སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ཁྲོད་ཀྱི་ཁྱིའི་སྣང་བརྙན་བཀོད་འབྲི་དང་དབྱེ་ཞིབ།

རྩོམ་པ་པོ།:དཔལ་ལྡན་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-10-14 08:35:57 ཀློག་གྲངས།:
ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་མི་ཚེའི་རྩོམ་བྲིའི་གོ་རིམ་ཁྲོད་དུ་གསར་རྩོམ་གྱི་རྒྱུན་བསྐྱངས་པའི་རྩོལ་བ་ལས་འཁྲུངས་པའི་གསར་རྩོམ་གྱི་གྲུབ་འབྲས་དང་། གྲུབ་འབྲས་དེ་དག་གི་ཁྲོད་ནས་དམིགས་བསལ་གྱིས་ཁྱིའི་སྐོར་ལ་བྲིས་པའི་སྒྲུང་གཏམ་དག་གི་རྩོམ་སྤེལ་གྱི་གོ་རིམ་ལོགས་སུ་བཀར་ཞིང་དེ་དག་ལ་དབྱེ་ཞིབ་དང་ངོས་འཛིན་གསར་དུ་བྱས་ནས། ཁོང་གིས་གསར་རྩོམ་མཛད་པའི་ཁྱིའི་སྐོར་གྱི་སྒྲུང་གཏམ་དེ་དག་གོང་བསྒྲིལ་ཏེ་ངོ་སྤྲོད་རགས་བསྡུས་བྱས་ཡོད་ཅིང་། མིག་སྔའི་བར་དུ་ཁོང་གིས་ཁྱིའི་སྐོར་ལ་བྲིས་པའི་སྒྲུང་གཏམ་ཁྱོན་བསྡོམས་པའི་བཅུ་བཞི་ཡོད་པར་རྩིས་ལེན་མཛད་ཅིང་། དེའི་ཁྲོད་དུ་བོར་བརླགས་སུ་གྱུར་བའི«ཁྱི་གུ་དམར་ལོ་དང་ཁོའི་ཁྱད་མཚར་གྱི་འགྲུལ་བཞུད»ཅེས་པའི་མ་རྩོམ་འཚོལ་སྡུད་ཀྱིས་ལག་སོན་བྱུང་བ་གཞིར་བྱས་ཁ་སྣོན་མཛད་ཡོད། ཁོང་གི་ཁྱིའི་སྐོར་ལ་བྲིས་པའི་སྒྲུང་གཏམ་ཆ་ཚང་བར་ལེགས་པར་བསྒྲིགས་པས། དེའི་སྐོར་ལ་ཞིབ་འཇུག་བྱེད་མཁན་ཡོང་ལ་སྟབས་བདེ་མི་དམན་པ་བསྐྲུན་ཡོད་དོ། །
བརྡ་ཆད་གཙོ་བོ། སྟག་འབུམ་རྒྱལ། ཁྱིའི་སྣང་བརྙན། བཀོད་འབྲི། དབྱེ་ཞིབ།

       བོད་ཀྱི་ཀློག་པ་པོ་གང་དང་སུ་ཞིག་ལ་མཚོན་ནའང་། སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་བག་ཆགས་ཟབ་མོ་ཡོད་པ་གདོན་མི་ཟ་ཞིང་། དེ་ལས་ཀྱང་ཁོང་གི་གསར་རྩོམ་གྱི་སྨྱུག་འོག་ལས་འཁྲུངས་པའི་ཁྱིའི་སྐོར་གྱི་སྒྲུང་གཏམ་ལ་མཉེས་པོ་ཡོད་པ་ནི་བོད་རྩོམ་གྱི་རྩོམ་སྟེགས་སུ་འཐུལ་བའི་རིག་གནས་ཀྱི་དྲི་ངད་ཡན་གར་བ་ཞིག་ཡིན། ང་ཚོས་པད་མ་ཚེ་བརྟན་གྱི་གློག་བརྙན་དང་སྒྲུང་གཏམ་ཁྲོད་ནས་གཡང་དཀར་ལུག་བརྗོད་བྱ་བྱས་ནས་བྲིས་པའི་བརྩམས་ཆོས་མང་དུ་མཐོང་ཐུབ་པ་དང་། ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་ཁྲོད་ནས་རོང་མ་འབྲོག་གི་རིག་གནས་ཀྱི་སྣང་ཚུལ་མཐོང་ཐུབ་པ་དང་། སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་གཏམ་ཁྲོད་ནས་ཞིང་གྲོང་གི་རིག་གནས་སྣང་ཚུལ་མང་དུ་བཀྲོལ་ཡོད་པ་བཞིན་རྩོམ་མཁན་ཞིག་ལ་མཚོན་ན། ཁོ་རང་འཚར་ལོངས་བྱུང་སའི་ཡུལ་དང་ཁོར་ཡུག་ནི་ཁོང་གི་གསར་རྩོམ་གྱི་འབྱུང་ཁུངས་དང་རིག་གནས་ཀྱི་བང་མཛོད་ལྟ་བུ་ཡིན་པས། དེ་ལ་བྱིས་དུས་ཀྱི་བག་ཆགས་དང་གཞོན་དུས་ཀྱི་ཕྱིར་དྲན། རྒས་དུས་ཀྱི་ཡུལ་གདུང་ཆགས་ངེས་པས། རྣམ་ཀུན་གསར་རྩོམ་གྱི་སྒུལ་ཤུགས་དང་ཀུན་རྟོག་གི་འཆར་སྒོ་བསྐྱེད་ས་ཡིན་ངེས། “ས་གནས་དང་ཕ་ཡུལ་གྱི་ཁྱད་ཆོས་ནི་རྩོམ་པ་པོའི་གསར་རྩོམ་གྱི་རང་གཤིས་དང་གདངས་དབྱངས་གྲུབ་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། རྣ་བྱང་དུ་སོང་ཡོད་པའི་སྐད་ཆ་དང་མིག་བྱང་དུ་སོང་ཡོད་པའི་ས་ཆའི་མཛེས་ལྗོངས་དག་གིས་བརྩེ་དུངས་གཏིང་ཟབ་ཏུ་གཏོང་རྒྱུར་བསམ་ཡུལ་ལས་འདས་པའི་ཕན་ནུས་ཐོན་ཐུབ།”ཅེས་པས། རྩོམ་པ་པོ་སྟག་འབུམ་རྒྱལ་ལ་མཚོན་ན། མཐོ་སྒང་གི་འབྲོག་ཕྱོགས་སུ་ནར་སོན་པའི་མི་ཚེའི་མྱོང་བ་ཕུན་ཚོགས་སུ་ཡོད་པས། རྩྭ་ཐང་དང་སྒོ་ཕྱུགས། སྒོ་ཁྱི་སོགས་ལ་རྒྱུས་མངའ་དང་བརྩེ་དུངས་གཞན་ལས་ལྷག་པ་ཡོད་ཕྱིན། ཁོང་གིས་རྩྭ་ཐང་གི་འབྲོག་རུའི་རིག་གནས་ལྟེ་བར་བསླངས་ནས་ཁྱིའི་སྐོར་གྱི་སྒྲུང་གཏམ་གསར་པ་སྣ་ཚོགས་བྲིས་པར་འཚོ་བའི་རིན་ཐང་དང་རིག་གནས་ཀྱི་རྟོགས་པ་བཅས་མཛེས་དཔྱོད་ཀྱི་འདུ་ཤེས་སླར་མཚོན་བགྱི་བའི་དོན་སྙིང་གིས་ཀུན་ནས་ཕྱུག་པས། གཤམ་ནས་ཁྱིའི་སྐོར་གྱི་སྒྲུང་གཏམ་བརྩམས་ཆོས་བྱེ་བྲག་ཏུ་ཕབ་ནས་དཔྱད་པ་བགྱི་ཁུལ་བྱའོ། །
གཅིག «སྒོ་ཁྱི»
       སྒྲུང་གཏམ་འདིའི་མགོ་འདི་ལྟར་བརྩམས་ཡོད་དེ། “ཉི་རྩེ་ས་ལ་ཕོག་མ་ཐག ཁྱི་རྒན་རྒྱ་བོ་ཕྱི་རོལ་གྱི་ན་ཁུག་ཏུ་གྱོལ་འགྲོས་བྱེད་པའི་མགོ་བརྩམས་བྱུང་།”ཞེས་དཀའ་ཚེགས་ཀྱི་རྣམ་པ་དང་འདས་སོང་གི་རྨ་ཁ་ལྷན་དུ་སྦྲེལ་ནས་ནན་གྱིས་གླེང་ཡོད། སྒྲུང་གཏམ་འདིར་གཙོ་བོ་ཁྱིམ་བདག་དང་སྒོ་ཁྱི་གཉིས་བར་དུ་བྱུང་བའི་སྐྱོ་གར་གྱི་གཏམ་རྒྱུད་ཅིག་བྲིས་ཡོད། སྒོ་ཁྱི་ནི་རང་གི་བདག་པོར་བློ་དཀར་སེམས་དཀར་གྱིས་སྲི་ཞུ་བསྒྲུབས་ཕོད་པ་དང་། རང་གི་བདག་པོར་མགོ་གཡོག་མགོ་བསྐོར་ཐེབས་པའི་དབང་ཆེན་དཔོན་པོ་དང་ངོ་ཆེན་སྤྲུལ་སྐུ་གཉིས་ལ་སེམས་ཁོང་ནས་སྡང་ཕོད་པ་དང་། རང་འགན་ཕྲག་ཏུ་ལེན་ཅི་ཐུབ་དང་རང་གི་བདག་པོའི་བུ་ཆུང་ལ་བརྩེ་བས་བསྐྱངས་ཐུབ་པའི་སེམས་ཅན་ཁྱད་པར་བ་ཞིག་ཡིན་པ་ལ། ཁྱིམ་བདག་ནི་སྒོ་ཁྱིའི་རང་གཤིས་དེ་དག་གི་ལྡོག་ཕྱོགས་ནས་ལངས་ཏེ་དབང་ཆེན་དཔོན་པོ་དང་ངོ་ཆེན་སྤྲུལ་སྐུ་གཉིས་ཀྱི་དབང་ཐང་དང་ངོ་སོ་སྲུང་ཅི་ཐུབ་དང་། སྲི་ཞུ་བསྒྲུབ་ཅི་ནུས་བྱས་པའི་མཐར་སྒོ་ཁྱིའི་རང་གཤིས་དག་ཀྱང་ཁྱིམ་བདག་བརྒྱུད་དེ་དབང་ཆེན་དཔོན་པོ་དང་ངོ་ཆེན་སྤྲུལ་སྐུ་གཉིས་ཀྱི་དབང་འོག་ནས་གཉའ་མི་སྒུར་དཔའ་མི་ཞུམ་ཐབས་མེད་ཀྱི་མཇུག་འབྲས་སྟེང་ནས་དཔོན་གནས་ལམ་ལུགས་འོག་གི་མི་གཤིས་འཁྱོག་སྒྱུར་གྱི་སྣང་ཚུལ་རྩལ་དུ་བཏོན་ནས་བྲིས་ཡོད།
       སྐྱོ་གར་དེ་ཡང་སྤྱིར་བཏང་གི་སྒོ་ཁྱི་ཞིག་བསད་པའི་སྐྱོ་གར་ཙམ་མ་ཡིན་པར་དེ་ནི“རང་མི་རང་གིས་བསད་པའམ་ཡང་ན་རང་ནོར་རང་གིས་བརླགས་པའི”སྐྱོ་གར་ཞིག་རེད། དེ་ནི་དབང་ཆེན་དཔོན་པོ་དང་སྤྲུལ་སྐུ་རྣམས་ཀྱི་མཐུ་འོག་ནས་དབང་མེད་ཉམ་ཆུང་དག་གི་བདེ་སྡུག་གི་ལས་དབང་དབྱངས་སུ་གྱེར་བའི་སྐྱོ་གར་ཞིག་རེད། དེ་ནི་དཔོན་གནས་ལམ་ལུགས་ཀྱི་དབང་འོག་ནས་ནམ་ཡང་སྤྱི་གཤིས་ཅན་གྱི་མི་མ་གཏོགས་རང་གཤིས་ཅན་གྱི་མི་དག་འཚོ་ཐབས་མེད་པའི་ལོ་རྒྱུས་ཀྱི་བདེན་པ་དཔང་དུ་བཞག་པའི་སྐྱོ་གར་ཞིག་རེད། རྩོམ་པ་པོས་སྒྲུང་གཏམ་གྱི་མཇུག་བསྡུ་དུས་འདི་ལྟར་བྲིས་ཡོད་དེ། “ཉི་མ་ནུབ་རིར་ཡོལ་བའི་སྐབས་སུ། ཕྱི་རོལ་གྱི་ཆུ་འགྲམ་དུ་ཁྱི་རོ་ཞིག་ལས་ཅི་ཡང་མཐོང་རྒྱུ་མ་མཆིས།”ཞེས་ཁྱི་རྒན་གྱིས་ཉི་ཤར་གྱི་རྩེ་ལ་ལས་མགོ་བརྩམས་ཤིང་ཉི་ནུབ་ཀྱི་ཀློང་ལ་ཚེ་སྲོག་གི་མཇུག་བསྡུས་པའི་སྣང་ཚུལ་དུས་ཚོད་ཀྱི་ངོས་སུ་མཐོ་རུ་བཏེགས་ནས་བསྟན་པ་ཡིས་ཚེ་སྲོག་གི་རིན་ཐང་མངོན་དུ་གསལ་བའི་དགེ་མཚན་ལྡན་སྙམ། སྐྱོ་གར་གྱི་མཇུག་འབྲས་ནི་སྒོ་ཁྱིའི་སྟེང་ལ་བབ་ནས་ཡོད་དེ། སྒོ་ཁྱི་གཞན་ཕན་གྱི་ཆེད་དུ་འཆི་ལམ་དུ་དེད་པའི་རྣམ་པ་ཉི་མ་འཆར་ནུབ་ལ་བརྒྱུས་ནས་དུས་ཀྱི་བར་སྟོང་ཆེ་རུ་བསྐྱེད་དེ་མཚོན་པར་བྱས་ཡོད། དེ་ལྟར།  སྒྲུང་གཏམ«སྒོ་ཁྱི»ལས་ཁྱི་རྒན་གསོད་མཁན་ནི་རྟ་རྒན་ཡིན།
གཉིས། «ཁྱི་རྒན།»
       སྒྲུང་གཏམ་འདིར་སྐྱ་བྷེ་དང་ཁྱི་རྒན་བར་གྱི་འགལ་ཟླའི་གཏམ་རྒྱུད་བྲིས་པ་བརྒྱུད་ནས། སྐྱ་བྷེ་ཡིས་འཚོ་གནས་འགོག་སྲུང་གི་ཆེད་དུ་ཁྱི་རྒན་གསོད་འདོད་ཀྱི་ཐབས་སྣ་ཚོགས་འཐེན་ཡང་མཐར་ལས་དབང་ངམ་སྟེས་དབང་གིས་ཁྱི་རྒན་གཡག་རྒན་གྱིས་རྭ་བར་ལྷུང་ནས་ཐག་བཅད་པའི་གནས་ཚུལ་བྲིས་ཡོད་ཅིང་། སྣང་ཚུལ་ཞིབ་འབྲི་འདི་ལ་པར་གཞི་གཉིས་འདུག་སྟེ། ཁོང་གི་ཁྱིའི་སྐོར་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས«ཁྱི་རྒན»ལས། “ཕ་རོལ་གྱི་གཡག་རྒན་རྭ་རིང་དེའི་གན་དུ་ནག་བོང་བོང་གི་དངོས་པོ་ཞིག་འདུག་ཅིང་བལྟས་ཚོད་དུ་ཁོའི་ཤུར་མ་ནག་པོའི་རས་ལྭ་དེ་བསྣར་ཡོད་པ་དང་མཚུངས། དལ་གྱིས་ཉེ་བར་བཏུད་ནས་ཞིབ་ལྟ་ཞིག་བྱས་པ་ན། དེ་ནི་ཁོའི་རས་ལྭ་མ་ཡིན་པར་ཁྱི་རྒན་ཞིག་གི་བེམ་པོ་ཡིན་འདུག མ་གཞི་ཁྱི་རྒན་གཡོ་སྒྱུ་ཅན་དེ་གཡག་རྒན་དེའི་རྭ་ཅོས་བཏུལ་ཚར་འདུག”ཅེས་དང་། «བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ»ལས། “ཕྱི་རོལ་གྱི་གཡག་རྒན་རྭ་རིང་བ་ཞིག་གི་གམ་དུ་ནག་ཡོར་ཡོར་གྱི་དངོས་པོ་ཞིག་འགྱེལ་འདུག ཉེ་སར་བཏུད་དེ་ཞིབ་ལྟ་བྱེད་དུས། མ་གཞི་ཁྱི་རྒན་མ་རུངས་པ་དེ་གཡག་རྒན་དེའི་རྭ་ཅོས་བཏུལ་ཚར་འདུག”ཅེས་པས། ཁྱི་རྒན་འཆི་སྟངས་ཀྱི་ཞིབ་འབྲི་རྣམ་པ་མི་འདྲ་བ་དེ་གཉིས་ལས་རྩོམ་མཁན་ཁོང་ནས་རྣམ་ཀུན་གསར་རྩོམ་ལ་ཞུ་དག་དང་བསྐྱར་བཅོས་རྒྱག་གིན་པའི་གསར་རྩོམ་གྱི་ལས་ཞིབ་ཚགས་སུ་ཡོད་པ་ཤེས་ཐུབ་པ་ཡིན། དེ་ལྟར། སྐྱ་བྷེ་ཡིས་ཁྱི་རོ་སྦས་འདོད་ཀྱི་ཐབས་གང་ཞིག་དེ་ལྟར་ལས་དབང་ངམ་སྟེས་དབང་གིས་ཐག་བཅད་པ་མ་ཟད། ཐ་ན་སྐྱ་བྷེ་དང་འབྲེལ་བའི་དོན་ཆེ་མ་ཆུང་གསུམ་གང་ཞིག་ཐམས་ཅད་མཐར་ཐུག་ལས་དབང་ངམ་སྟེས་དབང་ཞིག་དང་མ་འབྲེལ་བ་མེད་པའི་སྟེང་ནས། རྩོམ་རིག་དཔྱད་བརྗོད་པ་དང་ཀློག་མཁན་རེ་འགས“ལས་དབང་གིས་ཉམ་ཆུང་གི་མི་ལ་ཀུ་རེ་རྩེད་བཞིན་པའམ”ཡང་ན་ལས་དབང་གི་མདུན་དུ་མི་ནི་ནམ་ཡང་ཉམ་ཆུང་ནུས་མེད་ཅིག་ཡིན་པ་བསྟན་ཡོད་ཅེས་དཔྱད་པ་བཏང་བའང་རེ་འགའ་འདུག
       བོད་རྩོམ་དཔྱད་བརྗོད་པ་བདུད་ལྷ་རྒྱལ་ལགས་ནས། “«ཁྱི་རྒན»ཞེས་པའི་རྩོམ་འདི་ཀློག་སྤྲོ་བའི་བརྩམས་སྒྲུང་ཞིག་ཡིན། བརྩམས་སྒྲུང་གིས་ཁྱི་རྒན་ཞིག་གི་གཏམ་རྒྱུད་བརྒྱུད་ནས། མཚན་ཉིད་རིག་པའི་དོན་སྙིང་ཡོད་པའི་མི་ཚེའི་རང་བཞིན་ཞིག་གཅིག་འདྲིལ་བྱས་ཏེ་བསྟན་ཡོད།”ཅེས་དང་། “བརྩམས་སྒྲུང་གིས་འདི་ལྟར་དོན་མེད་ཁྱི་རོ་ཞིག་གི་གཏམ་རྒྱུད་སྣང་བརྙན་དང་གསོན་ཉམས་ཅན་གྱི་དངོས་འབྲིའི་རྩོམ་ཐབས་སྤྱད་དེ་བྲིས་པ་ལ་བརྟེན་ནས། མི་སྣའི་ནང་སེམས་ཀྱི་མྱོང་བ་སྟེ་དངངས་འཚབ་ཀྱི་རང་བཞིན་དེ་ཆེས་ཞིབ་ཚགས་རྣལ་མའི་སྒོ་ནས་མཚོན་པར་བྱས་ཡོད།”ཅེས་དཔྱད་པ་བཏང་ཡོད།
       དོན་ངོ་མར་སྐྱ་བྷེ་དང་ཁྱི་རྒན་གཉིས་ཀྱི་འགལ་ཟླ་ནི་འཚོ་གནས་ཉེན་སྲུང་གི་འགལ་ཟླ་ཡིན། སྐྱ་བྷེས་རང་གི་འཚོ་བ་དང་ཁེ་ཕན་གྱི་ཆེད་དུ་ཁྱི་རྒན་གསོད་པར་གྲ་སྒྲིག་དང་སྟ་གོན་ཇི་ལྟར་བསྒྲིགས་ནའང་བྱ་བ་ལམ་ལྷོང་མ་ཡོང་བའི་བར་གླགས་སུ་ཁྱི་རྒན་གཡག་རྒན་གྱིས་བསད་པའི་སྐྱོ་གར་བྱུང་བ་རེད། སྒྲུང་གཏམ«ཁྱི་རྒན»ལས་ཁྱི་རྒན་གསོད་མཁན་གཡག་རྒན་ཡིན།
གསུམ། «ཁྱི་གུ་དམར་ལོ་དང་ཁོའི་ཁྱད་མཚར་གྱི་འགྲུལ་བཞུད།»
       སྒྲུང་གཏམ་འདི་ལ་མཚོན་ན་རྩོམ་གྱི་མི་སྣ་ཨ་ནེ་འབོ་དང་ཁྱུ་གུ་དམར་ལོ་གཉིས་ཀྱི་ཐོག་མའི་མཉམ་འདྲིས་ཀྱི་འཚོ་བ་བྲིས་ཤིང་། བར་དུ་འཁྱམ་སྐྱོད་ཀྱི་གོ་རིམ་ཁྲོད་ནས་ཁ་བྲལ་དུ་སོང་བའི་གཏམ་རྒྱུད་བྲིས་པ་དང་། ཐ་མར་སླར་ཡང་ཕྲད་དུས་ཁྱི་གུ་དམར་ལོ་ལ་དེ་སྔའི་དེ་འདྲའི་བརྩེ་བ་མེད་འདྲའི་སྣང་ཚུལ་བྱུང་བར་བརྟག་དུས། ཁོ་རང་རབ་ཏུ་བྱུང་བའི་གནས་ཚུལ་རྒྱུས་ལོན་བྱུང་། དེ་ལྟར། ཁྱི་གུའི་བདག་མོ་ཨ་ནེ་འབོ་ཨ་ཁུ་རེའུ་རྫིའི་རྗེས་སུ་ལྡོམ་སོང་བས། ཁྱི་གུ་དམར་ལོ་རབ་ཏུ་བྱུང་བའི་ངེས་འབྱུང་གི་སྒོ་འཕར་དང་པོ་བྱས་པའི་རྣམ་པ་བཀོད་ཡོད།
       རྩོམ་འདི་འཕྲུལ་རྟོག་གི་རྣམ་པ་ཅུང་ཟད་སྤྱད་ནས་བྲིས་ཡོད་དེ། འདས་སོང་གི་བོད་ཀྱི་ལོ་རྒྱུས་སྣང་ཚུལ་དང་ཨ་རིའི་བཅའ་ཁྲིམས་ཀྱི་གནས་ཚུལ། ཆོས་ཀྱི་གྲུབ་མཐའ་སྣ་ཚོགས་དང་དེང་རབས་ཀྱི་སྒྲ་སྡུད་འཁོར་ལོ་སོགས་རྩོམ་གྱི་རྒྱུ་སྤུན་དུ་དྲངས་ཏེ་སྣ་མང་སྣེ་འཛིང་གི་ལམ་ནས་བྲིས་ཤིང་། མཇུག་མཐར་ཁྱུ་གུ་དམར་ལོ་བོར་ཟིན་པའི་སྐྱོ་གར་གྱི་སྟེང་ལ་ཕབ་ནས་སྒྲུང་གཏམ་མཇུག་བསྡུས་ཡོད། སྒྲུང་གཏམ་འདིའི་ཁ་བྱང་གི་ཁྲོད་དུ་ཁྱི་གུ་དམར་ལོ་ཞེས་བཏགས་པ་བཞིན་སྒྲུངགཏམ་གྱི་བརྗོད་གཞིའི་དམིགས་བསལ་གྱི་ཆ་དེའང་ཁྱི་གུ་དམར་ལོའི་ལས་དབང་གི་སྟེང་ན་ཡོད་དེ། ཁོང་གི་ཁྱིའི་སྐོར་གྱི་སྒྲུང་གཏམ་སྣ་ཚོགས་ཀྱི་ཁྲོད་ནས་ཁྱིའི་ལས་དབང་དང་དགའ་སྐྱོ། བདེ་སྡུག་བྲིས་པ་མང་དུ་ཡོད་ནའང་། ཁྱི་གུ་དམར་ལོ་བཞིན་རབ་ཏུ་བྱུང་བའི་གཏམ་རྒྱུད་བྲིས་པ་ནི་སྒྲུང་འདི་ཐོག་མ་ཡིན། ཁོས་སྒྲུང་དུ་ཁྱི་གུ་རབ་ཏུ་བྱུང་བའི་རྣམ་པ་འདི་ལྟར་བྲིས་ཡོད་དེ། “ང་ཡི་བདག་མོ་འཁྱམས་པོ་ཞིག་གི་རྗེས་ཉུལ་ནས་ལྡོམ་སོང་། ངས་ཕྱོགས་ཀུན་ལ་བཙལ་ཞིང་རྩད་གཅོད་བྱས་ཀྱང་མ་རྙེད། ད་ནས་བཟུང་ངས་ཁོ་མོ་དང་འབྲེལ་ཐག་བཅད་པ་ཡིན། ང་རང་ཡང་དངོས་གནས་འཁོར་བའི་ཆོས་ལ་ཡིད་རབ་ཏུ་ཆད་ཟིན་པས། ད་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་རི་ཁྲོད་ངེས་མེད་འགྲིམ་པའི་རྣལ་འབྱོར་བ་རྣམ་དག་ཅིག་བྱེད་རྒྱུ་ཡིན།”ཞེས་ཁྱི་གུ་རབ་ཏུ་བྱུང་བའི་གནས་ཚུལ་རྒྱུ་མཚན་དང་བཅས་ཏེ་བྲིས་ཡོད། ངོས་དེ་ནས་བརྟག་ན། འདོད་ཡོན་རྒྱུ་རུ་བྱས་པའི་མིའི་སེམས་ཁམས་ཀྱི་རྐྱེན་དུ་བྱས་པ་ཞིག་ཏུ་ཡོད་ཅིང་། ཁྱི་གུ་རབ་ཏུ་བྱུང་བའི་ངེས་འབྱུང་ནི་འཁོར་བའི་ཉེས་དམིགས་ཚོར་བའི་མཐོ་ཡངས་ཀྱི་སད་རྟོགས་ལྟ་བུ་མ་ཡིན་པར་ཁྱིམ་བདག་མ་ཨ་ནེ་འབོ་ཨ་ཁུ་རེའི་རྫིའི་རྗེས་སུ་ལྡོམ་སོང་ཞེས་པའི་ཕྲག་དོག་གི་སྟེང་ལ་བབ་ནས་ཡོད། དེ་ལྟར། སྒྲུང་གཏམ་འདི་ལའང་སྒྲུངགཏམ་གཞན་དག་ནང་བཞིན་འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མས་ཀུན་ནས་སྦག་པ་ཞིག་ཏུ་མཐོང་ཞིང་། དེ་ལྟ་བུའི་དྲི་མ་ནི་རྩོམ་པ་པོ་ཁོང་གི་སྒྲུང་གཏམ་གཞན་དག་གི་ཁྲོད་ན་མྱོང་རྒྱུ་ཡོད་པའི་མི་ཇུས་ཀྱི་དྲི་མའང་ཡིན་ནོ། །
བཞི། «ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག»
       སྒྲུང་གཏམ་འདིར། “ཁྱི་གསོད་ལས་འགུལ”དང“ཁྱི་མོ་དམར་མོའི་དོན་རྐྱེན”གཉིས་རྩོམ་གྱི་རྨང་གདན་བྱས་ཤིང་། དེ་དང་འབྲེལ་ཡོད་དཀོན་ཐོ་དང་དཀོན་ཐོའི་ཕ་རྒན་དང་ཁུ་བོ་འཇིགས་མེད། ཞང་བོ་བློ་རྒྱམ་སོགས་གཉེན་ཚན་དག་གི་བར་དུ་བྱུང་བའི་དོན་དག་མང་བོ་བྱུང་བ་ཞིབ་འབྲི་བྱས་པ་བརྒྱུད་དེ་འདས་ཟིན་པའི་ལོ་ཟླའི་གོད་ཆག་དང་མི་སེམས་ཀྱི་རྨ་ཁ། མི་གཤིས་རྨང་ནས་བོར་བའི་མི་གཤིས་ཀྱི་གས་ཆག་སོགས་མཚོན་པར་བྱས་ཡོད། རྩོམ་འདིའི་ནང་དུ་རྩོམ་པ་པོས་མི་སྣའི་ཁྲོད་དུ་ཕྱི་འོང་རིག་གནས་ཀྱི་མཚོན་བྱེད་དུ་བྱས་པའི་མི་སྣ་ཞིག་བཀོད་སྒྲིག་བྱས་ཡོད། དེ་ནི་རྩོམ་གྱི་མི་སྣ་བང་ཏ་ཧེ་རེད། དེ་བཞིན་ནང་གི་རིག་གནས་ཀྱི་མཚོན་བྱེད་དུ་གྱུར་བ་ཁྱི་མོ་དམར་མོ་རེད། ཁྱི་མོ་དམར་མོ་ནི་རྩོམ་གྱི་མི་སྣ་ཞང་བོ་བློ་རྒྱམ་ཚང་གི་སྒོ་ཁྱི་ཡིན་ལ་ཁོའི་ཨ་མའི་རྣམ་ཤེས་ཀྱང་རེད། ད་དུང་སྐྱེས་རི་ཨ་མྱེས་བ་ཡན་གྱི་སྒོ་ཁྱི་ཡང་རེད། འགན་ནུས་དེ་དག་གིས་རིག་གནས་ཀྱི་བག་ཆགས་ཟབ་པའི་མི་རིགས་ཤིག་གི་འདུ་ཤེས་དང་མཛེས་རྟོག་གི་བསམ་བློ་མཚོན་གྱི་ཡོད་ཅིང་། རིག་གནས་ཀྱི་ཟབ་ཡངས་དང་ལྕིད་ཤུགས་ཀྱང་མཚོན་གྱི་ཡོད། དེ་ལྟར། སྒྲུང་གཏམ་འདི་ལས་སྒོ་ཁྱིའི་ལས་དབང་སྣ་ཚོགས་བྲིས་ཤིང་། དེ་དག་ལས་ཀྱང་ཁྱི་མོ་དམར་མོའི་ལས་དབང་བྱེ་བྲག་ཏུ་བྲིས་པ་བརྒྱུད་ནས་བོད་མིའི་སྐྱེ་འཆི་དང་རྣམ་ཤེས། ཚེ་སྲོག་གི་ལྟ་གྲུབ་ཤུགས་སུ་བརྗོད་པར་བྱས་ཡོད། གཞན་ཡང་རྩོམ་གྱི་མི་སྣའི་ཁྲོད་དུ་ཕྱི་འོང་རིག་གནས་ཀྱི་མཚོན་བྱེད་དུ་བྱས་པའི་མི་སྣ་བཀོད་སྒྲིག་བྱས་པ་སྒྲུང་རིང«རྒུད»ཀྱི་ནང་གི་མི་སྣ་ཁེ་བ་མ་ནེ་ལྟ་བུའང་ཡོད། རྩོམ་པ་པོ་ཁོང་གིས་ཁྱིའི་སྒྲུང་གཏམ་བྲིས་པ་དག་ལས་ཆེས་ལེགས་འགྲུབ་བྱུང་བའང་འདི་ཡིན་པར་འདོད་དེ། སྒྲུང་གཏམ་འདི་ལ་སྐབས་ལྔ་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ། ཐེངས་དེའི་དཔྱད་འདེམས་ཚོགས་པའི་ཁྲོད་དུ་རྒྱ་ཡེ་བཀྲ་བྷོ་ལགས་ནས་དཔྱད་བརྗོད་འདི་ལྟར་གནང་ཡོད་དེ། “སྔོན་བྱུང་གི་དོན་དེ་དག་གིས་བདག་ཅག་ལ་འདས་ཟིན་པའི་ཟུག་རྔུ་དྲན་དུ་བཅུག་པར་མ་ཟད། ད་ལྟའི་རྨ་ཁའང་མཐོང་དུ་བཅུག ཁྱི་བསད་སྡེ་གཏོར་གྱི་དོན་དག་དེ་ཡིས་བདག་ཅག་ལ་ཆག་ཆེ་ཉམ་ང་ཞེས་པར་གོ་བ་གཏིང་ཟབ་མོ་ཞིག་ལོན་དུ་འཇུག”ཅེས་པ་དང་། རྨོག་རུ་དོན་གྲུབ་ཚེ་རིང་ལགས་ནས་ཀྱང་། “སྒྲུང་གཏམ་དེའི་ནང་དུ་རྩོམ་པ་པོས་དུས་ཚོད་ཀྱི་སྐུད་སྣེ་གཉིས་ལ་བརྟེན་ནས་གཏམ་རྒྱུད་ཀྱི་བྱུང་རིམ་རྒྱ་བསྐྱེད་དེ་བྲིས་ཡོད་པ་ནི། མཚོན་ཐབས་ཀྱི་བྱང་རྩལ་མངོན་པ་མ་ཡིན་པར། དོན་ལ་དེ་ནི་ངོ་བོ་འདྲ་ཡང་མངོན་སྟངས་མི་འདྲ་བའི་ལོ་རྒྱུས་ཀྱི་བསྐྱར་ཟློས་དང་། དེའི་གོ་རིམ་བརྒྱུད་ཅིང་ཡོད་པའི་མི་རྣམས་ཀྱི་དྲན་འཛིན་ངོས་ཀྱི་སྟོང་ཆ་དང་ཡང་ན་ཤེས་རིག་འོད་སྣང་གིས་མ་ཁེབས་པའི་མི་གཤིས་ཀྱི་མུན་ཁུང་སོགས་གཤིབ་སྡུར་སྒོས་ཡིད་ཚིམ་པ་ཞིག་འབྲི་ཐུབ་པའི་ཆེད་དུ་ཡིན་པ་འདྲ།”ཞེས་དཔྱད་བརྗོད་གནང་ཡོད། དེ་ལྟར། སྒྲུང་གཏམ«ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག»གི་ཁྲོད་ཀྱི་ཁྱི་མོ་དམར་མོ་གསོད་མཁན་ནི་སྤྱང་རྒན་ཡིན་པ་ཤུགས་སུ་བསྟན་ཡོད།
ལྔ། «ཧཱ་པ་གསོས་པའི་ཟིན་བྲིས།»
       སྒྲུང་གཏམ་འདི་ནི་སྤྱི་ཚོགས་ཀྱི་ལྗན་ལྗིན་དང་མིའི་འབྲེལ་བ་རྙོག་འཛིང་ཅན་དག་སྟོན་པའི་སྒྲུང་གཏམ་ཞིག་ཡིན། སྒྲུང་གཏམ་ལས་ང་རང་ཅུས་ཀྲང་གི་ལས་གནས་བཞེས་སྐབས་སུ་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་རྒན་གྲས་ཤིག་གི་ཧཱ་པ་ཡིས་ང་ཡིས་ལྷམ་ཕྱིས་པར་བརྟེན་ནས་ང་དང་ལས་གྲོགས་སུ་གྱུར་ཞིང་རིམ་གྱིས་ང་ཡིས་སྐུ་ཚབ་ཏུ་བསྐོས་ཤིང་། རྗེས་སུ་དྲུང་ཡིག་བུ་མོའི་ལྷམ་ཕྱིས་པར་བརྟེན་ནས་ཁོ་མོ་དང་གཉེན་སྒྲིག་པའི་ཆོ་ག་སྤེལ་ལ། དེའི་རྗེས་སུ་རྫོང་དཔོན་གྱི་ལྷམ་ཕྱིས་པ་ལ་བརྟེན་ནས་རྫོང་དཔོན་གྱི་ལག་གཡོག་ཏུ་ཚུད་པའི་མཐར་ང་ཡང་ལས་བྱེད་རྒན་པ་དེ་བཞིན་མཁོ་མེད་ཕངས་མེད་དུ་བསྐྱུར་བའི་གཏམ་རྒྱུད་བྲིས་པ་བརྒྱུད་དེ། མི་གཤིས་རྨང་ནས་བོར་བའི་ཧཱ་པ་དག་གི་ནག་ཉེས་སུན་འབྱིན་བྱས་པའི་ཞོར་དུ་དཔོན་སའི་ངན་སྐྱུགས་ཁྲོན་པ་ཕྱིར་བསློགས་དང་དཔོན་གནས་ཤོར་བའི་དཔོན་པོ་དག་གི་ནང་སེམས་ཀྱི་སྡུག་བསྔལ་མཚོན་པར་བྱས་ཡོད་ཅེས་བོད་ཀྱི་ཀློག་པ་པོ་དང་རྩོམ་རིག་དཔྱད་བརྗོད་པ་མང་དག་གིས་དེ་ལྟར་གླེང་བར་སྤྲོ་ཞིང་གོམས་པར་གྱུར་ཡོད།
       སྒྲུང་གཏམ་འདི་ལ་ཞིབ་ཏུ་བལྟས་ན། འདིའི་ནང་དུ་ཁྱི་གཉིས་ཀྱི་བསྡུར་བ་གཙོ་ཕལ་གྱི་རྣམ་པས་སྐུད་སྣེ་ངོས་གཉིས་སུ་བརྐྱངས་ནས་བྲིས་ཡོད་དེ། སྤྱི་ཚོགས་ཀྱི་ཁེ་ཕན་དང་མི་སྒེར་གྱི་འདོད་རྔམ་གྱི་ཉིན་ངོས་སུ་ཧཱ་པ་བྲིས་ཤིང་། འཁོས་ཞན་གཉོམ་སྐྱུང་གི་སྲིབ་ངོས་སུ་འབྲོག་ཁྱི་ཞིག་བྲིས་ཡོད། སྒྲུང་གི་མི་སྣ་ང་དང་ཧཱ་པ་གཉིས་ཐོག་དང་པོར་རྫོང་དཔོན་ཚང་ལ་འགྲོ་དུས་ཁོ་ཚང་གི་སྒོ་འགྲམ་ན་འབྲོག་ཁྱི་ཞིག་བཏགས་ནས་ཡོད། འབྲོག་ཁྱིས་ཟུག་འཐེན་གྱི་ཁྲོ་ངར་ལས་ཧཱ་པ་འདར་སུག་སུག་ཏུ་བཏང་པའི་སྣང་བརྙན་ཐུང་ངུ་ཞིག་རྩོམ་པ་པོས་ཆེད་དུ་སྒྲུང་གཏམ་གྱི་ཁྲོད་དུ་བཀོད་སྒྲིག་བྱས་ཡོད། སྒྲུང་གི་མི་སྣ་ང་དང་ཧྰ་པ་གཉིས་ཐེངས་གཉིས་པར་རྫོང་དཔོན་ཚང་ལ་འགྲོ་དུས་འབྲོག་ཁྱི་སྒོ་ན་མཐོང་རྒྱུ་མི་འདུག ནང་དུ་ཐོན་དུས་རྫོང་དཔོན་གྱིས་ང་ཚོས་ཁྱི་ཤ་ཟ་ཞེས་ཤ་ཆང་བཀྱགས་ཡོང་པ་ལ་འབྲོག་ཁྱི་སྔ་ས་ནས་བཤས་ཟིན་པའི་སྐྱོ་གར་བྱུང་བ་རེད། སྒྲུང་གི་མི་སྣ་ངས་ཁྱི་ཤ་མི་བཟའ་ཞེས་པས། རྩོམ་གྱི་མི་སྣ་རྫོང་དཔོན་དང་ང་གཉིས་ཀྱི་བར་ལ་འགལ་བ་བྱུང་བ་རེད། འདུ་ཤེས་དང་རིག་གནས་ངོས་འཛིན་གྱི་འགལ་བ་འདི་མི་ཡིན་པ་འདྲ་ནའང་། རིག་གནས་བག་ཆགས་དང་དད་མོས་མི་གཅིག་པའི་འགལ་བ་ཞིག་རེད། དེ་ལྟར། སྒྲུང་གཏམ«ཧཱ་པ་གསོས་པའི་ཟིན་བྲིས»ལས་འབྲོག་ཁྱི་གསོད་མཁན་ནི་རྫོང་དཔོན་ཡིན་པ་ཤུགས་སུ་བསྟན་ཡོད།
དྲུག «“མི་རྒྱ་བྷ།”“ཁྱི་རྒྱ་བྷ།”»
       སྒྲུང་གཏམ་འདིའི་ནང་དུ་གཞི་རིམ་གྱི་དགེ་རྒན་དཀྱུས་མ་ཞིག་གི་རིག་གནས་སློབ་གསོ་དང་འཚོ་བའི་རྣམ་པ་དང་གནས་སྟངས་ཇི་མ་ཇི་བཞིན་ཚུར་སྣང་བྱས་པ་ལ་བརྟེན་ནས་བོད་མིའི་རིག་གནས་སློབ་གསོ་དང་འཚེ་བའི་འཐུས་ཤོར་གྱི་རྣམ་པ་དང་གནས་སྟངས་སུན་འབྱིན་བྱས་ཡོད། དགེ་རྒན་རྒྱ་མཚོ་ནི་འབྲོག་ཕྱོགས་ཀྱི་གཞི་རིམ་དུ་སྡོད་པའི་དགེ་རྒན་དཀྱུས་མ་ཞིག་ཡིན། ཁོ་རང་འབྲོག་ཕྱོགས་ཀྱི་གསར་བུ་རྐྱལ་སྟོང་ཆང་འཐུང་འགའ་ཡི་གཡོ་འོག་ནས་སྡེ་དཔོན་སྐལ་ཐེ་དང་ཨ་ནེ་ཕག་མཚོ་གཉིས་ལྷན་གྱུར་པ་དང་བསྟུན་ནས་སྡེ་དཔོན་སྐལ་ཐེ་ཡིས་སློབ་གཙོ་ཀུན་བཟང་བརྒྱུད་དེ་ཁོ་ཉལ་བྱས་པའི་གྱོད་དོན་གྱི་སྣ་འདྲེན་དུ་གྱུར་ཞིང་། གྱོད་དོན་གྱི་གནད་རྩ་ཆེ་རུ་རང་ནག་ཞར་སྡེ་བའི་རྨོངས་སེལ་དགེ་རྒན་དུ་བསྐོས། དེར་བསྟུན་གྱིས་རྨོངས་སེལ་གྱི་སློབ་མ་སྐྱབས་ལོ་དང་སྡེ་དཔོན་སྐལ་ཐེའི་བུ་མོ་སྒྲོལ་མ་སྐྱིད་སོགས་ངོ་ཤེས་སུ་གྱུར་ཞིང་། སྐྱབས་ལོའི་བར་འདུག་འོག་ཁོ་དང་སྒྲོལ་མ་སྐྱིད་གཉིས་ཀྱི་བརྩེ་དུང་གི་འདུན་མ་གཅིག་ཏུ་བཅོལ་བའི་རེ་བ་བཅངས། ཡིན་ན་ཡང་། ཁོ་བར་ཐག་ཀྱང་རིམ་གྱིས་ཇེ་ཉེ་ནས་ཇེ་ཉེར་གྱུར། སྒྲོལ་མ་སྐྱིད་ཀྱིས་ཀྱང་ཁོ་ལ་རང་ནི་ཕྱོགས་གཅིག་ནས་འཚོ་བའི་དགོས་མཁོར་དམིགས་ཏེ་རོང་ཕྱོགས་ནས་འབྲོག་ཕྱོགས་སུ་ཡོང་བ་ཡིན་ལ། ཕྱོགས་གཞན་ཞིག་ནས་ཆུང་མ་དང་བུ་ཕྲུག་གི་བདག་པོ་ཡང་ཡིན་པས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་བ་སོགས་མདོར་ན་ཁོ་དང་སྒྲོལ་མ་སྐྱིད་གཉིས་ཀྱི་བརྩེ་དུང་གི་འབྲེལ་བའི་རྐྱེན་ལས་སྡེ་དཔོན་སྐལ་ཐེ་དང་ཨ་ནེ་ཕག་མཚོ་གཉིས་བར་དུ་འགལ་བ་བྱུང་ཞིང་། ཨ་ནེ་ཕག་མཚོ་དང་སྡེ་དཔོན་སྐལ་ཐེ་གཉིས་ཀྱི་བརྩེ་དུང་གི་འབྲེལ་བའི་རྐྱེན་ལས་སྡེ་དཔོན་སྐལ་ཐེ་དང་སྒྲོལ་མ་སྐྱིད་ཀྱི་ཨ་མ་གཉིས་བར་དུ་འགལ་བ་བྱུང་ཞིང་། མཇུག་ཏུ་སྡེ་དཔོན་སྐལ་ཐེ་ཚང་གི་ཁྱི་རྒན་རྒྱ་བྷ་བསད་པ་དང་ཨ་ནེ་ཕག་མཚོ་སློབ་གྲྭའི་ཇ་མར་བསྐོས་པ་སོགས་དོན་དག་ཐམས་ཅད་ཀྱི་རྩ་བ་སྡེ་བའི་གསར་བུ་རྐྱལ་སྟོང་ཆང་འཐུང་དེ་དག་ལ་ཐུག་ཡོད་ལ། དེ་དག་གི་རྩ་བ་མདོར་དེད་ན་གསར་བུའི་སྣང་བ་སྟེ་ཕོ་མོའི་འདོད་བརྩེ་ཁོ་ནར་ཐུག་ཡོད་པས། རྩོམ་འདིར་ཕོ་མོའི་འདོད་བརྩེ་ཁོ་ནའི་དབང་སྒྱུར་འོག་སློབ་གསོ་དང་འཚོ་བའི་དམིགས་འབེན་བོར་བའི་གཞི་རིམ་དགེ་རྒན་ཞིག་གི་བརྩེ་དུང་གི་གཏམ་རྒྱུད་སྣ་མང་སྣེ་འཛིང་གི་སྒོ་ནས་ལྷུག་བརྗོད་བྱས་པ་བརྒྱུད་དེ་བོད་མིའི་རིག་གནས་སློབ་གསོ་དང་འཚོ་བའི་འཐུས་ཤོར་གྱི་རྣམ་པ་དང་གནས་སྟངས་གསལ་དུ་བཀྲལ་ཡོད། སྒྲུང་གཏམ་འདིའི་མགོ་རྩོམ་དུས། “ངའི་མིང་ལ་རྒྱ་བྷ་ཟེར་མཁན་ནི་སྡེ་དཔོན་སྐ་ཐེ་རེད། སྡེ་དཔོན་སྐ་ཐེས་ངའི་མིང་ལ་རྒྱ་བྷ་ཟེར་དོན་ནི་ཤ་ཚ་བ་དང་སྙིང་ཉེ་བའི་གཅེས་མིང་གང་ཡང་མ་ཡིན་པར་དེ་ལས་ལྡོག་སྟེ་སྡིགས་མོ་བྱེད་པ་རེད། རྒྱ་བྷ་ཟེར་བ་ནི་སྡེ་དཔོན་སྐ་ཐེ་ཚང་གི་ཁྱི་རྒན་གྱི་མིང་ཡིན་པ་རེད་ལ། ཁྱི་རྒན་དེ་ནི་སྤུ་མདོག་རྒྱ་བོ་སྟེ་ལུས་པོ་ནག་ཅིང་ངོ་གདོང་དང་སུག་བཞི་སེར་ཞད་འདྲེས་པའི“མིག་བཞི”ཞིག་ཡིན་པས། ཁྱི་དཔྱད་མཁས་པ་ཚོས་བཤད་པ་ལྟར་ན་ཁྱི་རྒྱ་བོ“མིག་བཞི”ནི་ཁྱི་ཡི་ནང་གི་ཐོབ་ཐང་མཐོ་ཤོས་སྐོར་ཡིན་སྐད་འདུག ཡིན་ན་ཡང་སྡེ་དཔོན་ཚང་གི་ཁྱི་རྒན་འདིས་རང་ཉིད་ཀྱི་ཐོབ་ཐང་སྲུང་འཛིན་དམ་པོ་མི་བྱེད་པར་དེ་ལས་ལྡོག་སྟེ་ནམ་རྒྱུན་མཚན་མོའི་དུས་སུ་ཁྱིམ་ཚང་གཞན་དག་གི་ནང་དུ་རྐུ་ལ་འཛུལ་བར་བྱེད།”ཅེས་དང་། སྒྲུང་གཏམ་གྱི་མཇུག་བསྡུ་དུས། “ཕྱི་དུས་ཀྱི་དུས་ཚོད་རིང་མོའི་ཁྲོད་དུ་ངས་སྔར་བཞིན་གཞི་རིམ་རོང་ཁུལ་ནས་དགེ་རྒན་གྱི་བྱ་བ་བསྒྲུབས་པ་ཡིན་ལ། ང་ལ་ད་དུང་ནམ་རྒྱུན་སྒོ་སམ་སྟེང་དུ་ཡི་གེ་འབྲི་བའི་དུས་སུ་ཤེས་མེད་ཚོར་མེད་ངང་རང་ཉིད་ཀྱི་འཕོངས་ཚོས་སྟེང་དུ་ལག་པས་རེག་ཙམ་རེག་ཙམ་བྱེད་པའི་གོམས་སྲོལ་ཞིག་ཀྱང་ཆགས་པར་གྱུར། གོམས་སྲོལ་དེ་ཧ་ཅང་མཛེས་པོ་ཞིག་མ་ཡིན་ཡང་ང་ལའང་བྱ་ཐབས་མི་འདུག རྒྱུ་མཚན་ནི་ངས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་འཕོངས་ངོས་ནས་ཁུལ་སྤུ་ཟིང་ངེ་བའི་ཁྱི་ཡི་རྔ་མ་ཞིག་སྐྱེས་ཨེ་འགྲོ་ལ་སེམས་ཁྲལ་བྱེད་ཀྱིན་པས་རེད་ལ། དེ་ཡང་ཧ་ཅང་རྒྱང་ཐག་རིང་བའི་འབྲོག་ཁུལ་དུ་ཡོད་དུས་ཀྱི་ངའི་འཚོ་བའི་སྤྱོད་ལམ་དེ་དག་ཀྱང་ཕལ་ཆེར་སྡེ་དཔོན་སྐ་ཐེ་ཚང་གི་ཁྱི་རྒན་རྒྱ་བྷའི་སྤྱོད་ལམ་དང་ཧ་ཅང་མཚུངས་ཆེ་བས་ཀྱང་ཡིན་པ་རེད།”ཅེས་མི་དང་ཁྱི་གཉིས་ཀྱི་གོང་ཐང་མཉམ་དུ་བཞག་སྟེ། མི་གཤིས་དང་ཁྱི་གཤིས་མཉམ་བསྲེས་བསྣོལ་སྡེབ་ངང་བྲིས་ཡོད། སྒྲུང་གཏམ«“མི་རྒྱ་བྷ།”“ཁྱི་རྒྱ་བྷ།”»ལས་ཁྱི་རྒྱ་བྷ་དུག་གིས་བསད་པའི་སྐྱོ་གར་བྱུང་དུ་བཅུག་ཡོད་དོ། །
བདུན། «མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག»
       སྒྲུང་གཏམ་འདིར་རྩོམ་གྱི་མི་སྣ་ང་ཡིས་བརྙན་འཕྲིན་ལས་ཁྱི་རིགས་དང་ཁྱི་ཚོང་རྒྱག་མཁན་གྱི་གསར་འགྱུར་སྣ་ཚོགས་མཐོང་བ་ལ་བརྟེན་ནས་མེས་པོ་དྲན་ཞིང་། མེས་པོ་དྲན་པའི་སྐུད་སྣེ་ནས་ང་དང་མེས་པོའི་དབར་གྱི་འདས་ཟིན་པའི་གཏམ་རྒྱུད་དང་། མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག་དབར་གྱི་གཏམ་རྒྱུད། ང་དང་མེས་པོ། ཁྱི་གུ་དག་བར་གྱི་གཏམ་རྒྱུད་བཅས་ཕྲེང་བསྒྲིགས་པ་ལ་བརྟེན་ནས་མེས་པོའི་བཀའ་དྲིན་རྗེས་སུ་དྲན་པའི་བསམ་བློ་མཚོན་པར་བྱས་ཡོད། དེ་དང་ཆབས་ཅིག་སྤྱི་ཚོགས་གནས་འགྱུར་ཁྲོད་ཀྱི་བོད་མིའི་དགའ་ཁ་འཁྱེར་སོ་དང་བསམ་པའི་འཛིན་སྟངས། རིན་ཐང་ལྟ་ཚུལ་སོགས་ཀྱང་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འགྱུར་ལྡོག་འབྱུང་བཞིན་པའི་བསམ་བློ་ཡང་མཚོན་པར་བྱས་ཡོད། གཞན་ཡང་རྩོམ་མགོ་འཛིན་སྟངས་ཀྱི་ཆ་ནས་མེས་པོ་དྲན་ཞིང་རྩོམ་མཇུག་སྡུད་སྟངས་ཀྱི་ཆ་ནས་མེས་པོ་ལ་རྗེས་སུ་ཡི་རང་དང་གོང་བཀུར་བྱས་པའི་སྟེང་ནས «མི་རབས་གསུམ་གྱི་རྨི་ལམ»བཞིན་མི་རྒྱུད་ཉམས་རྒུད་དུ་འགྲོ་བཞིན་པའི་ཕངས་སེམས་ཤིག་ཀྱང་ བསྟན་པར་བྱས་ཡོད། མེས་པོ་བཞིན་ཁ་དན་ཚིག་ལ་གནས་ཤིང་གཞུང་རྒྱུད་དྲང་བའི་མི་རབས་ཤིག་གི་དཀའ་སྡུག་གི་ལོ་ཟླ་དང་དེ་ལས་ཐོབ་པའི་རིག་གནས་ཀྱི སྙིང་སྟོབས་དང་དཔའ་མཛངས་ཀྱི་བློ་སྟོབས་སོགས་རྗེས་སུ་དྲན་པའི་གདུང་བ་ཡང་མཚོན་པར་བྱས་ཡོད། རྩོམ་པ་པོས་སྒྲུང་གཏམ་འདི་མགོ་རྩོམ་དུས་འདི་ལྟར་བྲིས་ཡོད་དེ། “མེས་པོ་ནི་དགུང་ལོ84སྟེང་ཚེ་ལས་འདས་པ་ཡིན་ན་ཡང་། ངེད་ཚང་གི་དུད་ཐོ་རྙིང་བའི་སྟེང་དུ་ད་ལྟ་ཡང་མིང་དང་བཅས་པ“འཚམས་པོ”ར་ཡོད་དེ། “ཁྱི་མོ་ཐར། ཕོ། 1922ལོའི་ཟླ2པའི་ཚེས20ལ་སྐྱེས། ཞིང་ཆེན་རྫོང་ཡུལ་ཚོ་ནག་ཞར་སྡེ་བའི་མི་ཡིན”ཞེས་བཀོད་ཡོད་པ་ལས། ལོ་རེས་ཁྱི་ཡིན་པ་གསལ་བཤད་བྱས་མི་འདུག”ཅེས་བཀོད་ཡོད། མེས་པོའི་མིང་ལ་ཁྱི་མོ་ཐར་ཟེར་བ་དང་། མེས་པོ་ཚེ་ལས་འདས་ཟིན་ནང་ཁྱིམ་ཐོའི་སྟེང་དུ་ད་དུང་མིང་དང་བཅས་པ་ཡོད་ཅེས་རིག་གནས་རྒྱུད་འཛིན་སྲུང་སྐྱོང་གི་འདུ་ཤེས་མཐོ་རུ་བསྟད་ཅིང་། མེས་པོ་ནི་རིག་གནས་ཤིག་གི་སྙིང་སྟོབས་ཡིན་པ་བསྟན་ཞིང་། དེ་ལྟ་བུའི་རིག་གནས་ཡུན་བརྟན་དུ་གནས་ཤིང་རྒྱུད་འཛིན་བྱ་དགོས་པའི་སེམས་འདུན་མཚོན་ཐབས་གསར་པའི་ལམ་ནས་བསྟན་ཡོད་དོ། །
བརྒྱད། «ཁྱི་མོ་བདེ་སྐྱིད།»
       སྒྲུང་གཏམ་འདི་ལས་ཁྱི་མོ་ཞིག་བདག་མོ་དང་ཁ་གྱེས་ནས་ཁེར་རྐྱང་གི་འཚོ་བའི་ལམ་ཁ་བརྒལ་བ་ལ་ཁྱི་ཐར་རྒྱལ་ཞེས་པའི་བདག་པོ་གསར་པ་ཞིག་དང་ལྷན་དུ་འཚོ་བ་གསར་པའི་ནང་དུ་གོམ་པ་སྤོས་པ་ནས་མགོ་བརྩམས་ཤིང་། མིའི་རིགས་ཀྱི་གཡོ་འཚོང་དང་སྤྱི་ཚོགས་ཀྱི་དྲང་བདེན་མིན་པའི་འཚོ་བའི་ངོས་ཟུར་མང་པོ་ཞིག་ཁྱི་མོའི་མཐོང་སྣེ་ལ་བརྒྱུས་ཏེ་བཀྲམས་ཡོད་པ་དང་། མིའི་ཁ་ཆད་དང་ཡིད་རྟོན་ལ་ཡིད་ཆེས་མེད་པར་གྱུར་བའི་ཁྱི་མོ་བདེ་སྐྱིད་མཐའ་མཇུག་ཁྱི་ཁྲ་བོ་ཞིག་གི་སྲུང་སྐྱོང་འོག་ཉེན་ཁ་ལས་ཐར་བའི་བརྒྱུད་རིམ་བྲིས་ཡོད།
       སྒྲུང་གཏམ་འདིའི་ནང་གི་མི་སྣ་ཁྱི་མོ་བདེ་སྐྱིད་དང་བདག་མོ་བདེ་སྐྱིད་གཉིས་ཕན་ཚུན་བསྡུར་ནས་བྲིས་པ་དེ་འདྲ་ཁོང་གི་སྒྲུང་ཐུང«དགུན་ཤ»འི་ནང་དུའང་མཐོང་རྒྱུ་ཡོད་དེ། “ཁོའི་སེམས་ལ་ཁ་སང་ཕ་རྒན་གྱིས་འབྲི་རྒན་འདིས་བེའུ་མི་བཙའ་བས་བཤའ་བར་གྱིས་ཤིག་ཟེར་དུས་ཀྱི་མོའི་ཧང་སང་བའི་མིག་མདངས་དེ་དྲན་བྱུང་། ཁོའི་སེམས་ལ་དངོས་གནས་མོར་ཡང་ཁག་མེད་པ་སྟེ། མོར་མངལ་མི་སྦྲུམ་པ་དང་འབྲི་མོར་བེའུ་མི་བཙའ་བ་ནི་མ་གཞི་ནས་གནས་ལུགས་གཅིག་ཡིན་པ་མིན་ནམ་སྙམ་སྟེ་རེ་ཞིག་རྟབ་རྟབ་པོར་ལུས། ལྷས་རའི་ནོར་བྱིངས་ཀྱིས་ཁོ་ཚོའི་རྗེས་སུ་བལྟས་ནས་ངུར་སྐད་བར་མེད་དུ་འདོན་གྱིན་འདུག”ཅེས་བེའུ་མི་འཛིན་པའི་འབྲི་མོ་སྐམ་པ་དང་བྱིས་པ་ཆགས་རྒྱུ་མེད་པའི་མནའ་མ་གཉིས་བསྡུར་ཏེ། བུད་མེད་ཀྱི་ལས་དབང་འབྲི་བའམ་བུ་མོ་དང་འབྲི་མོ། ཁྱི་མོ་དང་བདག་མོ་སོགས་ལྷན་འདུས་ཀྱི་གཞུང་ཤིང་དུ་བསླངས་ཏེ་མོའི་རིགས་ཀྱི་འཁོས་ཆུང་དང་ཉམས་རྒུད་བྲིས་པ་བརྒྱུད་ནས། ཚེ་སྲོག་གི་གོད་ཆག་དང་རིགས་ཀྱི་ཉམས་དམས་འབྲི་བའི་ཐབས་རྩལ་ཁུར་དུ་བླངས་ཡོད་པར་འདོད། སྒྲུང་གཏམ«ཁྱི་མོ་བདེ་སྐྱིད»ལ་ཆེད་དུ་དཔྱད་པ་བཏང་པའི་ཆེད་རྩོམ་ཡོད་པ་མ་མཐོང་།དེ་ལྟར། ཁྱིའི་ལས་དབང་དང་ཁྱིའི་སྐྱིད་སྡུག་གི་གནས་སྟངས་ནི་མི་རིགས་རང་གི་ལས་དབང་ལ་སྦྲེལ་བའི་རིག་གནས་ཀྱི་གོང་ཐང་མཐོ་རུ་བསྟད་དེ་གསར་རྩོམ་ལ་གཞོལ་བའི་སྣང་ཚུལ་དེ་སྟག་འབུམ་རྒྱལ་ལ་ཁྱད་དུ་ཡོད་པའི་གསར་རྩོམ་གྱི་རྟགས་མཚན་ཡན་གར་བ་ཞིག་ཏུ་སྙམ་མོ། །
དགུ། «ཁྱི་ལྡོམ།»
       སྒྲུང་གཏམ་འདི་ནི་སྔར་བཞིན་ཁྱི་ཡི་ལས་དབང་བྲིས་པ་འདྲ་ནའང་། དེ་ནི་བདག་པོ་ལ་སྙིང་ཉེ་བའི་ཁྱིའི་རང་བཞིན་རྐྱང་བ་གསལ་དུ་བྲིས་པ་ཞིག་མ་ཡིན་པར་ཁྱི་ལྡོམ་ཞིག་དང་མྱི་ལྡོམ་ཞིག་གི་སྐུད་སྣེ་གཉིས་སུ་བརྐྱངས་ནས་བྲིས་ཏེ། མཇུག་མཐར་ཁྲེལ་མེད་པའི་རང་གཤིས་དེ་ག་མི་དང་ཁྱི་གཉིས་ཀྱི་སྟེང་ལ་མཉམ་པོར་བཅོལ་ནས་མི་གཤིས་ཀྱི་སྣེ་ལ་ཁྱི་གཤིས་མཐུད་དེ་བྲིས་པས། མཚོན་སྟོབས་ཆེ་རུ་ཡོད་པ་དང་གཤིས་ཀ་འབུར་དུ་ཐོན་པ། སྣང་བརྙན་གསལ་དུ་ཡོད་པ་བཅས་ཀྱི་དགེ་མཚན་ཐོན་ཡོད་པར་འདོད། སྒྲུང་གཏམ་གྱི་མགོ་རྩོམ་དུས་འདི་ལྟ་ཞིབ་འབྲི་མཛད་ཡོད་དེ། “ཁྱི་ལྡོམ་དེ་ཐོག་མར་ཡོང་དུས་ཀྱང་དེ་སྔོན་མི་ལྡོམ་དག་ཐོག་མར་སྡེ་བའི་ནང་དུ་ཡོང་དུས་དང་འདྲ་བར། ཧ་ཅང་ཉམ་ཆུང་ལ་གུས་ཚུལ་ལྡན་པ་དང་། འཆམ་མཐུན་ལ་མོས་པ་ལྟ་བུའི་ཚུལ་འཆོས་ཀྱི་བཟོ་ལྟ་འདྲ་ཆགས་པོ་དེ་མངོན་སུམ་དུ་འདུག”ཅེས་མི་ལྡོམ་དང་ཁྱི་ལྡོམ་གཉིས་ཀྱི་འདྲ་བ་རྒྱུ་མཚན་དུ་དྲངས་ནས་སྣང་བརྙན་ཞིབ་འབྲི་མཛད་ཡོད། སྒྲུང་གཏམ«ཁྱི་ལྡོམ»ལས་མཇུག་མཐར་ཁྱི་ལྡོམ་གྱིས་བདག་པོ་ཚང་གི་ལུག་ཁྱུར་ལྡང་སྟེ་ལུ་གུ་བསད་པ་དང་། སྡེ་བའི་ཁྱིམ་ཚང་གཞན་དུ་ལུག་གུ་བསད་པའི་ཉེས་སྐྱོན་དུ་གཅར་རྡུང་བྱས་ནས་ཕྱིར་བདག་པོ་ཚང་ལ་སྤྲད་པ་དང་། བདག་པོས་ཁྱི་རྒན་ཚེ་ཐར་ལ་བཏང་པའི་གུ་ཡངས་དང་སྲུང་སྐྱོབ་ཀྱི་རྣམ་པ་བྱུང་ཡོད། རྩོམ་མཁན་ལ་མཚོན་ནའང་ཁྱིའི་སྐོར་གྱི་སྒྲུང་གཏམ་བྲིས་པ་ལས་ཁྱི་དེ་དག་འཆི་ལམ་དུ་སོང་བའི་སྐྱོ་གར་གྱི་མཐའ་འབྲས་ལ་འགྱུར་ལྡོག་ཐོག་མ་བྱུང་ས་ནི་སྒྲུང་གཏམ་འདི་ཡིན་པར་འདོད་དེ། སྒྲུང་གཏམ་འདི་ནས་བཟུང་སྟེ་ཁྱི་ལ་བདག་སྲུང་དང་གཅེས་འཛིན་གནང་དགོས་པའི་བསམ་བློ་བཏོན་ཡོད་པ་ཡིན། དེ་ལྟ་ནའང་། སྒྲུང་གཏམ་འདིའི་ནང་དུ་སྒོ་ཁྱི་གཟིག་ཁྲ་སྤྱང་ཀིས་བསད་པའི་སྐྱོ་གར་བྱུང་པའི་ཟུར་སྣེ་ཞིག་བསྟན་ཡོད། ཟུར་སྣེ་དེ་གཏམ་རྒྱུད་ཕལ་བའི་སྐུད་སྣེར་དྲངས་ནས་གླེང་ཡོད་པས། གཏམ་རྒྱུད་ཁྲོད་ཀྱི་ཁྱི་གཙོ་བོ་ཁྱི་ལྡོམ་ལ་གུ་ཡངས་དང་སྲུང་སྐྱོབ་ཀྱི་ངང་ནས་མཇུག་བསྡུས་ཡོད་དོ། །
བཅུ། «ཁྱི་སྨྱོན།»
       སྒྲུང་གཏམ་འདི་ལས་རྩོམ་གྱི་མི་སྣ་ཨ་ཕ་ཡག་གིས་བྱིས་པ་རྣམས་ལ་རྟོག་བཏགས་ཀྱི་ངང་ནས་ཁྱི་སྨྱོན་ཞིག་གི་སྣང་བརྙན་བཤད་པ་བརྒྱུད་དེ། སྡེ་བའི་ནང་ལ་ཁྱི་སྨྱོན་ཞིག་དངོས་སུ་བསླེབས་པའི་ཛ་དྲག་གི་གནས་ཚུལ་དང་། ཁྱི་སྨྱོན་མ་བསླེབ་གོང་ལ་ཨ་ལགས་ཀྱི་བཅའ་བ་རིམ་གྲོ་བསྒྲུབ་ཏུ་བཅུག་པའི་སྔོན་འགོག་གི་གནས་ཚུལ། མང་ཚོགས་ཀྱི་འཚོ་བའི་འཁོས་ཞན་དང་དབུལ་ཕོངས་ཀྱི་ངོས་ཤིག་ལས་མི་དམངས་ཀྱི་བདེ་སྡུག་ལ་སེམས་ཁུར་བགྱིས་རྩོམ་མཁན་གྱི་ལྟ་བ། ཁྱི་སྨྱོན་ལ་འགོག་སྲུང་བགྱིས་པའི་མི་རྣམས་ཀྱི་ཅི་བྱ་གཏོད་བྲལ་གྱི་སྣང་ཚུལ་སོགས་གཏམ་རྒྱུད་ཀྱི་བྱུང་རིམ་ཀྱག་ཀྱོག་ལ་བརྒྱུས་ཏེ་གསོན་ཉམས་ལྡན་པའི་ངང་ཚུར་སྣང་བྱས་ཡོད་པ་དང་། དེ་དང་འབྲེལ་ནས་མི་རབས་ཕྱི་མའི་བདེ་འཇགས་དང་དོ་ཁུར་ལ་སྤྱི་ཚོགས་ཀྱི་ཟུར་མང་པོ་ནས་མཉམ་འཇོག་དགོས་པའི་སེམས་འདུན་ཡང་བཀྲལ་ཡོད། ཕྱོགས་གཞན་ཞིག་ནས་བལྟས་ན། ཁྱི་སྨྱོན་གྱི་གཏམ་རྒྱུད་ལས་མི་རྣམས་ཀྱི་སྨྱོ་བཤད་ཀྱི་སྣེ་གཞན་ཞིག་མཐོང་ཐུབ་པ་དང་། རྣམ་རྟོག་གི་འཇིག་རྟེན་བློས་བསླངས་མཛད་པའི་དངོས་ཡོད་ཀྱི་རྨོངས་པའི་ཉེས་དམིགས་ཀྱང་མཚོན་གྱི་ཡོད་པར་འདོད། སྒྲུང་གཏམ་འདི་ལས་མཇུག་མཐར་ཨ་ཕ་ཡག་གིས་ཁྱི་སྨྱོན་དེ་བསད་ཟིན་པའི་སྐྱོ་གར་བྲིས་ཡོད་ནའང་། དེ་ནི་མི་རབས་ཕྱི་མའི་སྲུང་སྐྱོང་དང་ཁག་ཁུར་གྱི་སྟེང་ནས་བསད་པས་ན། ཉེས་སྡིག་དག་མཐའ་ལ་གདག་ཐབས་མེད་པ་དེ་འདྲའི་སྐྱོ་བོ་ཞིག་མིན། ལྷག་པར་དུ་ཁྱི་སྨྱོན་ཞིག་བསད་པའི་གཏམ་རྒྱུད་དང་དོན་དག་ལ་གཞིགས་ན་རྒྱུན་ལྡན་གྱི་སྒོ་ཁྱི་ཞིག་བསད་པ་ལས་གུ་ཡངས་ཅན་དུ་ཡོད་པར་འདོད། རྩོམ་གྱི་མི་སྣ་ཨ་ཕ་ཡག་གི་མདུན་ན་ཁྱི་སྨྱོན་བསད་པའི་གཏམ་རྒྱུད་ཅིག་དང་སྡེ་བའི་མི་རབས་གཉིས་ཀྱི་བྱིས་པ་ཡོད། སྒྲུང་གཏམ་དེ་ལས། “ཨ་ཕ་ཡག་ནི་ལོ་ན་རྒས་ཏེ་ཁ་ནང་དུ་སོ་གཅིག་ཀྱང་མཐོང་རྒྱུ་མེད་པར་རྙིལ་ཁོ་ན་བསྟན་ནས་དགོད་ཀྱིན་འདུག་པས། ཕར་བལྟས་ཚོད་ཀྱིས་ཁོ་ནི་ལོ་ན་མཐའ་རུ་སོན་པའི་རྒན་པོ་ཞིག་མ་ཡིན་པར། ད་སོ་མར་ཨ་མའི་ནུ་མ་ནུ་བཞིན་པའི་བུས་པ་ཞིག་ཡིན་པ་དང་། ད་དུང “ང་ཡག་པོ་ཨེ་འདུག”ཅེས་པའི་སྐད་ཆ་བཤད་ཀྱིན་ཡོད་པའི་སྣང་བ་སྟེར་བར་བྱེད། སྐབས་འདིར་ཁོ་རང་ནོར་རྫི་མ་ཡིན་པར་ཡུལ་དུ་བསྡད་དེ་ཡོད་ཅིང་། ནག་ཞར་སྡེ་བའི་བྱིས་པ་དག་ལ་ཁྱི་སྨྱོན་གྱི་གཏམ་རྒྱུད་བཤད་ཀྱིན་འདུག”ཅེས་ལོ་ལོན་དང་བྱིས་པ་འདྲེས་པར་བྱས་ཤིང་། ནག་ཞར་སྡེ་བའི་ཁྱི་སྨྱོན་གྱི་གཏམ་རྒྱུད་བཤད་ནས་ཚར་དུ་མེད་པའི་སྨོན་ལམ་གྱི་སྟེང་ན་མི་རིགས་འདིའི་རིག་གནས་ཉམ་པ་མེད་པའི་འདུ་ཤེས་བཅོལ་བའི་སྣང་བརྙན་གསལ་ཞིང་བཀྲ་བའི་ངང་ཀློག་མཁན་རྣམས་ལ་བསྟན་ཡོད།
བཅུ་གཅིག «ཁྱི་རྒན་ཆང་གིས་བཟི་སོང་།»
       སྒྲུང་གཏམ་འདི་ལས་ཁྱིམ་གྱི་མི་ལ་འདྲིས་ཤིང་འགྲོགས་པའི་ཁྱི་རྒན་ཞིག་བྲིས་པ་བརྒྱུད་ནས། སློབ་གྲྭའི་འདབས་ཀྱི་ཁྱི་ཚོགས་ཤིག་གི་འཇིགས་ཉེན་བྲིས་པ་དང་། གོང་རིམ་ནས་བྱ་བའི་ལྟ་རྟོག་ལ་ཡོང་བའི་དབུ་ཁྲིད་ཀྱིས་ཁྱི་ཚོང་ཁེ་ལས་ཀྱི་ཕན་ནུས་དང་དཔལ་འབྱོར་ཁེ་ཕོགས་གླེང་བ་སོགས་ཀྱི་སྣང་ཚུལ་དེ་དག་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་དང་རིག་གནས་ཉམས་རྒུད་ཀྱི་སྣང་ཚུལ་བཅས་རྒུད་སྟངས་གཉིས་ཀྱི་མཐོང་སྣེ་གཡར་ནས་བྲིས་ཡོད། སྒྲུང་གི་མི་སྣ་སློབ་གཙོའི་བློ་ལ་ཁྱིམ་བདག་ཚང་གི་ཁྱི་རྒན་བབ་ནས་དེ་གཡོ་འཚོང་གི་སྦྱོར་བ་རྩོམ་པར་བྱེ་དུས། བུ་ཆུང་གི་ཁྱི་རྒན་ཁྲིད་ནས་དགོན་པའི་མཐའ་ལ་སོང་སྟེ། ཁྱི་རྒན་ཚེ་ཐར་དུ་བཏང་བའི་གཏམ་རྒྱུད་ཀྱིས་ཕྱིར་འཁོར་ནས་ཁྱི་ལ་སྲུང་སྐྱོང་དང་གཅེས་སྐྱོང་གནང་དགོས་པའི་བདེན་ལུགས་བཀྲལ་ཡོད། སྒོ་ཁྱི་ནི་རྩྭ་ཐང་གི་འབྲོག་རུའི་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་། དེ་ལྟ་བུའི་རིག་གནས་ཉམས་རྒུད་དུ་འགྲོ་བའི་སྣང་ཚུལ་ལ་སྲུང་སྐྱོང་དང་བདག་གཅེས་གནང་དགོས་པའི་བསམ་འདུན་རྩོམ་རིག་གི་ལམ་ནས་ཚུར་སྣང་བགྱིས་ཏེ། མིའི་རིགས་ཀྱི་ཤེས་རིག་གི་དར་རྒུད་དང་ཉམས་དམས་ལ་སེམས་ཁྲལ་གློད་པའི་རྩོམ་པ་པོའི་བསམ་འདུན་མངོན་པར་མཚོན་ནས་ཡོད། རྩོམ་པ་པོས་སྒྲུང་གཏམ་ལས་འདི་ལྟར་བྲིས་ཡོད་དེ། “ཁྱི་རྒན་རྒྱ་བོ་ཆང་གིས་བཟི་སོང་། དྲང་མོར་བཤད་ན། ཁྱི་རྒན་རྒྱ་བོས་ཆང་འཐུང་བ་མ་ཡིན་པར་ཨ་ཕས་ཆང་འཐུང་བ་རེད་ཅིང་། ཁྱི་རྒན་རྒྱ་བོས་ནི་ཨ་ཕ་ཆང་གིས་བཟི་བའི་སྐྱུགས་རོ་བལྡགས་པས་བཟི་བར་གྱུར་པ་རེད། ངའི་ཨ་ཕ་ནི་སྡེ་བའི་ནང་གི་ཆང་འཐུང་མིང་གྲགས་ཅན་དེ་ཡིན་པ་སུས་མི་ཤེས། ཁོ་ཆང་གིས་བཟི་རྗེས་ཞེ་སྡང་ཇེ་ཆེར་གྱུར་ཏེ་ནམ་རྒྱུན་ཨ་མ་ལ་སྡིགས་མོ་བྱེད་ཀྱིན་ཡོད། ཁྱི་རྒན་རྒྱ་བོ་ཆང་གིས་བཟི་བའི་བཟོ་ལྟ་ནི་ཨ་ཕ་དང་མི་འདྲ་བར་ཧ་ཅང་ཉམ་ཆུང་ཞིང་དགོད་བྲོ་བ་ཞིག་རེད།”ཅེས་ཨ་ཕ་དང་ཁྱི་རྒན་གཉིས་ཀའི་ཞི་དྲག་གི་ཆ་བསྡུར་ནས་བྲིས་ཡོད། ཁྱིམ་ཚང་གི་བདག་པོ་ཕ་རྒན་དང་སྒོ་ཁྱི་ཁྱི་རྒན་གཉིས་ཀའི་གཤིས་ཀ་བསྡུར་བ་ལས་ཁྱི་རྒན་གྱི་གོང་ཐང་མཐོ་རུ་གཏད་པའི་སྣང་ཚུལ་མངོན་ཡོང་། འདི་ནི་བོད་ཀྱི་རྩོམ་པ་པོ་དང་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་ལགས་ཀྱི་སྒྲུང་གཏམ«ང་ནི་ཁྲོམ་ཞིག་ཡིན»ཞེས་པ་ལས་གནམ་གྲུར་བསྡད་ནས་ཡོང་བའི་ཁྲོམ་དང་གནམ་གྲུར་སྡོད་མྱོང་བའི་ཨ་ལགས་གཉིས་བསྡུར་ཏེ། ཁྲོམ་གྱི་རིན་ཐང་མཐོ་རུ་བསྟད་པའི་ཤུགས་སུ་གཡང་དཀར་ལུག་གི་རིག་གནས་དགོངས་སྙིང་བླ་རུ་བཀུར་བའི་བསམ་བློའི་དགོངས་གཞི་དང་འདྲ་པོ་ཡོད། དེ་དག་ལས་མི་དང་སྲོག་ཆགས་བར་གྱི་འདྲ་མཉམ་དང་ཐུམ་མོང་གི་མཚུངས་ཆོས་བསྡུར་ནས་སྲོག་ཆགས་ཀུན་ལ་ཡོད་པའི་རིག་གནས་སྣང་ཚུལ་ཅིག་གསེད་བཀྲོལ་གནང་གི་ཡོད་པར་འདོད་དོ། །
བཅུ་གཉིས། «རྨི་ལམ་ཁྲོད་ཀྱི་ཁྱི་མོ།»
       སྒྲུང་གཏམ་འདིའི་ཁ་བྱང་ཁོང་གི་ཁྱིའི་སྐོར་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས«ཁྱི་རྒན»ལས«ཨ་མ་དང་ཁྱི་མོ»ཞེས་བཏགས་ཡོད་ནའང་། «སྦྲང་ཆར»དུས་དེབ་སྟེང་འཁོད་དུས«རྨི་ལམ་ཁྲོད་ཀྱི་ཁྱི་མོ»ཞེས་བཏགས་འདུག སྒྲུང་གཏམ་སྤྱི་ལས་ཚེ་འདིར་བྱ་བ་སྣ་གཉིས་ཙམ་དོན་འཁྱོལ་མ་བྱུང་བའི་སྟོབས་ལྡན་གྱི་ཨ་མ་ལགས་འཇིག་རྟེན་མི་ཡུལ་དང་བྲལ་བ་ལ་རྣམ་ཤེས་ཁྱི་མོ་ཞིག་ཏུ་སྐྱེས་ནས་སླར་ཡང་ཁོའི་བུ་ཆུང་སྟོབས་ལྡན་ཚང་གི་སྒོ་ཁར་བསྙེགས་ཤིང་། བུ་སྟོབས་ལྡན་གྱིས་ཁྱི་མོའི་སྐྱེ་བ་བླངས་པའི་ཨ་མའི་རྣམ་ཤེས་ལ་སེམས་ཁུར་དང་བདག་སྐྱོང་གནང་ཞིང་། གཏམ་རྒྱུད་ཀྱི་སྣེ་ལ་ཁོ་མོ་འཇིག་རྟེན་འདིར་ཡོད་དུས་ཀྱི་འདས་ཟིན་པའི་ལོ་ཟླའི་ཁྲོད་དུ་མྱངས་པའི་དཀའ་སྡུག་གི་འཚོ་བ་དང་། མི་འགྱུར་རྟག་བརྟན་གྱི་དད་པ་དང་ཡིད་ཆེས་ལས་ཁོ་མོའི་མི་ཚེའི་རིན་ཐང་མཚོན་པ་དང་། འཇིག་རྟེན་ལྟ་ཚུལ་མངོན་པ་བཅས་བསྟན་ཞིང་། མི་རབས་གཉིས་དང་ཚེ་རབས་གཉིས་ཀྱི་གཏམ་རྒྱུད་ལས་དགེ་སྡིག་གི་ལེགས་ཉེས་བརྗོད་པའི་འོས་འགན་ཁུར་ཏུ་བཏེགས་ནས་ཡོད་པ་བྲིས་ཡོད།
       འཇིག་རྟེན་འདི་ན་འཚོ་བའི་སྒྲུང་གི་མི་སྣ་སྟོབས་ལྡན་དང་འཇིག་རྟེན་འདི་དང་བྲལ་ནས་ཕྱི་མར་བསྙེགས་ཟིན་པའི་ཨ་མ་གཉིས་ཀྱི་བར་དུ་ཉིང་མཚམས་སྦྱོར་བྱེད་ནི་ཨ་ལགས་བྱས་ཡོད་ཅིང་། ཨ་མའི་རྣམ་ཤེས་ཁྱི་རུ་སྐྱེས་པའི་འདུག་པའི་བརྡ་འཕྲིན་བསྒྲོན་མཁན་ཡང་ཨ་ལགས་ཡིན། སྟོབས་ལྡན་གྱིས་ཚེ་ལས་འདས་པའི་རང་གི་དྲིན་ཅན་ཨ་མའི་གནས་ཚུལ་ཤེས་ན་འདོད་པའི་འདོད་འདུན་གྱི་སྣེ་ཇེ་གསལ་དུ་ཡོང་ཆེད། རྩོམ་པ་པོས་ཁྱི་མོའི་གནས་སྟངས་དང་བསམ་འདུན་སོགས་འདི་ལྟར་བྲིས་ཡོད་དེ། “འབྲོག་ཁྱི་ཡི་རིགས་ཀྱི་འདོད་པའི་དུས་ནི་སྟོན་མཇུག་དང་དགུན་མགོ་མའི་སྐབས་རེད་དེ། སྐབས་འདིར་འབྲོག་ཁྱི་ཚང་མ་རང་ཁྱིམ་དང་གྱེས་ནས་ཁྱི་མོ་དག་བདས་ཏེ་མི་མེད་ཐང་སྟོང་དུ་ཁྱི་ཚོགས་ཀྱི་ཚུལ་དུ་སྡོད་པར་བྱེད་ལ། ཁྱི་མོ་གང་དུ་སོང་ན་ཁྱི་རྣམས་དེ་ཡི་རྗེས་བཞིན་ཉུལ་ཏེ་འདོད་པའི་བདེ་བར་རོལ་བར་བརྩོན་པ་ཡིན་པས། འདི་གའི་མི་རྣམས་ཀྱིས་དེ་ལ་ཁྱི་མོ“ཚང་དུ་འགྲོ་བ”ཞེས་ཟེར་ལ། ཁྱི་མོར་ཕྲུ་གུ་བཙས་པའི་ཚེ་དེ་ལ“ཁྱི་མོ་ཚང་ལོག་པ”ཟེར།”ཞེས་ཁྱི་མོའི་འདོད་པ་དམིགས་སུ་བྲིས་པ་དེས་རྩོམ་གྱི་མི་སྣ་སྟོབས་ལྡན་གྱི་ཨ་མ་འཇིག་རྟེན་མི་ཡུལ་ན་འཚོ་ཞིང་གཞེས་དུས་ལྷ་སར་ཐེངས་ཤིག་འགྲོ་སྙམ་གྱི་འདོད་པ་དང་། ལྷ་སྐུ་དཀར་པོ་མཐེབ་མོ་འདྲ་བོ་འདོར་དུ་མེད་པའི་དད་པ། ཆུང་མ་ལྷ་མོར་མངལ་སྦྲུམ་རྒྱུ་མེད་པ་དང་ཁྱི་མོ་ཚང་ལ་འགྲོ་བའི་འཇིག་རྟེན་འཁོར་བའི་འདོད་པ་སོགས་ལྷན་དུ་བསྡོངས་པ་ལ་འཁོར་བའི་ནང་གི་མིའི་འདོད་ཡོན་མཐོ་རུ་འདོན་པར་དགེ་མཚན་མི་དམན་པ་ཐོན་ཡོད་སྙམ།
       སྒྲུང་གཏམ«རྨི་ལམ་ཁྲོད་ཀྱི་ཁྱི་མོ»ཞེས་པ་འདི་དང«ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག»ཅེས་པའི་ནང་གི་ཁྱི་མོ་གཉིས་ཀྱི་ལས་དབང་འདྲ་བ་ཞིག་ཏུ་བྲིས་ཡོད་དེ། ཁྱི་མོ་དེ་གཉིས་ཀ་སྒྲུང་གཏམ་ནང་གི་མི་སྣ་སྟོབས་ལྡན་དང་ཞང་བོ་བློ་རྒྱམ་གཉིས་ཀྱི་ཨ་མའི་རྣམ་ཤེས་ཡིན་པ་ཞིག་ཏུ་བྲིས་ཡོད། འདི་ནི་མི་དང་ཁྱི་གཉིས་འདྲ་མཉམ་དུ་བཟོས་པའམ་ཚེ་སྲོག་འདྲ་མཉམ་གྱི་ངོས་ཡངས་སུ་བཀྲམ་གྱིན་པའི་རྩོམ་མཁན་གྱི་བསམ་བློ་མངོན་སྟངས་ཤིག་ཀྱང་ཡིན་པར་འདོད་དོ། །
བཅུ་གསུམ། «དོམ་བུ།»
       སྒྲུང་གཏམ་འདི་ལས་རྩོམ་གྱི་མི་སྣ་བྱིས་པ་དོན་གྲུབ་དང་ཁྱི་གུ་དོམ་བུ་གཉིས་ཀྱི་མིང་བརྗེ་པ་སྟེ། མི་མིང་ཁྱི་ལ་འདོགས་པ་དང་ཁྱི་མིང་མི་ལ་འདོགས་པའི་མིང་འདོགས་ཀྱི་བསྣོལ་སྦྲེལ་ལས་མི་དང་ཁྱི་གཉིས་འདྲ་མཉམ་དུ་ལྟ་བའི་དགོངས་པ་གཅིག་ཏུ་བཞག་ཐོག མེས་པོས་ཚ་བོ་དང་ཁྱི་གུ་གཉིས་ལ་བརྩེ་བ་ཡོད་པའི་བྱམས་བརྩེའི་དྲོད་ཁོལ་ཆེ་རུ་བསྐྱེད་དེ། འབྲོག་རུའི་རིག་གནས་ཁྲོད་ཀྱི་མི་དང་ཁྱི་ཞེས་པའི་གོ་བབ་མཉམ་དུ་འཇོག་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་བསེད་ཅིང་། ཚ་བོ་དང་ཁྱི་གུ་གཉིས་མཉམ་དུ་བསྐྱངས་ཤིང་ནར་སོན་གྱི་ལོ་ཟླ་བྲིས་པ་བརྒྱུད་ནས། མི་ཞིག་མི་ཚེའི་གོ་རིམ་ཁྲོད་དུ་ཁྱི་གུ་ཞིག་ནར་སོན་པའི་གཏམ་རྒྱུས་བསྒྲེས་ཏེ་འཚོ་བའི་ཁ་དོག་གསོན་ཉམས་ལྡན་པར་བྲིས་ཡོད། མེས་པོས་ཁྱི་ལ་གཅེས་ཤིང་བསྲུང་བའི་རིག་གནས་ཀྱི་དགོངས་དོན་གཞན་ཞིག་ནི་ཚེ་སྲོག་འདྲ་མཉམ་གྱི་འདུ་ཤེས་ངོས་སུ་བསྙལ་བའི་རིན་ཐང་གི་ལྟ་གྲུབ་ཡིན་ཏེ། ཁོང་གིས་བྲིས་པའི་ཁྱིའི་སྐོར་གྱི་སྒྲུང་གཏམ་གང་ལ་མཚོན་ནའང་། ཕལ་ཆེ་བ་མི་རིགས་ནས་མིའི་རིགས་དང་། དེ་ནས་རིགས་དྲུག་མ་རུ་གྱུར་བའི་རིག་གནས་ལྟ་གྲུབ་ཀྱི་ངོས་སུ་ཚེ་སྲོག་འདྲ་མཉམ་གྱིས་བཏེགས་པ་ཞིག་ཏུ་ཡོད།
       སྒྲུང་ཐུང«དོམ་བུ»ལས། “ཡུལ་དུ་བསླེབས་པའི་ཚེ་ན། སྦྲ་ཁྱིམ་གྱི་ཁོར་ཡུག་ཀུན་ཏུ་དེ་སྔོན་ལྟར་དོམ་བུའི་ཟུག་སྐད་ཐོས་རྒྱུ་མེད་པར་ཧ་ཅང་སྟོང་འཇགས་སེར་འདུག་པས། སེམས་ནང་དུ་རྒྱུ་མཚན་མེད་པའི་འཚབ་སྣང་ཞིག་སྐྱེས་བར་གྱུར་སོང་། འབྲོག་པའི་སྦྲ་ཁྱིམ་ཞིག་ལ་མཚོན་ན་ཁྱི་ཡི་ཟུག་སྐད་ཐོས་རྒྱུ་མེད་པར་གྱུར་ཚེ། དེ་ནི་ཧ་ཅང་ཁེར་རྐྱང་ངམ་བྲོ་བ་མེད་པའི་མྱ་ངན་ཞིག་གིས་ཁེངས་པ་དང་ཁྱད་མི་འདུག་ཅིང་། ཁྱི་ཡི་ཟུག་སྐད་ཁོ་ན་ནི་སྦྲ་ཁྱིམ་ཞིག་གི་ཚེ་སྲོག་འཕར་ལྡིང་བྱེད་པའི་སྒྲ་ཡིན་པའི་སྣང་བ་ཞིག་ཀྱང་སྐྱེས།”ཞེས་རྩོམ་པ་པོས་མི་དང་ཁྱི་གཉིས་ནི་སྦྲ་ནག་གི་གསོན་ཤུགས་དང་ལྷན་དུ་བཏེགས་པའི་ཚེ་སྲོག་གི་་འགུལ་རིས་སྟེང་ལ་ཕབ་པའི་བསམ་བློ་ཤུགས་སུ་མངོན་པར་བྱས་ཡོད། དེ་བཞིན་རྩོམ་པ་པོས། “ནམ་རྒྱུན་མི་རྣམས་ཀྱིས་ཁྱི་ཡི་ལྷད་མེད་རྣམ་དག་གི་རང་གཤིས་དང་། ཡོད་ཚད་བདག་པོའི་དོན་དུ་འབུལ་བའི་ལྷག་བསམ་ལ་དགའ་མོས་དང་བརྩི་འཇོག་ཚད་མེད་བྱེད་ཀྱིན་ཡོད་ནའང་། མི་ཡི་ནང་སེམས་ཀྱི་དགེ་སྡིག་གི་ཚད་གཞིས་བསྙལ་ཞིང་ཕབ་པའི་ཕྱིའི་སྤྱོད་ལམ་སྣ་ཚོགས་ཀྱིས་ཁོའི་གྲོགས་པོར་གྱུར་པའི་སྒོ་ཁྱི་ཡི་རིགས་ལ་ཡང་། འདི་འདྲའི་དཔག་པར་དཀའ་ལ་གཏིང་ཟབ་པའི་བག་ཆགས་མཐུག་པོ་བཞག་ཡོད་པ་ནི་སུ་ཞིག་གི་ཡིད་ངོར་འཆར་ཐུབ།”ཅེས་ཁོང་ནས་ཁྱིའི་སྐོར་གྱི་སྒྲུང་གཏམ་མང་པོར་བྲིས་པ་ལ་རིག་གནས་ཀྱི་གདེང་འཇོག་དང་བསམ་བློའི་ལྟ་དགོངས་རྩོམ་དུ་བྲིས་པའི་ཟུར་སྣེ་ཀློག་མཁན་ཡོངས་ལ་བསྟན་པར་བྱས་ཡོད་དོ། །
བཅུ་བཞི། «ཁྱི་རྒན་དག་ཞིང་དུ་བསྐྱལ་སོང་།»
       སྒྲུང་གཏམ་འདི་ལས་མི་སྣ་རྒད་པོ་རྒྱ་རྒྱས་ཁྱི་རྒན་བོར་བའི་གཏམ་རྒྱུད་ནས་མགོ་བརྩམས་ཏེ། དོགས་པ་ཟ་ས་རི་བྷོའུ་ནག་རིལ་བར་ལ་གྱོད་རྒྱག་འདོད་པའི་ཀུན་སློང་གིས་ཡིད་ཁོག་སྦོས་པའི་ནང་སེམས་ཀྱི་འདོད་ཧམ་རྩོམ་གྱི་ཐོག་མཐའ་བར་གསུམ་ཀུན་ལ་བསྒོས་ཤིང་། ཁྱི་རྒན་བོར་བའི་དོན་བྱ་ཉིད་རྩོམ་གྱི་སྲོག་ཤིང་དུ་བསླངས་ཤིང་། ཁྱི་རྒན་གཞན་གྱིས་བསད་པར་དོགས་པའི་དོགས་གཞི་ཆེ་རུ་བསྐྱེད་དེ། ཁྱི་རྒན་འཚོལ་བའི་རིན་ཐང་མཐོ་རུ་བྱས་པ་དང་བསྟུན་ནས་མི་ཚང་ཁྱིམ་མཚེས་བར་གྱི་གྱོད་དོན་གཏམ་རྒྱུད་སྣ་ཚོགས་ཨ་ལོང་དུ་བྱས་ནས་འཚོ་བའི་གསོན་ཤུགས་ཀྱི་སྣང་བརྙན་འབུར་དུ་བཏོད་ནས་འབྲི་ཐུབ་ཡོད་པ་དང་། མི་ཇུས་འདོད་ཡོན་གྱི་ཆ་མཐོ་རུ་བྲིས་པས་མི་དང་མིའི་དཀའ་རྙོག་གི་འབྲེལ་བ་ཞིབ་གསལ་དུ་སྔོག་ཐུབ་ཡོད།
       རྩོམ་གྱི་མི་སྣ་རྒད་པོ་རྒྱ་རྒྱའི་ཁྱི་རྒན་གཞན་གྱིས་བསད་པའི་དོགས་གཞི་ཡོངས་སུ་གྲོལ་ས་ནི་བུ་དོན་གྲུབ་དང་ཁོང་གཉིས་ཁྱིམ་དུ་ཐོན་པའི་དུས་སུ་འཁེལ་བར་བྱས་ཡོད་དེ། སྒྲུང་གཏམ་གྱི་ཆེས་མཇུག་ཏུ། “དོན་གྲུབ་དང་ཁོང་གཉིས་རང་ཁྱིམ་གྱི་ཉེ་སར་ཐོན་དུས། ཁོ་ཚང་གི་ཁྱི་རྒན་ཁྲ་བོ་ཕྱིར་ཡུལ་དུ་ཐོན་པར་མ་ཟད་ཁོ་རང་གི་འདོགས་ཐག་ལ་བཏགས་འདུག་པ་མཐོང་བྱུང་། ད་དུང་ཁྱི་རྒན་གྱིས་ཁོ་གཉིས་མཐོང་འཕྲལ་ཧ་ཅང་དགའ་བའི་ངང་རྔ་མ་ལིང་ལིང་གིས་ཐག་མགོར་རྩེན་བཞིན་འདུག་ཅིང་། དེ་སྔོན་དང་བསྡུར་ན་གཟུགས་སྟོབས་དར་ཅིང་སྤུ་སྟེང་ལ་གྲ་ཁ་རྒྱས་ཡོད་པ་ལྟར་སྣང་།”ཞེས་ཁྱི་རྒན་ཕྱིར་ཁྱིམ་དུ་ཐོན་པའི་འདུ་འཛོམས་ཀྱི་སྟེང་ལ་བརྒྱུས་ནས་བྲིས་ཤིང་། དེ་ནས་སླར་ཡང་། “སྐབས་ཤིག་ལ། མནའ་མ་མཚོ་མོ་ཕྱི་རོལ་ཏུ་བུད་སོང་ལ། ཅུང་མ་འགོར་བར་འཚབ་འཚབ་ངང་ཕྱིར་བརྒྱུགས་ཡོང་སྟེ། མིག་ཆེ་རུ་ཅེར་བཞིན། “ངེད་ཚང་གི་ཁྱི་རྒན་སུ་ཞིག་གིས་དག་ཞིང་དུ་བསྐྱལ་འདུག ཁ་ནང་ནས་ཝུ་བ་ཞིག་བཞུར་འདུག་པས། ཕལ་ཆེར་ཁོ་ཚོས་དུག་འཕངས་ནས་བསད་པ་འདྲ”ཟེར་ནས། ཡར་སྒྱེད་དུ་ཡོད་པའི་སྒྱུག་པོ་སྟེ་རྒད་པོ་རྒྱ་རྒྱར་བལྟས་ཏེ། ཁོས་ཅི་ཟེར་ལ་སྒུག་འདུག”ཅེས་ཁྱི་རྒན་སྦྲ་ཁྱིམ་འདི་དང་གཏན་དུ་བྲལ་བའི་གྱེས་བྲལ་གྱི་སྟེང་དུ་བསྐོར་ནས་མི་ཚེའི་སྐྱེ་འཆི་དང་འདུ་འབྲལ་གྱི་ཉིན་སྲིབ་གཏན་ཚིགས་ཀྱི་ངོས་སུ་བསྐྱོན་ནས་བྲིས་འདུག སྒྲུང་གཏམ་འདི་ལས་ཁྱི་རྒན་ཤི་བར་གྱུར་བ་ལ་ཤི་བ་དང་འཆི་བའི་ཐ་སྙད་སྤྱིར་བཏང་དུ་བྱས་མེད་པར་དག་ཞིང་དུ་བསྐྱལ་འདུག་ཅེས་མཐོ་རིས་དག་ཞིང་གི་གོང་ཐང་མཐོ་རུ་བྱས་ཡོད། དེ་བཞིན་རྩོམ་གྱི་ཁ་བྱང་དུའང་ཁྱི་རྒན་དག་ཞིང་དུ་བསྐྱལ་སོང་ཞེས་པར་དོན་སྙིང་བླ་ལྷག་ལྡན་པར་སྣང་སྟེ། ཁྱི་རྒན་བོར་བའི་གཏམ་རྒྱུད་ཀྱི་ནང་ལ་མི་དང་མིའི་འབྲེལ་བ་དཀའ་རྙོག་ཅན་དུ་ཡོད་པའི་འཚོ་བའི་བདེ་སྡུག་བྲིས་ཏེ་མི་ཚེའི་དཀའ་ཚེགས་ཀྱི་གཏན་ཚིགས་གསལ་དུ་བསྟན་པའི་དགེ་མཚན་ཇི་སྙེད་ཀྱིས་ཀྱང་་ཕྱུག་ནས་ཡོད་སྙམ།
       མདོར་ན། རྩོམ་པ་པོ་སྟག་འབུམ་རྒྱལ་གྱིས་ཁྱིའི་སྣང་བརྙན་དེ་དག་ཞིབ་ཏུ་བྲིས་པ་བརྒྱུད་ནས། མིའི་བདེ་སྡུག་དང་སྐྱེ་འཆི། རྣམ་ཤེས་དང་ཚེ་སྲོག  རྩིས་ཐང་སོགས་ལ་དབྱེ་ཞིབ་མཛད་ཡོད་པའི་ངོས་གཞན་ཞིག་ཀློག་མཁན་ལ་སྩོལ་ངེས་པ་དང་། དངོས་ཡོད་འཚོ་བའི་ཁྲོད་ཀྱི་མིའི་དཀའ་རྙོག་གི་ལས་དོན་དང་ཁྱིའི་འཁོས་ཆུང་གི་ཉམ་དམས་བསྡུར་ཏེ་བྲིས་པས། མི་དང་ཁྱིའི་ལས་དབང་གི་ངོས་ནས་ཚེ་སྲོག་འདྲ་མཉམ་གྱི་ལྟ་དགོངས་ཤུགས་སུ་སྟོན་པའི་མཚན་ཉིད་རིག་པའི་བསམ་བློས་ཁྱིའི་སྐོར་གྱི་གསར་རྩོམ་ལ་བླ་ན་མེད་པའི་རིན་ཐང་ཡང་བསྐྲུན་ཡོད་པར་འདོད་དོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།