་རིག་རྩོམ་ཞེས་པ་ཡང་བཀོལ་ཆོག་ཚུལ་བཅས་ཅུང་ཞིབ་པར་བསྒྲུབས་ཡོད།
གནད་ཚིག རྩོམ་རིག །སྒྱུ་རྩོམ། རིག་རྩོམ།

       ཀྲུང་གོ་གསར་པ་བཙུགས་ཚུན་དུ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཡིག་ཆ་སོགས་བོད་ཡིག་ཏུ་བསྒྱུར་བ་དང་བསྟུན། རྩོམ་རིག་ཅེས་པའི་བརྡ་ཆད་འདི་རྒྱ་ཡིག“文学”ཞེས་པ་ལས་བོད་འགྱུར་བྱུང་། དེ་དང་དུས་མཚུངས་སུ་བོད་འབྲེལ་གྱི་མི་རིགས་སློབ་གྲྭ་ཁག་གིས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཅེས་པའི་ཆེད་ལས་ཀྱི་མིང་ཐོག་ནས་སློབ་ཕྲུག་རབས་མང་པོ་བསྡུས་ཤིང་བསྐྱངས་ནས་ཐོན་པས། རྩོམ་རིག་ཅེས་པའི་ཐ་སྙད་འདི་དེ་བས་ཀྱང་ས་ཁྱབ་རྡོ་ཁྱབ་བྱུང་ཞིང་ཤུགས་རྐྱེན་ཆེས་ཆེར་འཕེལ། ཡིན་ནའང་དུས་ད་ལྟ་གཟབ་ནན་གྱི་རིག་གཞུང་ཞིབ་འཇུག་གི་ངོས་ཐད་ནས་བལྟས་ཚེ། རྩོམ་རིག་ཅེས་པའི་ཐ་སྙད་འདི་བོད་ཡིག་ཏུ་སྒྱུར་དུས་མ་ཡིག文学ཞེས་པ་དང་བསྟུན་དྲགས་ཏེ་ཐད་བསྒྱུར་ཤ་སྟག་བྱས་སྟབས། བོད་སྐད་ཡིག་ཁྱབ་ཁོངས་ནས་སྐབས་མང་ཤས་སུ་དོན་ལོག་བསྐྲུན་པ་དང་། བོད་ཡིག་ཐ་སྙད་གཞན་དང་སྡེབ་སྦྱོར་བྱེད་མི་བདེ་བ་སོགས་ཀྱི་སྐྱོན་ཅི་རིགས་ལྡན་པ་མཐོང་བས། འདིར་རྩོམ་རིག་ཅེས་པའི་བརྡ་ཆད་དེ་བོད་ཡིག་ཏུ་ག་དུས་འགྱུར་བ་དང་། བརྡ་ཆད་འདིའི་གོ་དོན་དངོས། དེའི་འགྱུར་སྐྱོན་ལ་སྐྱོན་སེལ་ཇི་ལྟར་བྱ་ཚུལ་བཅས་སྐོར་ནས་དཔྱད་གླེང་ཅུང་ཟད་བགྱི་བར་འདོད།
དང་པོ། རྩོམ་རིག་ཅེས་པ་ནི་བོད་རང་གི་ཐ་སྙད་ཅིག་མིན།
       རྩོམ་རིག་ཅེས་པ་འདི་ད་ལྟའི་བོད་སྐད་ཡིག་ཁྲོད་ས་ཁྱབ་རྡོ་ཁྱབ་བྱུང་བའི་ཐ་སྙད་གལ་ཆེན་ཞིག་ཡིན་ཞིང་། དུས་ཕྱིས་སུ་བསྒྲིགས་པའི«བོད་རྒྱ་ཚིག་མཛོད་ཆེན་མོ»སོགས་སུའང་བསྡུས་ཡོད་སྟབས། སྐབས་འགར་འདི་ནི་བོད་རང་གི་ཐ་སྙད་རྣལ་མ་ཞིག་མིན་ནམ་སྙམ་ཡང་། དོན་གྱིས་དེ་ལྟར་མ་ཡིན་ཏེ། བོད་ཀྱི་སྔོན་བྱུང་གི་བརྡ་དག་བསྟན་བཅོས་དང་ཡིག་ཚང་ཀུན་དུ་ཐ་སྙད་འདི་བཙལ་དུ་མེད། བོད་ཀྱི་དུས་རབས་རིམ་བྱུང་གི་བརྡ་དག་གལ་ཆེན་དག་ལས་དཔེ་མཚོན་ཙམ་ཤེས་བྱེད་དུ་བཀོད་ན། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ(1059-1109)ཀྱིས་མཛད་པའི«དག་ཡིག་ཉེར་མཁོ་བསྡུས་པ»དང་། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ(1444-1529)ཡིས་མཛད་པའི«དག་ཡིག་ཟ་མ་ཏོག»(1514ལོར་མཛད།) སྐྱོགས་སྟོན་ངག་དབང་རིན་ཆེན་བཀྲ་ཤིས(1441-1527)ཀྱིས་མཛད་པའི«བརྡ་གསར་རྙིང་ལི་ཤིའི་གུར་ཁང་།» དཔལ་ཁང་ལོ་ཙཱ་བའི«དག་ཡིག་ངག་སྒྲོན།»(1538ལོར་མཛད།) ཅོ་ནེ་གྲགས་པ་བཤད་སྒྲུབ(1675-1748)[1]ཀྱིས་མཛད་པའི«དག་ཡིག་ཚིག་གསལ་སྒྲོན་མེ།» ལྕང་སྐྱ་རོལ་པའི་རྡོ་རྗེ(1717-1786)ཡིས་མཛད་པའི«དག་ཡིག་མཁས་པའི་འབྱུང་གནས»[2]སོགས་གང་ཡིན་རུང་དེ་དག་གི་ཁྲོད་དུ་རྩོམ་རིག་ཅེས་པའི་ཐ་སྙད་བྱུང་མེད། དེ་བཞིན་སྤྱི་ལོ1946ལོར་བརྩམས་ཤིང་། 1949ལོར་ཤིང་དཔར་དུ་བརྐོས་ལ། 1957ལོའི་ཟླ12པར་རྒྱ་ཡིག་ཏུའང་བསྒྱུར་ནས་ལྕགས་པར་དུ་བཏབ་པའི«དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ་བཞུགས་སོ»ཞེས་པའི་ནང་དུའང་ཐ་སྙད་འདི་མ་བྱུང་། དེ་ཡང་ཚིག་མཛོད་འདིའི་དཔེ་སྐྲུན་གསལ་བཤད་དུ“དག་ཡིག་འདིའི་ནང་དུ་ཆོས་དང་འཇིག་རྟེན། མངོན་བརྗོད་དང་ཁ་སྐད། བརྡ་གསར་རྙིང་སོགས་གང་ཅིའི་ཐ་སྙད་མང་དུ་བསྡུས་ཏེ་ཁྱོན་བསྡོམས་མིང་ཚིག་ཁྲི་ཕྲག་གཉིས་དང་དྲུག་སྟོང་ལྷག་ཙམ་ཡོད་པས་གཞན་ལས་ཆེས་རྒྱས་པ་ཡིན”ཞེས་དང་། “དག་ཡིག་འདི་ནི་དག་ཡིག་ཐམས་ཅད་ཀྱི་ནང་ནས་འཕྱི་ཤོས་ཡིན་གཤིས་འདི་ནང་སྔར་གྱི་མིང་ཚིག་མང་པོ་གཅིག་ཏུ་བསྡུས་ཡོད”[3]ཅེས་བསྟན་པ་ལྟར། གལ་སྲིད་རྩོམ་རིག་ཅེས་པ་བོད་རང་གི་ཐ་སྙད་གཤའ་མ་ཞིག་ཡིན་ཚེ་སྤྱིར་བཏང་འདིའི་ནང་དུ་འཐོན་འོས་ཀྱང་མི་སྣང་ངོ་། །
       དེ་ནས་བོད་ཀྱི་དུས་རབས་རིམ་བྱོན་གྱི་མཁས་པས་མཛད་པའི་བསྟན་བཅོས་བྱེ་བྲག་པར་རྩོམ་རིག་ཅེས་པའི་ཐ་སྙད་འདི་ཐོན་ཡོད་མེད་བརྟག་གལ་ཆེ་ཡང་། དེ་ནི་རྒྱ་མཚོ་ལས་ཁབ་མིག་འཚོལ་བའི་ལས་ལྟ་བུར་སོང་ཕྱིར་རྩོམ་འདིར་དེའི་སྐོར་རེ་ཞིག་གསལ་ཁ་མ་ཆོད་ཀྱང་། གནས་ཚུལ་གསལ་བཤད་བྱེད་ཐུབ་པ་གཞན་ཞིག་ཡོད་པ་ནི། མ་མཐའང་བོད་ཀྱི་བཀའ་བསྟན་འགྱུར་གཉིས་ཀྱི་ཁྲོད་ཐ་སྙད་འདི་མ་ཐོན[4]སྟབས། རྩོམ་རིག་ཅེས་པ་ནི་བོད་རང་གི་སྔར་ཡོད་ཐ་སྙད་ཅིག་མིན་ཞིང་དེ་ནི་བཅིངས་འགྲོལ་རྗེས་སུ་གསར་དུ་ཐོན་པ་ཞིག་ལ་ངོས་འཛིན་བྱ་ཆོག་སྟེ། འོག་ཏུ་དེའི་སྐོར་ཞིབ་ཏུ་གླེང་བར་བྱའོ། །
གཉིས་པ། རྩོམ་རིག་ཅེས་པའི་ཐ་སྙད་བོད་སྐད་ཡིག་ཏུ་བྱུང་བའི་ལོ་ཚིགས།
       དུས་སྐབས་གསར་པའི་ནང་བོད་ཡིག་ཏུ་མིང་གི་གཙོ་བོར“རྩོམ་རིག”བྱས་པའི་ཆེད་དེབ་དང་། བསླབ་དེབ། གཞུང་ལུགས་ཀྱི་དཔེ་དེབ་བཅས་མང་ཙམ་ཐོན་ཡོད་ཀྱང་། དེ་དག་ཕལ་མོ་ཆེར་རྩོམ་རིག་ཅེས་པའི་བརྡ་ཆད་འདིར་སྒྲ་བཤད་ཞིབ་ཚགས་གནང་མེད་ཅིང་། དེ་ག་དུས་བོད་ཡིག་ཏུ་བྱུང་བའི་ལོ་ཚིགས་གསལ་པོ་བཀོད་མེད། ཅུང་ཟད་གླེང་འདུག་པ་ནི་གཉིས་ཙམ་འདུག་སྟེ། རྡོ་རྗེ་རིན་ཆེན་གྱིས་བརྩམས་པའི«རྩོམ་རིག་གཞུང་ལུགས་གནད་བསྡུས»ཞེས་པར། “རྩོམ་རིག་ཅེས་པ་འདི་ནི་རང་རེའི་བོད་ལ་བཅིངས་བཀྲོལ་རྗེས་ནས་བྱུང་བའི་ཐ་སྙད་གསར་བ་ཞིག་ཡིན་ཞིང་། རྒྱའི་སྐད་ཀྱི་ཝུན་ཞུའེ(文学)ཞེས་པའི་མིང་དེ་ཐད་སྒྱུར་བྱས་ནས་བྱུང་བ་ཡིན་ཏེ། ཝུན་ཞེས་པ་རྩོམ་ཞེས་བསྒྱུར་བ་དང་ཞུའེ་ཞེས་པ་རིག་པ་ཞེས་བསྒྱུར་བས་རྩོམ་རིག་ཅེས་པའི་ཐ་སྙད་གྲུབ”[5]ཅེས་བསྟན་ཀྱང་ནམ་བྱུང་གི་ལོ་ཚིགས་གསལ་པོ་བཟོས་མེད། རེབ་གོང་དགེ་འདུན་རབ་གསལ་གྱིས་བརྩམས་པའི«བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང»ཞེས་པར། “བོད་སྐད་རང་ངོས་ནས་བསམས་ཚེ། རྩོམ་རིག་ཅེས་པ་འདི་བོད་སྐད་ཐོག་ཏུ་དུས་ཕྱིས་སུ་བྱུང་བའི་མིང་ཚིག་ཅིག་ཡིན་ཞེས་གླེང་བཞིན་ཡོད། འོན་ཀྱང་རྩོམ་དང་རིག་པ་གཉིས་བསྡུས་པ་ལས་བྱུང་བའི་མིང་དེ་གསར་དུ་བེད་སྤྱོད་བྱས་པ་ཙམ་ལས། བསྡུ་བྱའི་མིང་ཚིག་དེ་དག་སྔ་མོ་ནས་ཡོད”[6]ཅེས་པ་ལས་སྔར་བཞིན་ནམ་བྱུང་གི་ལོ་ཚིགས་བཀོད་མི་འདུག །
       ཞིབ་འཇུག་པའི་སྡེ་ནས་ཆེད་དུ་དཔྱད་རྩོམ་བྲིས་ཏེ་རྩོམ་རིག་ཅེས་པའི་ཐ་སྙད་བོད་ཡིག་ཏུ་བྱུང་བའི་ལོ་ཚིགས་ངོས་འཛིན་མཛད་མཁན་ཐོག་མ་ནི་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དགའ་བ་པ་སངས་ལགས་ཡིན་པར་སྣང་། ཁོང་གིས1995ལོར་སྤེལ་བའི་དཔྱད་རྩོམ་དུ། “ཁོ་བོར་སྔར་བྱུང་བོད་ཀྱི་ཚིག་མཛོད་ནང་ནས་རྩོམ་རིག་ཅེས་པའི་ཐ་སྙད་འདི་མཐོང་སྔ་ཤོས་ནི། སྤྱི་ལོ1975ལོར་བརྩམས་གྲུབ་པའི«རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད»(མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།)ནང་གི་རྒྱ་ཡིག文学ཞེས་པ་ལ་རྩོམ་རིག་ཅེས་དངོས་སུ་བསྒྱུར་ནས་ཡོད་པ་དེ་ཡིན་”ཞེས་ཁོང་གིས་སྤྱི་ལོ1946ནས1975བར་དུ་མ་ལེའི་གསུང་རྩོམ་སོགས་བོད་ཡིག་ཏུ་བསྒྱུར་བས་ན་དེ་ཚོའི་ནང་དུ“文学”ཞེས་པའི་ཐ་སྙད་བོད་ཡིག་ཏུ་བསྒྱུར་ངེས་པར་བཞེད་ཀྱིན་འདུག[7]དེ་ནས2012ལོར་པར་སྐྲུན་བྱས་པའི་ཁོང་གི་དཔྱད་རྩོམ་ཕྱོགས་སྒྲིག་གི་གླེང་གཞིའི་ནང་དུ་གོང་གི་ལྟ་ཚུལ་ལ་ཡོ་བསྲང་གསལ་བཤད་གནང་ཡོད་པ་མདོར་དྲིལ་ན། སྤྱི་ལོ1959ལོའི་ཟླ9པར་ཀྲུང་གུང་བོད་ལས་དོན་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་པུའུ་ནས་བསྒྲིགས་པའི«བོད་ཀྱི་གླུ་གཞས»ཞེས་པའི་དེབ་ཀྱི་གླེང་གཞིའི་ནང་“རྩོམ་རིག་”ཅེས་པ་ཐེངས་གཉིས་བཀོལ་ཡོད་པ་མཐོང་ཞེས་པ་དང་སྦྲགས། ཐ་སྙད་དེ་མཐོང་བའི་མ་ཡིག་དུམ་བུ་ཡང་མཉམ་དུ་བཀོད་འདུག །[8]འདི་ལས་རྒན་ཁོང་གིས་རྩོམ་རིག་ཅེས་པའི་ཐ་སྙད་བོད་ཡིག་ཏུ་འགྱུར་བའི་ལོ་ནི1959ལོར་ངོས་འཛིན་གནང་ཡོད་པ་ཤེས་ཐུབ།
       རྩོམ་རིག་ཅེས་པའི་ཐ་སྙད་འདི་བོད་སྐད་ཡིག་ཏུ་ག་དུས་བྱུང་བ་དང་། དེ་ཐོན་པའི་བོད་ཡིག་གི་ཡིག་ཆ་ཐོག་མ་གང་ཡིན་སྐོར་གུས་པས་ཀྱང་ཡུན་རིང་པོར་དོ་སྣང་བགྱིས་ཁུལ་བྱས། ཉེ་ཆར་གུས་པས་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར་པར་སྐྲུན་བྱས་པའི་ཡིག་ཆ་རྙིང་པ་སྐོར་ཅིག་བཙལ་བཀླགས་བྱུང་བ་དེ་དག་ཏུ“རྩོམ་རིག”སོགས་ཀྱི་བྱུང་དུས་ཅུང་གསལ། དེའི་ཁྲོད་དུ་རྒྱ་བོད་ཤན་སྦྱར་ཅན་གྱི«ཐ་སྙད་གསར་བསྒྲིགས»(《漢藏新詞彙》)ཞེས་པ་ཞིག་ཡོད་ལ་དེའི་དེབ་དང་པོའི་པར་གཞི་ཐོག་མ་ནི1954ལོའི་ཟླ5པར་པར་སྐྲུན་བྱས་ཤིང་། དེའི་ནང“文学”བྱ་བ“ཡིག་རིག”ཅེས་པར་བསྒྱུར་འདུག[9] «ཐ་སྙད་གསར་བསྒྲིགས»དེབ་གཉིས་པ་ནི1955ལོའི་ཟླ4པར་བསྒྲིགས་ཏེ་ཟླ9པར་དངོས་སུ་པར་སྐྲུན་བྱས་ལ། དེའི་ཁྲོད“文学”བྱ་བ“རྩོམ་རིག”ཅེས་པར་བསྒྱུར་འདུག །[10] དེབ་ཕྱི་མ་འདིའི“རྩོམ་རིག”གི་རྗེས་སུ“(1)95”ཞེས་བཀོད་ཡོད་པ་དེ་ནི་ཐ་སྙད་འདི་གང་ནས་བསྒྱུར་པའི་ཁུངས་སྟོན་པ་ཡིན་ཞིང་། བསྒྲིག་ཚུལ་གསལ་བཤད་ཀྱི་ནང་དུ(1)ཞེས་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་མཚོན་ཞིང་། 95ཡིས་རྩ་ཁྲིམས་ཀྱི་དོན་ཚན95པ་ནས་བཤུས་པ་མཚོན་ཞེས་གསལ།[11] དེ་ནས་རྩ་ཁྲིམས་ཀྱི་ནང་དོན་དངོས་བཙལ་ན། རྩོམ་རིག་ཅེས་པ་ཐོག་མར་འབྱུང་ས་དོན་ཚན95པའི་ནང་དོན་ཆ་ཚང་ནི་འདི་ལྟ་སྟེ། “དོན་ཚན་གོ་ལྔ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྤྱི་འབངས་ཀྱི་ཚན་རིག་བརྟག་དཔྱད་དང་། རྩོམ་རིག་སྒྱུ་རྩལ་གསར་སྐྲུན། རིག་གནས་ཀྱི་བྱ་བ་གཞན་དག་བཅས་བྱེད་པའི་རང་དབང་ལ་སྲུང་སྐྱོབ་བྱེད་རྒྱུ། ཚན་རིག་དང་། སློབ་གསོ། རྩོམ་རིག སྒྱུ་རྩལ། རིག་གནས་ཀྱི་ལས་དོན་གཞན་དག་བཅས་ལ་འབད་པའི་སྤྱི་འབངས་ཀྱི་གསར་སྐྲུན་རང་བཞིན་གྱི་ལས་ཀ་ལ་རྒྱལ་ཁབ་ཀྱིས་བསྐུལ་མ་དང་རོགས་རམ་བྱེད་རྒྱུ།”[12]ཞེས་པའོ། །
       ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི1954ལོའི་ཟླ9པའི་ཚེས20ཉིན་ཏེ། སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་གཏན་འབེབས་བྱས་པ་དང་། བོད་འགྱུར་མ་ནི1954ལོའི་ཟླ10པའི་ནང་ཐོག་མར་བཏོན་པ་རེད། རྩ་ཁྲིམས་བཟོས་པ་ནས་བོད་འགྱུར་མ་པར་སྐྲུན་བྱས་པའི་དབར་ཉིན་བཅུ་གྲངས་ཀྱི་ཧེ་བག་མ་གཏོགས་མེད་ཕྱིར། “文学”ཞེས་པ་ཆེས་ཐོག་མར་“རྩོམ་རིག་”ཅེས་པར་བོད་འགྱུར་བྱུང་བའི་དུས་གཏན་ཁེལ་བ་ནི་གོང་གསལ་རྩ་ཁྲིམས་གཏན་འབེབས་བྱས་པའི1954ལོའི་ཟླ9པའི་ཚེས20ཉིན་ནམ། ཡང་ན་དེའི་རྗེས་ཀྱི་ཉིན་བཅུ་གྲངས་རིང་ཡིག་སྒྱུར་བྱས་ཡོད་པར་བརྩིས་ན། ཆེས་འཕྱིས་ཀྱང་ཟླ10པའི་འགོ་ཙམ་ལ་ངོས་འཛིན་བྱ་ཆོག་སྟེ། གང་ལྟར་ཟླ་འདིའི་ནང་འགྱུར་དེབ་དངོས་སུ་པར་སྐྲུན་བྱས་སོ། །དེའི་རྗེས་ནས་བྱུང་བའི་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་གང་ཡིན་རུང“文学”ཞེས་པའི་སྐད་དོད་ནི་གཏན་འཇགས་སུ“རྩོམ་རིག”ཅེས་པ་འཁོད་ཅིང་། དེ་ད་ལྟའི་བར་རྒྱུན་འབྱམས་སུ་བེད་སྤྱོད་བཏང་ནས་ཡོང་བ་རེད།
       འདིར་དམིགས་བསལ་གླེང་དགོས་པ་ཞིག་ཡོད་པ་ནི། “文学”ཞེས་པ་རྩོམ་རིག་ཅེས་པར་མ་བསྒྱུར་བའི་གོང་དུ་དེར་འགྱུར་མིང་གསུམ་འདུག་སྟེ། དེ་ལས་དང་པོ་ནི་ཀྲུང་ཡང་འབངས་གཞུང་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་ནས1950ལོར་བསྒྱུར་པའི(«ཀྲུང་གོའི་འབངས་སྲིད་གྲོས་ཚོགས་སྤྱི་མཉམ་གྱི་རྩ་ཚིག»《中国人民政治协商会议共同纲领》)ཅེས་པ་ལས་འབྱུང་། ཡིག་ཆ་འདི་ནི1949ལོའི་ཟླ9པའི་ཚེས29ཉིན་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་ལྷན་ཚོགས་ཐོག་གཏན་འབེབས་མཛད་པ་ཞིག་ཡིན་ཞིང་། སྐབས་ཐོག་དེར་རྒྱལ་ཁབ་ཀྱི་གནས་སྐབས་རྩ་ཁྲིམས་ལྟ་བུའི་ནུས་པ་ཐོན། དེར་པེ་ཅིན་གྱི་འགྱུར་ཞིག་དང་། མཚོ་སྔོན་གྱི་འགྱུར་ཞིག་བཅས་གཉིས་ཡོད་པ་ལས། པེ་ཅིན་གྱི་འགྱུར་ནི1950ལོར་བསྒྱུར་ཅེས་པ་ལས་ཟླ་ཚེས་གསལ་བཤད་གནང་མེད་ཅིང་། དེའི་མ་ཡིག་གི་དོན་ཚན་ཞེ་ལྔ་པར“文学艺术”ཞེས་ལན་གཉིས་བྱུང་བ་དེ་བོད་ཡིག་ཏུ“སྡེབ་སྦྱོར་གྱི་རྩལ”ཞེས་བསྒྱུར་ཚུལ་གསལ།[13] ཡིག་ཆ་དེར“文学艺术”[14]ཞེས་ཡི་གེ་བཞི་ཅན་ལས“文学”ཞེས་ཡི་གེ་གཉིས་ཅན་ཐོན་མི་འདུག་ཀྱང་། དབྱེ་ཞེབ་བྱས་ཚེ“文学”བྱ་བའི་སྐད་དོད་དངོས་ནི“སྡེབ་སྦྱོར”ཞེས་པ་ཡིན་པ་ཤེས་ཐུབ། གཉིས་པ་ནི་མཚོ་སྔོན་ཞིང་ཆེན་གྱི་འབངས་མིའི་སྲིད་གཞུང་ནས་བསྒྱུར་པའི«ཀྲུང་གོའི་མངའ་འབངས་སྲིད་སྐྱོང་གྲོས་མཐུན་ཀུན་ཁྱབ་ཀྱི་རྩ་ཚིག»(1950.01.10)ཅེས་པར་ཐོན་པའི་“ཡིག་རྩོམ་རི་མོ་སོགས”[15]ཞེས་པ་དེ་ཡིན། འདི་ཡང་སྤྱིར་ན“文学艺术”བྱ་བའི་འགྱུར་མིང་ལས“文学”ཁོ་ན་བསྒྱུར་པ་མིན་མོད། དབྱེ་ཞིབ་བྱས་ཚེ“文学”བྱ་བའི་སྐད་དོད་དངོས་ནི“ཡིག་རྩོམ”ཞེས་པ་ཡིན་པ་ཤེས་ཐུབ། གསུམ་པ་ནི“文学”ཞེས་པ“ཡིག་རིག”ཅེས་པར་བསྒྱུར་པ་སྟེ། ད་སྔ་ཁོ་བོས་མཐོང་བའི་ཐ་སྙད་འདི་བསྡུས་པའི་ཡིག་ཆ་སྔ་ཤོས་ནི་མི་རིགས་དཔེ་སྐྲུན་ཁང་གིས1954ལོའི་ཟླ5པར་པར་སྐྲུན་བྱས་པའི«ཐ་སྙད་གསར་བསྒྲིགས»དེབ་དང་པོ་ཞེས་པ་དེ་ཡིན། དེས་ན་འགྱུར་མིང་འདི་ཆེས་སྔ་ན1950ལོར“སྡེབ་སྦྱོར”ཞེས་པ་སོགས་བྱུང་བའི་རྗེས་ཙམ་དང་། ཆེས་འཕྱིས་ན1954ལོའི་ཟླ5པའི་ཡན་ཆོད་ཀྱི་བར་གང་རུང་ཞིག་ཏུ་བསྒྱུར་པ་ཡིན་དགོས་མོད། 1954ལོའི་ཟླ9པར་རྩོམ་རིག་ཅེས་པའི་འགྱུར་མིང་བྱུང་རྗེས་གོང་གི་འགྱུར་མིང་དག་སྤྱོད་སྒོ་ཆད་ཅིང་ཁྱབ་གདལ་དུ་སོང་མི་འདུག །དེའི་སྐོར་གཤམ་གསལ“文学”ཞེས་པ་བོད་འགྱུར་བྱུང་ལུགས་ཀྱི་རེའུ་མིག་ལས་ཤེས་ཐུབ་བོ། །
       གོང་གསལ་རེའུ་མིག་ལ་གསལ་བཤད་ཅུང་ཟད་བྱ་དགོས་ཡོད་པ་ནི། (1)རེའུ་མིག་ཨང་རིམ5པ་སྟེ1957ལོར་པར་སྐྲུན་བྱས་པའི«རྒྱ་བོད་ཐ་སྙད་གསར་བསྒྲིགས»དེབ་བཞི་པའི་ནང文学ཞེས་པ་ཐད་ཀར་བསྒྱུར་མེད་ཀྱང་། 文学艺术རྩོམ་རིག་སྒྱུ་རྩལ་ཞེས་པར་བསྒྱུར་ཡོད་པར་གཞིགས་ན་དེའི་སྒྱུར་སྟངས་ནི་རྩོམ་རིག་ཉིད་ཡིན་པ་ཤེས་ཐུབ། (2)རེའུ་མིག་ཨང་རིམ7པར་གསལ་བའི་ཚིག་མཛོད་ནི་རིག་གནས་གསར་བརྗེའི་སྐབས་སུ་བསྒྲིགས་སྟབས། འབྲེལ་སྒྲའི་ཕྲད་དག་ལས་གི་གཅིག་པོ་མ་གཏོགས་དོར་ཟིན་པས་ཚིག་མཛོད་ཀྱི་མིང་ནི་དེ་ལྟར་མངོན་ལ། སྒྱུར་སྟངས་ནི་སྔར་ཡོད་པ་རང་སོར་བཞག་པ་ཞིག་གོ །(3)རེའུ་མིག་འདིར་གསལ་བའི་དེབ་མིང་དང་ལས་ཁུངས་ཀྱི་མིང་དག་ནི་མ་ཡིག་ཏུ་ཇི་ལྟར་བྱུང་བ་དེ་ལྟར་སོར་བཞག་བྱས་པ་ལས་དེང་དུས་ཀྱི་འབྲི་ཚུལ་ལྟར་བྲིས་མེད།
       གཞན་ཡང་རེའུ་མིག་འདིར་མ་ཚུད་པའི་ཚིག་མཛོད་གཞན་དུ་རྩོམ་རིག་ཅེས་པའི་ཐ་སྙད་བསྡུས་ཡོད་པ་ཡང་གཉིས་འདུག་སྟེ། གཅིག་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས1980ལོའི་ཟླ6པར་པར་སྐྲུན་བྱས་པའི«བོད་རྒྱ་ཤན་སྦྱར་རྒྱུན་མཁོའི་ཚིག་མཛོད»ཅེས་པར། རྩོམ་རིག་ཅེས་པ文学ལ་བསྒྱུར་འདུག་པ་དང་། ཅིག་ཤོས་ནི«བོད་རྒྱ་ཚིག་མཛོད་ཆེན་མོ»རུ་ཡང་དེ་བཞིན་རྩོམ་རིག་སྔོན་དུ་བཀོད་དེ་སྐད་དོད་དུ文学ཞེས་པ་བཞག་འདུག འོ་ན་ཚུལ་འདིས་རྩོམ་རིག་ཅེས་པའི་ཐ་སྙད་བོད་ལ་སྔར་ནས་ཡོད་པ་གསལ་བཤད་བྱས་པ་མིན་ནམ་སྙམ་ན་དོན་དངོས་ཐོག་དེ་ལྟར་མིན་ཏེ། «བོད་རྒྱ་ཚིག་མཛོད་ཆེན་མོ»ནི་སྐུ་ཞབས་ཀྲང་དབྱི་སུན་གྱིས་གཙོ་སྐྱོང་འོག1978ལོར་སྔར་གྱི་ལས་འཕྲོ་བསྐྱངས་ནས་བསྐྱར་དུ་སྒྲིག་འགོ་བརྩམས་ཤིང་། 1979ལོར་ཚིག་མཛོད་འདིའི་བསམ་འཆར་ཞུ་བྱེད་མ་ཡིག་པར་དུ་བསྐྲུན། 1985ལོའི་ཟླ7པར་དངོས་སུ་པར་སྐྲུན་ཐེངས་དང་པོ་བྱས། 1993ལོའི་ཟླ8པར་བསྐྱར་སྒྲིག་དང་བསྟུན་ནས་ནོར་བཅོས་དང་ཐ་སྙད་ཉུང་ཤས་གསར་དུ་བསྣན་ཐོག ལོ་འདིའི་ཟླ12པར་ཡང་བསྐྱར་པར་དུ་བསྐྲུན་པ[16]སྟེ། ད་ལྟ་ང་ཚོས་སྤྱོད་བཞིན་པ་ནི་གཙོ་བོ་པར་གཞི་ཕྱི་མ་འདི་བསྐྱར་དཔར་བརྒྱབ་པ་དག་གོ །ཚིག་མཛོད་འདིའི་པར་གཞི་དང་པོ་དང་གཉིས་པ་གཉིས་ཀར་རྩོམ་རིག་ཅེས་པའི་ཐ་སྙད་བསྡུས་འདུག་ཀྱང་། དེ་ནི་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར«རྒྱ་བོད་ཐ་སྙད་གསར་བསྒྲིགས»སོགས་སུ་རྒྱ་ཡིག文学ཞེས་པ་བོད་ཡིག་ཏུ་རྩོམ་རིག་ཅེས་བསྒྱུར་ནས་གཏན་འཇགས་བྱུང་རྗེས། དེའི་རྗེས་སུ་བསྒྲིགས་པའི་བོད་རྒྱ་ཤན་སྦྱར་ཚིག་མཛོད་དང་དེ་བཞིན«བོད་རྒྱ་ཚིག་མཛོད་ཆེན་མོ»རུ་ཡང་རྩོམ་རིག་ཅེས་པ་ནང་དུ་བསྡུས་ཐོག དེའི་སྐད་དོད文学བྱ་བ་མཉམ་དུ་བཀོད་པ་ཙམ་ལས། རྩོམ་རིག་ཅེས་པ་མ་གཞི་ནས་བོད་རང་གི་ཐ་སྙད་ཡིན་པ་མཚོན་མི་ཐུབ་སྟེ། «བོད་རྒྱ་ཚིག་མཛོད་ཆེན་མོ»རྩོམ་སྒྲིག་བྱེད་སྐབས་ཀྱི་མ་ཕྱི་ལག་བྲིས་མ་སྣུམ་དཔར་ཅན་ཞིག་ཡོད་པ་དེའི་ཤོག་ངོས1778དུ“རྩོམ་པ”ཞེས་པའི་མིང་ཐོན[17]ཀྱང་། “རྩོམ་རིག”ཅེས་པ་མི་འདུག “རྩོམ་རིག”ཅེས་པའི་འགྱུར་མིང་ནི་ཚིག་མཛོད་འདི་དངོས་སུ་པར་སྐྲུན་བྱེད་དུས་ཏེ1985ལོར་སྔར«རྒྱ་བོད་ཐ་སྙད་གསར་བསྒྲིགས»སོགས་སུ་ཐོན་པ(1955ལོ)དེ་ལས“ནང་འདྲེན”བྱས་ཏེ་ཕྱིས་སུ་བོད་རྒྱ་ཤན་སྦྱར་ཅན་དུ་བཀོད་པ་ཡིན་ངེས།
       མདོར་ན། 1950ལོར་ཀྲུང་དབྱང་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་བསྒྱུར་ཅིང་དཔར་བཏབ་པའི«ཀྲུང་གོའི་འབངས་སྲིད་གྲོས་ཚོགས་སྤྱི་མཉམ་གྱི་རྩ་ཚིག»ཅེས་པའི་དོན་ཚན་ཞེ་ལྔ་པར་ཐོན་པའི་“སྡེབ་སྦྱོར་གྱི་རྩལ”(文学艺术)ཞེས་པའི་ཁྲོད་ཀྱི“སྡེབ་སྦྱོར”བྱ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་འབངས་མིའི་སྲིད་གཞུང་ནས་བསྒྱུར་པའི«ཀྲུང་གོའི་མངའ་འབངས་སྲིད་སྐྱོང་གྲོས་མཐུན་ཀུན་ཁྱབ་ཀྱི་རྩ་ཚིག»(1950.01.10)ཅེས་པར་ཐོན་པའི“ཡིག་རྩོམ་རི་མོ་སོགས”(文学艺术)ཞེས་པའི་ཁྲོད་ཀྱི“ཡིག་རྩོམ”བྱ་བ་ནི文学ཞེས་པའི་ཐོག་མའི་སྒྱུར་སྟངས་ཡིན་པ་དང་། དེའི་རྗེས་ཙམ་ནས1954ལོའི་ཟླ5པའི་བར“文学”ཞེས་པའི་འགྱུར་མིང་ལ་“ཡིག་རིག་”ཅེས་བྱ། 1954ལོའི་ཟླ9པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བོད་ཡིག་ཏུ་སྒྱུར་དུས། དེའི་དོན་ཚན་གོ་ལྔ་པར་འབྱུང་བའི“文学”ཞེས་པའི་སྐད་དོད་དུ“རྩོམ་རིག”ཅེས་སྤྱད་པ་ནས་བཟུང་། འགྱུར་མིང་འདི་གཏན་འཇགས་བྱུང་ནས་ད་ལྟ་ལ་ཐུག་གི་བར་དུ་ཏན་ཏན་མི་ལོ71(1954-2025)ཕྱིན་འདུག་གོ །
གསུམ་པ། རྩོམ་རིག་ཅེས་པའི་བརྡ་ཆད་ཀྱི་གོ་དོན་དང་། འགྱུར་སྐྱོན། སྐྱོན་སེལ་བྱ་ཐབས།
       རྩོམ་རིག་ཅེས་པའི་བརྡ་ཆད་ནི་རྒྱ་ཡིག文学ཞེས་པ་ལས་བསྒྱུར་ཡོང་བ་ཡིན་པས། སྔ་མར་འགྲེལ་བཤད་བྱ་དགོས་ན་ཐོག་མར文学ཞེས་པའི་གོ་དོན་ངེས་པར་རྟོགས་དགོས་ཡོད། དེ་ཡང་རྒྱ་ཡིག་གི文学ཞེས་པའི་ཐ་སྙད་ནི་རྒྱའི་ཁྲུན་ཆིའུ་ཀྲན་གོའི་སྐབས་ནས་བྱུང་ཡོད་ཀྱང་། དེ་ནི་གཏན་འཇགས་ཀྱི་ཐ་སྙད་ཅིག་མ་ཡིན་པར། གཙོ་ཆེར་ཡི་གེའམ་རྩོམ་ལ་གོ་བའིཞེས་པ་ལས་བསྐྱེད་པའི་མིང་སྦྲགས་མ(词组)ཞིག་རེད། «རྒྱ་ཡིག་ཚིག་མཛོད་ཆེན་མོ»རུ文学ཞེས་པར་གོ་དོན་དགུ་ཡོད་ཚུལ་བགྲངས་པ་ནི། 1.ཡིག་ཚང་ལ་མཁས་པ། 2.རུའུ་ལུགས་པའི་རིག་གཞུང་། 3.རུའུ་ལུགས་པ། 4.སློབ་གྲྭ ། 5.རྩོམ་རྩལ་དང་རྣམ་དཔྱོད། 6.ཁྲིམས་གཏུག་དང་འབྲེལ་བའི་ཡིག་ཆ། 7.སུང་རྒྱལ་རབས་སྐབས་ཀྱི་རིག་ཚན་བཞིའི་ཡ་གྱལ། 8.དཔོན་གནས་ཀྱི་མིང་། 9.སྐད་ཆར་བརྟེན་ནས་སྣང་བརྙན་བསྐྲུན་པ་ལས་དངོས་ཡོད་མཚོན་པའི་སྒྱུ་རྩལ་བཅས་སོ། །[18]
       གོང་བཀོད文学ཞེས་པའི་ཐ་སྙད་ཀྱི་གོ་དོན་དགུ་ལས1-8པ་ནི་སྲོལ་རྒྱུན་གྱི་གོ་དོན་ཡིན་པ་དང་། དེ་དག་ད་ལྟ་རྒྱ་ཆེར་སྤྱོད་བཞིན་པའི“རྩོམ་རིག”ཅེས་པ་དང་འབྲེལ་བ་གང་ཡང་མེད་ཕྱིར་རྩོམ་འདིའི་གླེང་བྱ་མིན། གོ་དོན9པ་ནི་རྒྱའི་རིག་གནས་པ་དག་གིས་ཉེ་རབས་སུ་དབྱིན་ཡིག་གི་ཐ་སྙདliteratureཞེས་པའི་བརྡ་དོན་གསར་པ་དེ文学ཞེས་པར་བསྒྱུར་པ་ལས་གསར་དུ་བྱུང་བ་ཞིག་རེད། དབྱིན་ཡིགliteratureཞེས་པ་སྤྱིར་བཏང་མིང་གཅིག་དོན་དུ་མར་འཇུག་པ་ཞིག་སྟེ། ཨོ་ཁི་སི་ཧྥོར་དྷི་དབྱིན་ཡིག་ཚིག་མཛོད(The Oxford English Dictionary)དུ་དེར་གོ་དོན་ལྔ་བཀོད་ཡོད་ཅིང་། བརྩམས་སྒྲུང་དང་། ཟློས་གར། སྙན་ངག་སོགས་ཀྱི་གསར་རྩོམ་ལ་གོ་བ་ནི་དེའི་ཁྲོད་ཀྱི་གཅིག་ཡིན་ཟེར།[19] དབྱིན་ཇིའི་ཆོས་སྤེལ་བ་ཇོ་སེ་ཧྥུ(艾约瑟,Joseph Edkins, 1823-1905)ཞུ་བས1857-1858ལོ་ཙམ་དུliteratureཡི་བརྡ་དོན་གསར་པ[20]文学ཞེས་པར་ཐོག་མར་བསྒྱུར་ཡོད་ཀྱང་། ཁོང་གི་ཕྱག་ལས་དེར་འབྲས་བུ་ཆེན་པོ་མ་སྨིན་ཏེ། 文学ཞེས་པའི་གོ་དོན་གསར་པ་དེ་དུས་ཁྱབ་གདལ་དུ་ཆེར་འགྲོ་མ་ཐུབ། གོ་དོན་གསར་པ་ལྡན་པའི文学ཞེས་པ་རྒྱའི་རིག་གནས་ཁྲོད་ས་ཁྱབ་རྡོ་ཁྱབ་བྱུང་བའམ། ཐ་སྙད་དེ་དོན་དུ་མར་འཇུག་པ་ཅན་ནས་མཐར་དོན་གཅིག་ཅན་དུ་འགྱུར་བར་ནུས་པ་འདོན་མཁན་གཙོ་བོ་ནི་ལིའང་ཆི་ཁྲའོ(梁启超,1873-1929)ཡིན་ཏེ། ཁོང་གིས1896-1907ལོའི་བར་གཙོ་སྐྱོང་བྱས་པའི་ཚགས་པར་གསུམ[21]དུ文学ཞེས་པ་ཁྱོན་ཐེངས451ཙམ་ལ་བྱུང་ཞིང་། 1902ལོ་ནས་གོ་དོན་གསར་པ་ལྟར་སྤྱོད་ཚད་སྲོལ་རྒྱུན་གོ་དོན་ནང་བཞིན་སྤྱོད་པ་ལས་བརྒལ་ནས། རིམ་བཞིན文学ཞེས་པ་དོན་གཅིག་ཁོ་ནར་འཇུག་པའི་ཐ་སྙད་དུ་གྱུར་པ་རེད།[22]
       འོ་ན་ནང་དོན་གསར་པ་སྟེ། སྐད་དང་ཡི་གེས་བསྐྲུན་པའི་སྒྱུ་རྩལ་ལ文学ཞེས་བརྗོད་པའི་ཐ་སྙད་འདི་ལ་གནད་དོན་ཅི་ཞིག་ཡོད་དམ་ཟེར་ན། ཀྲུང་གོའི་མཛེས་སྡུག་རིག་པའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲང་ཧྥ(张法)ལགས་ནི་འདིའི་སྐོར་ཞིབ་འཇུག་གནང་མཁན་གཙོ་བོ་ཞིག་ཡིན་པ་དང་། དཔྱད་འབྲས་ཕུན་སུམ་ཚོགས་པ་བདོག་པ་ལས་རྡོག་རྡོག་ཙམ་དྲངས་ན། “ཀྲུང་གོའི་རྩོམ་རིག་གི་སྤྱི་མིང་ནི་རྩོམ(文)ཞེས་པ་དེ་ཡིན། ཞེས་པ་རྒྱའི་ཡིག་ཚང་སྤྱི་ལ་གཞིགས་ན་གོ་དོན་གསུམ་ཡོད་དེ། མཛེས་པའི་ཕྱི་གཟུགས་དང་། ཡི་གེ །ཡི་གེའི་མཛེས་པ་བཅས་གསུམ་མོ། །文学ཞེས་པའི་མིང་སྦྲགས་མ་འདིའི་གོ་དོན་ནི་ཁུང་ཙེ་འཚོ་སྐབས་སུ་གོང་གི་གོ་དོན་གཉིས་པ་སྟེ་ཡི་གེ་ཞེས་པ་ལས་བསྐྱེད་པ་ཞིག་རེད། མིང་འདི་དང་ནུབ་ཕྱོགས་པའི་ཐ་སྙདliteratureཡི་གོ་དོན་ཞིབ་ཏུ་བསྡུར་ན། ཕྱི་མ་ནི་ནང་དོན(内容)དང་བརྡ་དོན(概念)གཉིས་ཆ་ནས་ཡི་གེའི་མཛེས་པའམ། སྐད་དང་ཡི་གེས་བསྐྲུན་པའི་སྒྱུ་རྩལ་བྱ་བར་གཏན་འཇགས་བྱུང་ཡོད། རྒྱ་ཡིག文学ཞེས་པ་ནང་དོན་གྱི་ཆ་ནས་ཧ་ལམ་སྐད་དང་ཡི་གེས་བསྐྲུན་པའི་སྒྱུ་རྩལ་ལ་གཏན་འཇགས་བྱུང་ཡང་། བརྡ་དོན་ནམ་ཚིག་ངོས་ཀྱི་བསྟན་དོན་ལྟར་ན་ཡི་གེའི་རིག་པའམ་རྩོམ་གྱི་རིག་པ་ཞེས་པར་གོ་ཡི་ཡོད”[23]ཅེས་དང་། “literatureཞེས་པ་ནུབ་ཕྱོགས་རིག་གནས་ཁྱབ་ཁོངས་སུ་སྐད་ཆས་གྲུབ་པའི་སྒྱུ་རྩལ་བརྩམས་ཆོས་ལ་གོ་སྟེ། རིག་པ་ཞེས་པའི་ནང་དོན་མེད། ཡིན་ནའང་དེའི་རྒྱ་ཡིག་སྐད་དོད文学ཞེས་པར་རང་སྟེང་དུ་རིག་པའི་དོན་ལྡན་པས་ན། 文学ཞེས་པའི་རིག་པ་ལ་ཅི་ཟེར་དགོས་སམ། གལ་སྲིད་རྩོམ་རིག་རིག་པ(文学学)ལྟ་བུ་ཟེར་ན་དེ་ནི་ཤིན་ཏུ་མི་ལེགས་པའི་ཐ་སྙད་ཅིག་རེད།……མདོར་ན། 文学ཞེས་པའི་ཐ་སྙད་འདིས་དེང་རབས་རྒྱའི་སྐད་ཡིག་ཁྲོད་བཟོས་པའི་སྙོག་དྲ་ནི་མི་ཉུང་བ་ཞིག་འདུག”[24]ཅེས་པའོ། །
       གོང་གི་དཔྱད་གཏམ་གཞིར་བྱས་ཤིང་། བོད་རང་གི་ཐ་སྙད་གྲུབ་ལུགས་ནས་བལྟས་ན文学ཞེས་པའི་འགྱུར་མིང་རྩོམ་རིག་ཅེས་པའི་གནད་དོན་ནི་ཤིན་ཏུ་མཐོང་སླ་སྟེ། དེ་སྔ་མ་དང་བསྟུན་དྲགས་ཏེ་ཚིག་གི་གོ་རིམ་ཙམ་ཡང་མ་བརྗེས་པར་ཐད་བསྒྱུར་བྱས་པས། དེས་བོད་སྐད་ཡིག་ཁྲོད་ནམ་རྒྱུན་རིག་པའི་དོན་ཞིག་དྲུད་ནས་ཡོང་གིན་ཡོད། བོད་རང་གི་ཐ་སྙད་སྒྲ་རིག་པ་དང་གསོ་བ་རིག་པ་སོགས་ལ་ཚིག་སྡུད་བརྒྱབ་སྟེ། སྒྲ་རིག་དང་གསོ་རིག་ལྟར་རྗོད་དུས་སྤྱིར་ནང་དོན་ལ་འགྱུར་བ་གང་ཡང་མི་འགྲོ་མོད། རྩོམ་རིག་ཅེས་པའི་མིང་མཐར་པ་ཞིག་སྦྱར་ཚེ་དེའི་བསྟན་དོན་ལ་འགྱུར་བ་བྱུང་སྟེ་རྩོམ་རིག་པ་བྱ་བ་ནི་“རྩོམ་རིག་”ལ་མཁས་པའི་གང་ཟག་ལ་གོ་ཡི་ཡོད། དེ་ལས་གཞན། རྩོམ་རིག་ཅེས་པ་སྐད་དང་ཡི་གེས་བསྐྲུན་པའི་སྒྱུ་རྩལ་ལ་གོ་བར་བྱས་ན། སྒྱུ་རྩལ་འདི་ལ་ཞིབ་འཇུག་གཏོང་བྱེད་ཀྱི་རིག་པར་ཅི་ཞིག་ཟེར་དགོས་མིན་གྱི་སྐོར་ནས། བོད་ཀྱི་ཐ་སྙད་གྲུབ་ལུགས་བཞིན། སྤྱིར་སྒྲ་ཚད་བཟོ་གསོ་སོགས་ལ་རིག་པ་སྦྱར་ཏེ་སྒྲ་རིག་པ་དང་། ཚད་མ་རིག་པ། བཟོ་རིག་པ་ལྟ་བུ་དང་། རིག་ཚན་གསར་པ་སྟེ། ལོ་རྒྱུས་དང་། སློབ་གསོ། དཔལ་འབྱོར། རྫས་འགྱུར་སོགས་ལ་ཡང་རིག་པ་སྦྱར་ཏེ། ལོ་རྒྱུས་རིག་པ་དང་། སློབ་གསོ་རིག་པ་ལྟར་སྦྱོར་དགོས་ཀྱང་། རྩོམ་རིག་ཅེས་པར་རིག་པ་སྦྱར་པའི་“རྩོམ་རིག་རིག་པ་”བྱ་བ་ནི་རྒྱ་ཡིག་གི“文学学”[25]ཞེས་པ་དང་འདྲ་བར། ཟློས་སྐྱོན་ཞིག་མངོན་གསལ་དུ་བྱུང་ཡོད།
       དེ་ནས་རྩོམ་རིག་ཅེས་པའི་བརྡ་ཆད་འདིའི་ཚབ་ཏུ་ཅི་ཞིག་སྤྱད་ན་ལེགས་ཚུལ་གྱི་སྐོར་གླེང་བར་བྱ་སྟེ། སྤྱིར་བཏང་གོང་བཤད་ལྟར། འདིའི་གོ་དོན་དངོས་ནི་སྐད་དང་ཡི་གེས་བསྐྲུན་པའི་སྒྱུ་རྩལ་ཞེས་པ་ཡིན་པ་ཤེས་ན། དེར་དམིགས་ཏེ་བརྡ་ཆད་འོས་འཚམ་ཞིག་གསར་བཟོ་བྱས་ཀྱང་སྤྱིར་དཀའ་ལས་ཆེན་པོ་མིན་ཡང། རང་བློ་དབང་བཙན་པར་བྱས་ཏེ་འོལ་ཚོད་དུ་བཟོས་ན། གཅིག་ཏུ་བརྡ་ཆད་གསར་པ་གང་དེ་ཁྱབ་གདལ་དུ་འགྲོ་དཀའ་བ་དང་། གཉིས་སུ་ཤེས་ལྡན་གཞན་གྱིས་ཀྱང་སོ་སོའི་འཁྱེར་སོ་ལྟར་བརྡ་གསར་གང་བྱུང་དུ་བཟོ་བར་དཔེ་ངན་བསྐྲུན་པ་ལས་མ་འདས་པས། འདིར་བརྡ་ཆད་ཅི་གདགས་སྐོར་ངེས་པར་བོད་ཀྱི་ཐ་སྙད་རིག་གནས་ལ་ནང་བྱན་ཆུབ་པའི་གཟུར་གནས་མཁས་པའི་གསུང་སྒྲོས་ལ་དོ་སྣང་བྱ་གལ་ཆེ། དེ་ལྟར་བརྟགས་པ་ན་ཏན་ཏན་མཁས་པ་གཉིས་ཀྱིས་འདིའི་སྐོར་ལ་དགོངས་ཚུལ་ཡག་པོ་བཏོན་གནང་འདུག་སྟེ། གཅིག་ནི་དོར་ཞི་རིན་པོ་ཆེས། “དེ་ཡང་རྩོམ་རིགས་དང་རྩོམ་རིག་ཅེས་རིག་ལ་ས་མཐའ་ཡོད་མེད་ཀྱི་འབྲི་ལུགས་གཉིས་ལས་སྔ་མ་ས་མཐའ་ཅན་ནི་རྩོམ་མ་ཡིན་པའི་དངོས་པོ་རྣམ་པར་བཅད་ཅིང་རྩོམ་གྱི་རིགས་སྤྱི་སྟོན་པར་བྱེད་པའི་སྒྲ་ཡིན་ལ། ཕྱི་མ་ས་མཐའ་མེད་པ་ནི། རྩོམ་གྱི་ཆོས་ཉིད་བློ་ཡུལ་དུ་སྣང་བའི་དོན་ནམ། རྩོམ་འབྲི་ཐབས་གཞུང་གི་དོན་ཡིན”[26]ཞེས་དང་། “རྩོམ་རིགས་ལ་ངོ་བོ་ཐ་དད་པ་གཉིས་ཡོད་པའི་དང་པོའི་ཁོངས་སུ་མཚན་ཉིད་ཀྱི་གཞུང་དང་། ལོ་རྒྱུས་དེབ་ཐེར། རྣམ་ཐར་རྟོགས་བརྗོད། ཆོས་ལུགས། ཆབ་སྲིད། ཆོས་ཉིད་རིག་པའི་སྐོར་གྱི་གཞུང་དང་། བརྟག་དཔྱད་གཏམ། གནས་ཚུལ་ངོ་སྤྲོད་ཀྱི་གསར་འགྱུར། ཁྲིམས་ཀྱི་བཅའ་ཡིག་དང་། ཆིངས་ཡིག །ཁྱབ་བསྒྲགས་དང་འཕྲིན་ལན། ཞུ་ཡིག་དང་སྲིད་ཇུས་ཀྱི་ཡིག་ཆ་སོགས་དང་། བེད་སྤྱོད་པ་གཙོ་བོར་བྱེད་པའི་ཡིག་ཆའི་སྐོར་རྣམས་ཡིན་ལ། གཉིས་པའི་ཁོངས་སུ་གཏོགས་པ་ནི། སྙན་ཚིག་དང་། ཟློས་གར། སྒྲུང་དང་། གཏམ་རྒྱུད་སོགས་ཀྱི་རྩོམ་རིགས་ཀྱི་སྐོར་ཏེ། འདིའི་རིགས་ལ་སྒྱུ་རྩལ་རྩོམ་རིགས་དང་། སྔ་མ་ལ་སྒྱུ་རྩལ་རྩོམ་རིགས་ཀྱི་ཁོངས་སུ་མི་གཏོགས་པའི་རྩོམ་རིགས་སུ་འདོད་དོ། །”[27]ཞེས་གསུངས་ཡོད། དཔྱད་གཏམ་འདི་ཐོན་ས«སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་བཤད་སྦྱར་རྩོམ་རིག་འཇུག་སྒོ»བྱ་བ་འདི་ནི། 1985ལོའི་དབྱར་ཁར། མཚོ་སྔོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་དུ་ལས་རིགས་སོ་སོ་ནས་ཕེབས་པའི་ཤེས་ལྡན་པ་མི་བརྒྱ་ཕྲག་བསྡུས་ནས་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་ཞིག་ཚུགས་པར། དོན་ཞི་རིན་པོ་ཆེ་དེའི་ཐོག་གདན་ཞུ་བྱས་པས་ཁྲིད་གཞིའི་ཚུལ་དུ་ལྗགས་རྩོམ་གནང་བ་ཞིག་རེད། དུས་ཀྱི་ཆ་ནས་འདི་ནི་ངེས་དོན་གྱི་བོད་ཀྱི་སྒྱུ་རྩོམ་གསར་པ་ཐོག་མར་དར་བའི་ལོ་རབས་བརྒྱད་ཅུའི་ནང་དུ་ཁེལ་བས་ལོ་རྒྱུས་ཀྱི་དོན་སྙིང་ལྡན། ནང་དོན་ཆ་ནས་འདིའི་ནང་དེ་དུས་རྒྱལ་ནང་དུ་གསར་དུ་བསྒྱུར་པའི་ཨ་མེ་རི་ཀའི་གཞུང་ལུགས་པ་གྲགས་ཅན་ཝེ་ལེ་ཁི(Rene Wellek)སོགས་ཀྱི«སྒྱུ་རྩོམ་གཞུང་ལུགས»ཞེས་པར་ཡང་ཟུར་ལྟ་བགྱིས་པས་གཞུང་དོན་གྱི་གཏིང་ཟབ། རྩོམ་སྟངས་ཐད་བོད་ཀྱི་སྔོན་བྱུང་རྩོམ་གཞུང་དང་གསར་དར་སྒྱུ་རྩོམ་གཞུང་ལུགས་ཟུང་འབྲེལ་བྱས་ཡོད་པས་གསར་རྙིང་རྒྱུན་མཐུད་ཀྱི་ཡོན་ཏན་འཛོམས་པ་བཅས་ཀྱི་ཁྱད་ཆོས་སྣ་མང་ཚང་བས། གཞུང་ལུགས་པའི་སྡེ་ནས་འདིར་དོ་སྣང་བགྱི་འོས་པ་ཞིག་རེད། འདིའི་ཁྲོད་ཀྱི་སྒྱུ་རྩལ་རྩོམ་རིགས(རིགས་ལ་ས་མཐའ་ཡོད་པ་ཅན་)ཞེས་པ་འདི་ནི་དབྱིན་ཡིགliteratureཞེས་པ་དང་། རྒྱ་ཡིག文学ཞེས་པའི་སྐད་དོད་ཡང་དག་པ་དེ་ཡིན་ལ། ཡང་བོད་ཡིག་ཐ་སྙད་གཞན་དང་སྡེབ་སྦྱོར་བྱ་བདེ་ཕྱིར་དེར“སྒྱུ་རྩོམ”ཞེས་ཚིག་སྡུད་བརྒྱབ་ཀྱང་ཆོག་སྟེ། དོར་ཞི་རིན་པོ་ཆེ་ཁོང་གིས་ཀྱང་དེ་ལྟར་བསྡུས་འདུག་གོ །[28]
       དགོངས་ཚུལ་གཉིས་པ་ནི་གོ་ཤུལ་གྲགས་པ་འབྱུང་གནས་ལགས་ཀྱིས་བཏོན་པ་ཞིག་སྟེ། “རིག་བྱེད་སྨྲ་བའི་གཏམ་རྒྱུད་དེ་ཉིད་ད་ལྟའི་ལྟ་བས་བལྟས་ཙ་ན། ལྷ་སྒྲུང་ཙམ་དུ་གྱུར་འདུག་ཀྱང་དོན་གྱིས་ད་ལྟའི་རྒྱུན་འབྱམས་སུ་སོང་བའི་རྩོམ་རིག་གི་དོན་སྙིང་ཡོད་པར་མ་ཟད། དེ་ཉིད་ལས་ཀྱང་ཚད་དང་ལྡན་པའི་གོ་དོན་ཡོད། དོན་དེའི་ཐོག་ནས་རིག་རྩོམ་ཞེས་པའི་བརྡ་ཆད་འདི་ལ་སྒྲུང་དང་གཏམ་རྒྱུད་ཀྱི་གོ་བ་ཡོད་པར་མ་ཟད། དེ་ལས་ནང་དོན་རྒྱ་ཆེ་རུ་སོང་ནས་ད་ལྟའི་རྩོམ་རིག་གི་ནང་དོན་ཡོངས་རྫོགས་གོ་ཐུབ་པའི་དགེ་མཚན་ཡོད། རིག་རྩོམ་ཞེས་པའི་བརྡ་ཆད་འདི་ལ་རིག(ཤེས་པ་དང་བློ)པས་མི་དྲན་དགུ་དྲན་དང་མི་བསམ་དགུ་བསམ་བྱུང་བ་རྣམས་ངག་ཐོག་ནས་བརྗོད་པ་དང་། ཡང་ན་ཡིག་ཐོག་ཏུ་ཕབ་པའི་སྒྲུང་དང་གཏམ་རྒྱུད་ཀྱི་གོ་དོན་རང་ངོས་ནས་ཤེས་ཐུབ། དེས་ན་རིག་རྩོམ་ཞེས་པའི་བརྡ་ཆད་དེ་བཀོལ་ན་ཅུང་ཟད་འབྲེལ་ཆགས་པ་དང་དོན་དངོས་ལ་འཚམ་པ་ཞིག་རེད་སེམས”[29]ཞེས་རྩོམ་རིག་ཅེས་པའི་ཚབ་ཏུ་རིག་རྩོམ་ཞེས་པ་བཀོལ་ན་དོན་ལ་གནས་ཚུལ་བརྗོད་ཡོད། དཔྱད་གཏམ་འདི་ལས“རིག་པས་མི་དྲན་དགུ་དྲན་དང་མི་བསམ་དགུ་བསམ་བྱུང་བ་རྣམས”ཞེས་པས་ནི་སྒྱུ་རྩལ་རྩོམ་རིགས་ཀྱི་གནད་འགག་ཅིག་ཟིན་ཡོད་དེ། སྒྱུ་རྩོམ་ནི་མ་གཞི་ནས་ཀུན་རྟོག་གི་རྩལ་རྫོགས་པའི་བརྩམས་ཆོས(imaginative writing)[30]ལ་བྱ་བ་ཡིན་པས། ཏན་ཏན“མི་དྲན་དགུ་དྲན་དང་མི་བསམ་དགུ་བསམ”བྱེད་པ་ནི་དེའི་ཁྱད་ཆོས་གཙོ་བོ་ཞིག་གོ །དེ་ལས་གཞན། རིག་རྩོམ་ཞེས་པའི་བརྡ་ཆད་འདིར་ད་དུང་ཁྱད་ཆོས་གཉིས་འདུག་སྟེ། གཅིག་ནི་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་ལ་སྒྱུ་རྩོམ་གྱི་རང་བཞིན(文学性)ཆེས་ཆེར་ལྡན་པ་དང་། ཐ་སྙད་དེ་བོད་ལ་སྔར་ནས་གྲགས་ཀྱང་ཟིན་པས། དེའི་མིང་ཟུར་དྲས་ནས་སྒྱུ་རྩོམ་གྱི་མིང་དུ་བཏགས་ན་དོན་ལ་གནས་པ་ཞིག་རེད། གཉིས་པ་ནི་རིག་རྩོམ་ཞེས་པའི་བརྡ་ཆད་འདིས་ནི་ཡི་གེའི་གོ་རིམ་བརྗེས་པ་ཙམ་གྱིས་རྩོམ་རིག་ཅེས་པས་ནམ་རྒྱུན་སྐྲུན་པར་བྱེད་པའི་སྙོག་དྲ་དག་ཚེགས་མེད་དུ་སེལ་འགྲོ་བས། ཐ་སྙད་གསར་པ་གཞན་རྐང་བཙུགས་ནས་བཟོ་བའི་ངལ་བ་བསྟེན་མི་དགོས་སོ། །
       དེ་ལྟར་གོང་བཤད་བརྡ་ཆད་གཉིས་ཀྱིས“རྩོམ་རིག”ཅེས་པའི་ཚབ་བགྱིས་ན། དོན་ལོག་ཅི་ཡང་མི་འབྱུང་བའི་ཐོག མིང་གཞན་དང་སྡེབ་སྦྱོར་ཡང་བྱ་བདེ། དེང་དུས་ཀྱི་སྒྱུ་རྩོམ་གཞུང་ལུགས་ལྟར་ན། སྒྱུ་རྩོམ་རིག་པ(文艺学)ཡི་ནང་དུ་སྒྱུ་རྩོམ་ལོ་རྒྱུས་དང་། སྒྱུ་རྩོམ་མཐའ་དཔྱོད།(文学批评)སྒྱུ་རྩོམ་གཞུང་ལུགས་བཅས་ཡན་ལག་གསུམ་འདུ་བ[31]ལྟར། སྒྱུ་རྩོམ་གྱི་བརྡ་ཆད་གལ་ཆེན་སྐོར་ཅིག་ནུབ་རྒྱ་བོད་གསུམ་སྐད་ཀྱིས་ཤན་སྦྱར་ལྟར་བཀོད་ན་གཤམ་གསལ།
       གོང་བཀོད་རེའུ་མིག་ལས། ཨང་རིམ་གསུམ་པའི་ཨུ་རུ་སུའི་སྐད་ཀྱི་བརྡ་ཆདЛитературоведениеཞེས་པ་ནི་ཨང་རིམ་གཉིས་པའི་འཇར་མན་སྐད་ཀྱི་བརྡ་ཆདliteraturwissenschaftཞེས་པ་ལས་བསྒྱུར་པ་ཞིག་ཡིན་ཞིང་། ཀྲུང་ཧྭ་མི་སེར་རྒྱལ་ཁབ་སྐབས་ཨུ་རུ་སུའི་སྐད་ལས་རྒྱ་ཡིག་ཏུ་འགྱུར། དེ་གཉིས་ཀྱི་ནང་དོན་ནི་སྒྱུ་རྩོམ་གྱི་ཚན་རིག(文学科学)ཅེས་པ་ཡིན་ཡང་། བརྡ་ཆད་དངོས་ཀྱི་མིང་དུ་ཉི་ཧོང་པས་སྔར་ནས་སྤྱོད་བཞིན་པའི“文艺”[32]ཞེས་པ་ནང་འདྲེན་བྱས་ཏེ་རྒྱ་ཡིག་ཏུ“文艺学”ཞེས་སུ་བཏགས། དབྱིན་ཡིགliterary criticismཞེས་པ་ཐད་བསྒྱུར་བྱས་ན་སྒྱུ་རྩོམ་མཐའ་དཔྱོད་ལྟ་བུའི་དོན་ལྡན་པ་དང་། དེ་དུས་ཕྱིས་དབྱིན་ཡིག་ཁྲོདliterary theory(文学理论)ཞེས་པར་འཕེལ་འགྱུར་བྱུང་། ཀྲུང་ཧྭ་མི་སེར་རྒྱལ་ཁབ་སྐབས་དེ་སྒྱུ་རྩོམ་སྤྱི་བཤད(文学概论)ཅེས་པའི་མིང་ཐོག་ནས་ནང་འདྲེན་བྱས་ཏེ་རྒྱུགས་ཆེ་བར་གྱུར། མདོར་ན་བརྡ་ཆད་འདི་དག་རྒྱའི་སྐད་ཡིག་ཁྲོད་གཏན་འཇགས་བྱུང་བའི་བརྒྱུད་རིམ་ཀྱག་ཀྱོག་ཆེ་ཞིང་རྒྱབ་ལྗོངས་ལ་སྙོག་དྲ་ཚ། དུས་ཀྱི་ཆ་ནས་ཆིང་རྒྱལ་རབས་དུས་མཇུག་ནས་ཀྲུང་ཧྭ་མི་སེར་རྒྱལ་ཁབ། དེ་ནས་ད་ལྟའི་བར་བརྒལ་ཡོད་པ་དང་། བརྡ་ཆད་སྤྱོད་སྟངས་དང་ངེས་ཚིག་འཇོག་སྟངས་ཐད་ཟམ་མ་ཆད་པར་འཕོ་འགྱུར་བྱུང་དང་འབྱུང་བཞིན་འདུག་པས་འདིར་ཞིབ་ཏུ་སྤྲོས་མ་བཏུབ་མོད།[33] བརྡ་ཆད་གལ་ཆེན་འགའ་བོད་ཡིག་ཏུ་མཚོན་སྟངས་སྐོར་གོང་དུ་ཞུས་པ་ལྟར་ལགས་ཤིང་འདི་ནི་ཞོར་དུ་གྲོས་འདེབས་སུ་ཕུལ་བ་ཞིག་ཀྱང་ཡིན་ནོ། །
བཞི་པ། བརྡ་ཆད་ཀྱི་གལ་ཆེན་རང་བཞིན་ལས་འཕྲོས་ཏེ་རྩོམ་རིག་ཅེས་པའི་ཐ་སྙད་ལ་ངེས་པར་འགྱུར་བཅོས་བྱ་དགོས་ཚུལ།
       དེ་ཡང་རྗེ་ས་པཎ་གྱི«མཁས་འཇུག»ཏུ། དངོས་པོ་རྣམས་ལ་མིང་དང་ཚིག་ཏུ་བཏགས་པ་རྒན་པོ་རྣམས་ཀྱིས་བརྗོད་འདོད་ཁོ་ནའི་དབང་གིས་སྦྱར་བ་ནི་བརྡ་ཡིན་ལ། ཕྱིས་དེའི་རྗེས་སུ་དཔྱོད་པ་ནི་ཐ་སྙད་ཅེས་བྱའོ[34]ཞེས་གསུངས་པ་བཞིན། རྩོམ་རིག་ཅེས་པ་དེང་དུས་བོད་སྐད་ཡིག་ཁྲོད་སྤྱིར་བཏང་གི་མིང་བརྡ་ཙམ་ལས་རིང་དུ་འགོངས་ཏེ། ཆེས་གལ་ཆེ་བའི་རིག་གནས་ཐ་སྙད་ཅིག་ཏུའང་གྲུབ་ཡོད་པས། འདིའི་གོ་དོན་དང་། འགྱུར་སྐྱོན། དེས་བོད་སྐད་ཡིག་ཁྲོད་བཟོས་པའི་དཀའ་སྙོག་བཅས་ལ་སྒོ་ཀུན་ནས་བརྟག་དཔྱད་བྱ་གལ་ཆེ། ལྷག་པར་བརྡ་ཆད་ཅེས་པ་ནི་ཤེས་བྱའི་རིགས་མི་འདྲ་བ་སོ་སོར་ཐུན་མིན་གྱི་སྦྱར་བའི་མིང་བརྡ[35]ལ་བྱ་བས། བརྡ་ཆད་ཅིག་ཡིན་ཕྱིན་དེས་སྐབས་བབ་ཀྱི་ཤེས་བྱ་གང་དེའི་ནང་དོན་ཡང་དག་ཏུ་མཚོན་ཡོད་མེད་དང་། སྐད་རིགས་གང་དེའི་ཁོར་ཡུག་ཏུ་འཕྲོད་མིན། སྐད་ཆའི་ཆོས་ཉིད་དང་ཡིག་སྲོལ་ལ་མཐུན་མིན་བཅས་ཐད་ནས་གཟབ་ནན་བླ་ལྷག་བྱ་དགོས། གཞན་ཡང“བརྡ་ཆད(术语)ཀྱི་གོ་དོན་ནི་དོན་ལོག་མི་འབྱུང་བའི་སྣ་གཅིག་ཅན་ཞིག་ཡིན་དགོས་ཤིང་། དེ་ངེས་པར་བརྡ་དོན(概念)དང་མཐུན་དགོས་ལ་བརྡ་དོན་འདི་ལས་གཞན་མཚོན་མི་རུང་བའི”[36]བླང་བྱ་ཡོད་ཅིང་། རིག་ཚན་གྱི་མ་ལག་འཐུས་ཚང་བ་ཞིག་གཟུག་ཐུབ་མིན་ཡང་ཐོག་མར་ཡང་དག་པའི་བརྡ་ཆད་ཀྱི་ཚོགས་པ་བསྐྲུན་ཡོད་མེད་ལ་རག་ལས་ཡོད། དེའི་ཕྱིར་རྩོམ་རིག་ཅེས་པ་བརྡ་ཆད་ཅིག་ཏུ་བརྩིས་ཏེ་ཞིབ་ཏུ་བརྟགས་ན། དེ་ལ་སྐྱོན་ཅི་རིགས་འབབ་ཚུལ་གོང་དུ་ཞུས་ཟིན་པ་ལྟར་དང་། བརྡ་ཆད་འདི་བོད་སྐད་ཡིག་ཁྲོད་བྱུང་ནས་མི་ལོ70ལྷག་འཁོར་ཞིང་རྒྱུན་འབྱམས་སུ་རྒྱ་ཆེར་སྤྱོད་ཀྱིན་ཡོད་ཀྱང་། རིག་གཞུང་པའི་སྡེ་ནས་དེར་ཡོད་འོས་པའི་མཐོང་ཆེན་མཛད་དེ་སྒྲ་བཤད་དང་འགྲེལ་བཤད་འཐུས་ཚང་བ་བསྐྱོན་མེད་ཕྱིར། ད་ནི་དེ་ལ་ངེས་པར་བརྟག་ཅིང་འགྱུར་བཅོས་བྱེད་པའི་དུས་སུ་བབས་སོ་སྙམ།
       ཡང་ཁ་ཅིག་གི་བསམ་པར། ཐ་སྙད་དེར་སྐྱོན་ཡོད་པ་བདེན་དུ་ཆུགས་ཀྱང་། དེ་བོད་སྐད་ཡིག་ཁྲོད་ཁྱབ་གདལ་ཆེན་པོ་བྱུང་ནས་ལོ་མང་སོང་ཟིན་པ་དང་། ནང་སྒོས་སུ་དེ་ནི་གཞུང་འབྲེལ་གྱི་ཡིག་ཆ་སོགས་སྒྱུར་དུས་ཀྱི་སྤྱོད་མིང་ཡིན་པས་རང་དགར་འགྱུར་བཅོས་བྱ་རུང་ངམ་སྙམ་ན། དེར་སྣང་དོགས་ཆེར་མཛད་མི་དགོས་ཏེ། 1955ལོར་རྩོམ་རིག་ཅེས་པ་བསྡུས་པའི་མིང་མཛོད་ཐོག་མ་སྟེ། རྒྱ་བོད་ཤན་སྦྱར་ཅན་གྱི«ཐ་སྙད་གསར་བསྒྲིགས»དེབ་གཉིས་པའི་བསྒྲིག་ཚུལ་གསལ་བཤད་དུ། “ཡིག་ཆ་དགུ་བོ་འདི་དག་བསྒྱུར་དུས་ཚོགས་ཆེན་གྱི་རྩོམ་སྒྱུར་མཁན་ཐུན་མོང་ནས་བརྟག་དཔྱད་ལན་མང་ཞུས་པས། རྗེས་སོར་མིང་བརྡ་གསར་པ་གཅིག་མཐུན་ཡོང་དགོས་པའི་རིགས་རྣམས་སྤྱིར་ན་འདི་ལ་བསྟུན་ན་ལེགས། ཡིན་ན་ཡང་འདིའི་ནང་རྒྱ་སྐད་ཇི་བཞིན་ཞིབ་ཆ་ར་འཕྲོད་ཐོན་དཀའ་བའི་དབང་གིས་མིང་གསར་བརྗོད་མི་བདེ་བ་དང་གོ་དོན་ཆ་ཙམ་འདྲ་བའི་སྒོ་ནས་འདོགས་པའང་འགའ་ཞིག་ཡོད་གཤིས། དཔྱོད་ལྡན་རྣམས་ནས་དེ་ལས་ལྷག་པའི་མིང་དང་དོན་ཐོབ་བོད་མི་དམངས་ལ་ཕན་པའི་བློ་གྲོས་གསར་པ་ཡོད་ན་སྐྱབས་འཇུག་འཚལ”[37]ཞེས་མིང་གསར་བརྗོད་མི་བདེ་བ་དང་གོ་དོན་ཇི་བཞིན་མ་ཐོན་པ་དག་ལ་དེ་ལས་ལྷག་པའི་བརྡ་ཆད་མིང་དོན་མཚུངས་པ་ཡོད་ན་དེར་བློ་གྲོས་གསར་པ་འདོན་རིགས་པར་གདམས་འདུག་གོ །
མཇུག་བསྡོམས།
       ད་ལྟའི་བོད་ཡིག་ཁྲོད་སྤྱོད་རྒྱ་ཤིན་ཏུ་ཆེ་བའི་རྩོམ་རིག་ཅེས་པ་ནི་བོད་རང་གི་ཐ་སྙད་ཅིག་མིན། འདི་ནི1954ལོའི་ཟླ9པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བོད་ཡིག་ཏུ་སྒྱུར་དུས་དེའི་དོན་ཚན་གོ་ལྔ་པར་བྱུང་བའི“文学”ཞེས་པའི་སྐད་དོད་དུ་སྤྱད་པ་བརྒྱུད་བོད་ཡིག་ཁྲོད་ཐོག་མར་བྱུང་། “文学”ཞེས་པར་དེའི་ཡར་སྔོན་དུ“སྡེབ་སྦྱོར”དང“ཡིག་རྩོམ”(1950ལོ།) “ཡིག་རིག”(1950-1954.5)བཅས་འགྱུར་མིང་གསུམ་འདུག །1954ལོའི་ཟླ9པར“文学”ཡི་འགྱུར་མིང་རྩོམ་རིག་ཅེས་པ་གསར་དུ་བྱུང་སྟེ་ཁྱབ་གདལ་ཆེས་ཆེར་བྱུང་བས། གོང་གི་འགྱུར་མིང་དག་སྤྱོད་མཚམས་ཆད། རྩོམ་རིག་ཅེས་པའི་གོ་དོན་དངོས་ནི་སྐད་དང་ཡི་གེས་བསྐྲུན་པའི་སྒྱུ་རྩལ་ཞེས་པ་ཡིན་ན་ཡང་། འདིའི་མིང་གི་གྲུབ་ཆ་ལས་རིག་ཅེས་པས་བོད་རང་གི་ཐ་སྙད་གྲུབ་ལུགས་ལྟར་ན་རིག་པའི་དོན་ཞིག་ཁྲིད་ནས་ཡོང་བས། རྣམ་ཀུན་དུ་བོད་ཡིག་ཁྲོད་དོན་ལོག་ཅི་རིགས་བསྐྲུན་པ་མ་ཟད། དེ་བོད་ཡིག་ཐ་སྙད་གཤའ་མ་གཞན་དང་སྡེབ་སྦྱོར་བྱེད་དུས་ཀྱང་གནད་དོན་འབྱུང་སླ་སྟེ། དཔེར་ན་དེའི་རིག་པ་ལ“རྩོམ་རིག་རིག་པ”ལྟ་བུ་ཟེར་ན་ཟློས་སྐྱོན་མངོན་སུམ་དུ་འབྱུང་ངོ་། །གནད་དེ་དག་ལ་དམིགས་ན། མཁས་དབང་དོར་ཞི་ལགས་ཀྱིས1985ལོར་འདིའི་སྐོར་དགོངས་འཆར་བཏོན་གནང་བ་ལྟར། རྩོམ་རིག་ཅེས་པའི་ཚབ་ཏུ“སྒྱུ་རྩལ་རྩོམ་རིགས”ཞེས་སྤྱོད་འོས་ཤིང་། དེར་ཚིག་སྡུད་བརྒྱབ་ན་སྒྱུ་རྩོམ་ཞེས་འབྲི་ཆོག །གཞན་འདམ་ང་ལྟ་བུར“རིག་རྩོམ”ཞེས་པ་ཡང་རྩོམ་རིག་ཅེས་པའི་ཚབ་ཏུ་སྤྱོད་རུང་སྟེ། བརྡ་ཆད་འདི་གཉིས་ཀྱིས་དབྱིན་ཡིགliteratureདང་། རྒྱ་ཡིག文学ཞེས་པའི་གོ་དོན་ཡང་དག་པར་སྟོན་ཐུབ་པས་མི་ཚད། བོད་ཀྱི་ཐ་སྙད་གཤའ་མ་གཞན་དང་སྡེབ་སྦྱོར་བྱེད་དུས་ཀྱང་དོན་ལོག་གང་ཡང་མི་སྐྲུན་ནོ། །
 
ལུངས་འདྲེན་དཔྱད་ཡིག
[1] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་འཁྲུངས་འདས་ལོ་ཚིགས་ལ་བཞེད་པ་མི་མཐུན་པ་ཡོད་ཀྱང་། འདིར་བཀོད་པ་ནི་ཀོ་ཞུལ་གྲགས་པ་འབྱུང་གནས་དང་རྒྱལ་བ་བློ་བཟང་མཁས་གྲུབ་གཉིས་ཀྱིས་བརྩམས་པའི«གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད»ཅེས་པ་གཞིར་བཟུང་བ་ཡིན། ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོ། ཤོག་ངོས485-486
[2] བརྡ་དག་འདི་དག་ནི་ཁྲོཾ་ཐར་འཇམ་བློ་ཡིས་གཙོ་སྒྲིག་མཛད་པའི«བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ»(སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ12པར་པར་སྐྲུན་བྱས།)ཞེས་པར་བསྡུས་ཡོད་ཅིང་། དཔེ་ཚོགས་སྤྱི་ལ་ཁྱོན་དེབ25ཡོད་པ་ལས། དེབ19ནས22ནི་དག་ཡིག་གི་སྐོར་ཡིན་པ་དང་། དེབ25པ་ནི་བརྡ་གསར་རྙིང་གི་སྐོར། དེ་བྱིངས་ནི་བརྡ་སྤྲོད་བསྟན་བཅོས་ཀྱི་སྐོར་བཅས་རེད།
[3] «དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ་བཞུགས་སོ། །»པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1957ལོ། དཔེ་སྐྲུན་ཁང་ནས་བརྗོད་པའི་གཏམ་ཞེས་པའི་ཤོག་ངོས2པར་གསལ།
[4] བཀའ་བསྟན་འགྱུར་གཉིས་ལས་བཀའ་འགྱུར་ལ་པོད108ཡོད་པ་དང་། བསྟན་འགྱུར་ལ་པོད218བཅས་ཁྱོན་བསྡོམས་པོད326ཡོད་ཕྱིར། སྤྱིར་བཏང་དེ་དག་གི་ཁྲོད་རྩོམ་རིག་ཅེས་པའི་ཐ་སྙད་ཡོད་མེད་འཚོལ་བ་ཡང་ལས་སླ་མོ་ཞིག་ག་ལ་ཡིན་མོད། ཆེས་དགའ་བར་འོས་པ་ཞིག་ནི། ལོ་འགའི་སྔོན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་ཁོང་ཅག་གིས2006ལོའི་ཟླ5པ་ནས2008ལོའི་ཟླ9པ་བར་དཔེ་བསྡུར་པར་སྐྲུན་བྱས་པའི་བཀའ་འགྱུར་ཆ་ཚང་དང་། 1994ལོའི་ཟླ6པ་ནས2005ལོའི་ཟླ5པ་བར་དཔེ་བསྡུར་པར་བསྐྲུན་བྱས་པའི་བསྟན་འགྱུར་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ་འགྲེམས་སྤེལ་བགྱིས་པ་དེར། འཚོལ་བཤེར་གྱི་བྱེད་ནུས་སྟོབས་ཅན་ཞིག་མངའ་ཞིང་། དེའི་མ་ལག་ཏུ་རང་ལ་མཁོ་བའི་མིང་ཚིག་གང་རུང་བླུགས་ན། གལ་སྲིད་མིང་ཚིག་དེ་དག་ཆོས་ཚན་ནམ་བསྟན་བཅོས་གང་རུང་དུ་བྱུང་ཡོད་ཚེ་སྐད་ཅིག་མར་བཙལ་ནས་རྙེད་ལ། བྱེ་བྲག་ཤོག་ངོས་ག་ཚོད་དང་ཐིག་ཕྲེང་གང་དུ་ཡོད་མེད་ཀྱང་འཆར་ཡོང་བ་དང་། ཧི་གཟིགས་སུ་ཇི་བཞིན་ངོ་བཤུས་ཀྱང་བརྒྱབ་ཆོག་པ་ཞིག་རེད། དེས་ན་མ་ལག་དེ་རུ་རྩོམ་རིག་ཅེས་པའི་ཐ་སྙད་འདི་མི་འདུག་གོ །
[5] རྡོ་རྗེ་རིན་ཆེན། «རྩོམ་རིག་གཞུང་ལུགས་གནད་བསྡུས།»པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1998ལོ། ཤོག་ངོས1
[6] རེབ་གོང་དགེ་འདུན་རབ་གསལ། «བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །»ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2003ལོ། ཤོག་ངོས6
[7] དགའ་བ་པ་སངས། «“རྩོམ་རིག”ཅེས་པ་དང་དེ་དང་རྩ་འབྲེལ་དུ་གྱུར་པའི་བོད་ཀྱི་ཐ་སྙད་འགའི་མིང་འདོགས་གྱི་དཔྱད་པ།» «བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ།»1995ལོའི་དེབ་གཉིས་པ།
[8] དགའ་བ་པ་སངས། «དགའ་བ་པ་སངས་ཀྱི་གཤིབ་བསྡུར་དཔྱད་རྩོམ་ཕྱོགས་སྒྲིག»པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2012ལོ། གླེང་གཞིའི་ཤོག་ངོས2པ་རུ་གསལ།
[9] མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་པ། «ཐ་སྙད་གསར་བསྒྲིགས།»དེབ་དང་པོ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1954ལོའི་ཟླ5པ། ཤོག་ངོས6
[10] མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་པ། «ཐ་སྙད་གསར་བསྒྲིགས།»དེབ་གཉིས་པ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1955ལོའི་ཟླ9པ། ཤོག་ངོས8
[11] མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་པ། «ཐ་སྙད་གསར་བསྒྲིགས།»དེབ་གཉིས་པ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1955ལོའི་ཟླ9པ། “དེབ་གཉིས་པ་འདིའི་བསྒྲིག་ཚུལ་ནི”ཞེས་པའི་ཤོག་ངོས1-6
[12] «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས།»པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1954ལོའི་ཟླ10པའི་ནང་ཐོག་མར་བཏོན། ཤོག་ངོས62-63འདིར་གསལ་བཤད་ཞུ་དགོས་པ་ཞིག་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་པར་གཞི་རིགས་བཞི་འདུག་སྟེ། སྔ་ཕྱིར1954ལོ་དང་། 1975ལོ། 1978ལོ། 1982ལོ་བཅས་ལ་གཏན་འབེབས་བྱས་པ་རེད། ད་ལྟ་སྤྱོད་བཞིན་པ་ནི1982ལོའི་རྩ་ཁྲིམས་ཡིན་པ་དང་། གོང་བཀོད་རྩོམ་རིག་ཅེས་པ་ནི1954ལོའི་རྩ་ཁྲིམས་ཀྱི་དོན་ཚན95པ་ལས་བསྒྱུར་ཡོང་བ་སྟེ། དེའི་མ་ཡིག་ཆ་ཚང་ནི་གཤམ་གསལ་ལྟར། 第九十五条中华人民共和国保障公民进行科学研究、文学艺术创作和其他文化活动的自由。国家对于从事科学、教育、文学、艺术和其他文化事业的公民的创造性工作,给以鼓励和帮助。
[13] ཀྲུང་ཡང་འབངས་གཞུང་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་ནས་བསྒྱུར་ཅིང་དཔར་དུ་བཀོད་པ། «༄༅། །ཀྲུང་གོའི་འབངས་སྲིད་གྲོས་ཚོགས་སྤྱི་མཉམ་གྱི་རྩ་ཚིག །»པེ་ཅིན། ཤོག་ངོས36-37
[14] “文学艺术”བྱ་བ་རྒྱ་ཡིག་ཏུ་ནམ་རྒྱུན“文艺”ཞེས་སྡུད་ཀྱིན་ཡོད། དེར་ནང་དོན་གསུམ་ཡོད་དེ། སྒྱུ་རྩོམ(文学)དང་སྒྱུ་རྩལ་གཉིས་ཀར་གོ་བ་དང་། སྒྱུ་རྩོམ་གཅིག་པོ་ལ་གོ་བ། 文艺ཞེས་པའི་ཐོག“学”བསྣན་ཏེ“文艺学”ཞེས་པས་སྒྱུ་རྩོམ་རིག་པ་སྟོན་པ་བཅས་གསུམ་མོ། །ཐ་སྙད་འདི་དེང་སང་བོད་ཡིག་ཏུ“རྩོམ་རིག་སྒྱུ་རྩལ”ཞེས་པར་བསྒྱུར་པ་མང་ཡང་། དེར་གོང་དུ་བཤད་པའི་གོ་དོན་གསུམ་ལྡན་ཚུལ་རྟོགས་མཁན་ཉུང་། 文学དང艺术མཉམ་དུ་སྦྱར་ཏེ་སྤྱོད་པ་འདི་ནི་རྒྱའི་རིག་གནས་ཁྱབ་ཁོངས་ཁོ་ནར་མངའ་བའི་ཐ་སྙད་སྤྱོད་སྟངས་དམིགས་བསལ་བ་ཞིག་ཡིན་པས་ཤེས་གལ་ཆེ་ན་ཡང་། འདིར་སྐབས་སུ་མ་བབས་པས་ཞིབ་ཏུ་མ་སྤྲོས་ལ། ཤེས་འདོད་དག་གིས་འོག་གི་དཔྱད་རྩོམ་ལས་ཤེས་པར་བྱ། 张法:《“文艺”一词的产生、流衍和意义》,《文艺研究》2012年第5期。
[15]
མཚོ་སྔོན་ཞིང་ཆེན་གྱི་འབངས་མིའི་སྲིད་གཞུང་ནས་བསྒྱུར་པ། «ཀྲུང་གོའི་མངའ་འབངས་སྲིད་སྐྱོང་གྲོས་མཐུན་ཀུན་ཁྱབ་ཀྱི་རྩ་ཚིག»ཟི་ལིང་། 1950ལོའི་ཟླ་དང་པོའི་ཚེས10 ཤོག་ངོས54
[16] «བོད་རྒྱ་ཚིག་མཛོད་ཆེན་མོ»རྩོམ་སྒྲིག་བྱས་པའི་བརྒྱུད་རིམ་ནི་ཚིག་མཛོད་འདིའི་འགོ་བརྗོད་དང་གླེང་གཞི་རུ་གསལ།
[17] སི་ཁྲོན་མི་རིགས་ཞིབ་འཇུག་གིས་བསྒྲིགས། «བོད་རྒྱ་ཚིག་མཛོད་ཆེན་མོའི་མ་ཕྱི་ཕྱག་བྲིས་མ།»པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2022ལོ། ཤོག་ངོས1778
[18] “文学”一词之九大义项:一、文章博学;二、儒家学说;三、儒生;四、学校;五、文才,才学;六、有关狱讼的文书、文件;七、南朝宋东观设置的四门学科之一;八、官名;九、以语言塑造形象来反映现实的艺术。见罗竹风主编:《汉语大词典》(第6册),上海:汉语大词典出版社,1990-1993年,第1543页。
[19] 蒋英豪:《十九、二十世纪之交“文学”一词的变化-并论汉语中“文学”现代词义的确立》,刘东主编:《中国学术》(总第二十六辑),北京:商务印书馆,2010年,第132页。
[20]
དབྱིན་ཡིག་ཐ་སྙདliteratureཞེས་པར་ཀུན་རྟོག་གིས་ཕྱུག་པའི་བརྩམས་ཆོས་ཞེས་པའམ། དེང་དུས་ལྟར་གྱི་སྒྱུ་རྩལ་གྱི་རྩོམ་ཞེས་པའི་བརྡ་དོན་གསར་པ་འདི་ནི་སྤྱི་ལོ1800རྗེས་ནས་རིམ་བཞིན་བྱུང་བ་ཞིག་རེད། 张法:《“文学”一词在现代汉语中的定型》,《文艺研究》2013年第9期,第28页。
[21]
ཚགས་པར་འདི་གསུམ་ནི་ཆིང་རྒྱལ་རབས་དུས་མཇུག་ཏུ་རིག་གནས་གསར་པ་དང་བསམ་བློ་གསར་པ་སྒྲོག་ས་གཙོ་བོ་ཞིག་ཡིན་ལ། དེ་གསུམ་གྱི་རྒྱ་ཡིག་གི་མིང་ནི《时务报》《清议报》《新民丛报》བཅས་ཟེར།
[22] 蒋英豪:《十九、二十世纪之交“文学”一词的变化-并论汉语中“文学”现代词义的确立》,刘东主编:《中国学术》(总第二十六辑),北京:商务印书馆,2010年,第147页。
[23] 张法:《“文学”一词在现代汉语中的定型》,《文艺研究》2013年第9期,第28-29页。
[24] 张法:《“文学”一词在现代汉语中的定型》,《文艺研究》2013年第9期,第34-35页。
[25]
རྒྱ་ཡིག་ཏུ“文学学”ཞེས་པ་ལྟར་སྤྱོད་མ་བདེ་བས། “文艺学”ཞེས་པའི་བརྡ་ཆད་འདི་སྤྱད་མོད། “文艺”ཞེས་པར་ནང་དོན་གསུམ་དང་ལྡན་ཕྱིར། དེར་ཡང་སྐྱོན་ཅི་རིགས་འབབ་པའི་སྐོར་འོག་གི་དཔྱད་རྩོམ་སོགས་སུ་གསལ། 张法:《“文艺”一词的产生、流衍和意义》,《文艺研究》2012年第5期。
[26][27][28]
དོར་ཞི་གདོང་དྲུག་སྙེམས་བློ། «སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས།»པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས9. 13. 20-21
[29] གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་བརྩམས། «རྩོམ་ལུས་ཞིབ་འཇུག་དབྱངས་ཅན་ཞལ་ལུང་།»པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས2-3
[30] [美]雷蒙·威廉斯,著.刘建基,译:《关键词—文化与社会的词汇》,北京:生活·读书·新知三联书店,2016年,第319页。
[31] 童庆炳主编:《文学概论》(2006年版),北京:北京大学出版社,2007年,导论:第1页。
[32]
ཉི་ཧོང་སྐད་ཡིག་ཏུ་ཆོས་ཅན་བརྗོད་པའི་མིང་དང་། བྱ་ཚིག ཁྱད་ཆོས་བརྗོད་པའི་མིང་བཅས་སུ་རྒྱ་ཡིག་སྤྱོད་པ་མང་། ཡིན་ནའང་ཡིག་གཟུགས་སྤྱོད་པ་ཙམ་ལས་སྐད་གཉིས་ཁྲོད་ཀྱི་ཀློག་སྟངས་མི་འདྲ། དཔེར་ན文艺ཞེས་པ་ཉི་ཧོང་སྐད་དུ་ཡིག་གཟུགས་འདི་ལྟར་སྤྱོད་ལ། ནང་དོན་ཡང་འདྲ་མོད། ཀློག་ཚུལ་ནི“bun gei”ཞེས་པ་ལྟར་ཡིན་ནོ། །
[33] ཞིབ་ཏུ་འོག་གི་དེབ་འདི་སོགས་བཀླག་པར་འཚལ། 张法:《文艺学·艺术学·美学:体系构架与关键语汇》,北京:人民出版社,2013年。
[34]
«ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ།»(སྟོད་ཆ།) ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992ལོ། ཤོག་ངོས332
[35] ཀྲང་དབྱི་སུན་གྱིས་གཙོ་སྒྲིག «བོད་རྒྱ་ཚིག་མཛོད་ཆེན་མོ།»(སྟོད་ཆ།) པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1993ལོའི་ཟླ12པའི་པར་གཞི1པོ། ཤོག་ངོས1483
[36] 曹文轩:《第二世界-对文学艺术的哲学解释》,北京:作家出版社,2003年,第9页。
[37]
མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་པ། «ཐ་སྙད་གསར་བསྒྲིགས།» དེབ་གཉིས་པ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1955ལོའི་ཟླ9པ། “དེབ་གཉིས་པ་འདིའི་བསྒྲིག་ཚུལ་ནི”ཞེས་པའི་ཤོག་ངོས5-6

བསོད་ནམས་རྒྱལ། 1982ལོར་སྐྱེས། མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་གི་མི། མི་རིགས་ལོ་རྒྱུས་ཆེད་ལས་ཀྱི་འབུམ་རམས་པ། ད་ལྟ་སི་ཁྲོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཡིན། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་ཀྱི་གནའ་རབས་ལོ་རྒྱུས་ཡིག་ཚང་དང་། བོད་ཀྱི་དེང་རབས་སྒྱུ་རྩོམ་སྐོར་ཡིན།

རྩོམ་ཁུངས། ༢༠༢༥ལོའི«ཀྲུང་གོའི་བོད་རིག་པ»དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།