སྤང་ལ་བཞད་པའི་སྤང་རྒྱན།

རྩོམ་པ་པོ།:ལྷ་གཡང་ནོར་བུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-02-05 08:50:20 ཀློག་གྲངས།:
       མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་བརྒྱ་ཟིན་ལ་མ་ཟིན་གྱི་མཚམས་སུ་སླེབས་ནའང་ད་དུང་འགོར་དྲགས་པའི་སྣང་བ་ཞིག་འགོག་མེད་དུ་འཆར་འོང་། གཞུང་ལམ་གཡས་གཡོན་གྱི་ལྕང་མའི་སྡོང་པོ་འདབ་བརྒྱ་ལྷུག་པོར་གྲོལ་ཏེ་ལྗང་ཐིང་ཐིང་དུ་སྣང་ཞིང་། གཙང་འགྲམ་ཧྲིལ་པོའི་བྱེ་ཐང་ཁྱོན་ད་ཆ་ནགས་ཚལ་སྟུག་པོའི་གླིང་དུ་བསྒྱུར་ཟིན་པས། འདི་དག་གདོད་མའི་ནགས་ཚལ་མིན་པར་མི་ཡིས་བཏབ་པ་ཤ་སྟག་རེད་ཟེར་ན། རེ་ཞིག་ཡིད་ཆེས་བྱ་ཐབས་བྲལ་བའི་ཚད་དུ་སྣང་། ངའི་ཡིད་ལ་རྒན་ཚེ་རིང་ནོར་བུ་ལགས་ཀྱི་བརྩམས་སྒྲུང་ཐུང་གྲས་གླ་ནག་ཚལ་ཞེས་པར། མི་རབས་གསུམ་གྱིས་བྱེ་ཐང་ནགས་ཚལ་དུ་བསྒྱུར་ཚུལ་དེ་ཡང་རྒྱུ་ཆ་འདི་ལྟ་བུ་ཞིག་ལ་བལྟོས་ནས་གསར་རྩོམ་གནང་བ་ཡིན་ངེས་སྙམ།
       “རྒན་ལགས་མདང་ནུབ་ཅུག་རེད་དེལ། མགོ་ན་མི་གདའ་ཝ། ང་སྔོན་དུ་ལོག་སོང་བ་ཡིན། ཨར་བརྟེན་མ་བྱུང”འགྲམ་དུ་བཞུགས་པའི་རོང་པོ་རང་འཚོལ་གྱིས་ངའི་གདོང་ལ་ལྟ་བཞིན་དེ་སྐད་དྲིས། ངའི་མགོ་བོ་ནམ་རྒྱུན་དང་མི་འདྲ་བར་བར་སྣང་ཁམས་སུ་ཡར་ཙམ་བཀྱགས་པ་ལྟར་ཡ་མེ་ཡོམ་མེ་ཅུང་ཟད་བྱས་ཡོང་ནའང་། རླངས་འཁོར་གཏོང་མི་ཐུབ་པའི་ཚད་དུ་སླེབས་མི་འདུག་ལ། གཉིད་ཐེངས་གཅིག་གིས་ནམ་ལངས་ཟིན་པས་ངལ་གསོ་ཡང་ཡག་པོ་ཐེབས་འདུག
       “སྣང་དག་མི་འདུག མདང་ནུབ་ཉལ་ཕྱི་ཡང་ངལ་གསོ་ཡག་པོ་ཐེབས་བྱུང”ཞེས་ལན་བཏབ། སེམས་རྩ་འཁོལ་བའི་རྩེད་ཐང་གི་རྩོམ་གྲོགས་ཚོ་དང་ལྷན་དུ་བསམ་བློ་བརྗེ་རེས་བྱ་ཁོམ་བྱུང་བར་དགའ་བས་བརྟས་བཞིན་ཡོད་ལ། རྩོམ་གྲོགས་རྡོ་རྗེ་ཚེ་རིང་ལགས་ཀྱིས་ཆེད་མངགས་ལས་དགོངས་ཞུས་ཏེ་སྒེར་འཁོར་བཏང་ནས་ཨེ་ལྷ་རྒྱལ་རིའི་གཞིས་ཀར་ཁྲིད་གནང་བར་དེ་བས་ཀྱང་སེམས་ནང་དགའ་སྣང་ཞིག་འཕྱུར་ཡོང་། ངས་སྔོན་ཆད་སྐྱིད་ཟུར་ལགས་ཀྱིས་གསུངས་པའི་མཚར་གཏམ་སྟེ། ཨེ་ལྷ་རྒྱལ་རི་དབུ་འཕང་དགུང་ལས་མཐོ། །སྒམ་གསེར་སྒམ་ནང་ནས་གཡུ་འབྲུག་ལྡིར། །ཆིབས་རག་པའི་སྒལ་པ་གྲི་ལས་རྣོ། །གཉེར་ཕྱག་མཛོད་ལག་པ་རྡོ་ལས་མཁྲེགས། །ཞེས་པ་དེ་ཐོས་མྱོང་བ་ཕུད། གཞན་གྱི་རྒྱུས་མངའ་དེ་ཙམ་མེད་ལ། ཐ་ན་ཨེ་ལྷ་རྒྱལ་རི་ནི་བཙན་པོའི་གདུང་རྒྱུད་མ་ཆད་པར་རྒྱུན་སྐྱོང་ཡོང་མཁན་གྱི་སྒེར་སྡེ་ཆེན་པོ་ཞིག་ཡིན་ཟེར་བའང་ད་ཐེངས་མ་གཏོགས་གོ་མྱོང་མེད། འོན་ཀྱང་ཁ་སང་ཨེ་ལྷ་རྒྱལ་རིའི་གཞིས་ཀར་དངོས་སུ་འབྱོར་བ་དང་། གང་དེའི་ལོ་རྒྱུས་དང་གནས་བབ་ལ་རྒྱུས་མངའ་རགས་ཙམ་ཞིག་ལོན་དུས། ངའི་སེམས་ནང་ད་ཐེངས་ཡོང་རིན་ཆོག་འདུག་ཨང་། གལ་ཏེ་རྒྱུས་མངའ་མཐིལ་ཕྱིན་པ་ཞིག་ལོན་དགོས་ཚེ། དེ་འབྲེལ་གྱི་ལོ་རྒྱུས་ཡིག་ཚགས་ཡང་ཡང་བསྔོགས་རྗེས། ཉུང་མཐར་ཡང་ཐེངས་མ་གཉིས་གསུམ་ཞིག་ཡོང་དགོས་ངེས་ཡིན་ཨང་སྙམ།
       “རྒན་ལགས། ང་ལ་ཞུ་རྒྱུ་གཅིག་ཡོད། ངོ་མ་མིན་མ་རྫོ་ཨ། དགེ་བ་འོད། རྒན་ཁྱེད་ཀྱིས་ཐུབ་རེད”གློ་བུར་དུ་རོང་པོ་རང་འཚོལ་གྱི་སྐད་ཆ་དེས་ངའི་སེམས་པ་ཕྱིར་དྲན་ཀློང་ནས་ཕྱིར་དྲངས། “དེ་འདྲའི་གཟབ་ནན་ཆེ་མདོག་ལ། ལབ་རྒྱུ་ཡོད་ན་ཁ་ཐུག་ལོབ་དང་། ང་ལའང་འཛེམ་འཛེམ་དོགས་དོགས་བྱེད་དགོས་འདུག་གས། ཨཱ”ངས་དེ་ལྟའི་ལན་ཞིག་བཏབ་ནས་ཁོང་གིས་ཅི་ཞིག་བཤད་ཡོང་ངམ་སྙམ་སྟེ་རླངས་འཁོར་གཏོང་བཞིན་ཨ་ལན་འདེབས་རྒྱུར་བསྒུགས།
       “རྒན་ལགས་ཁྱེད་ཚོས་དེ་སྔོན་སྣང་རྫོང་ལ་སོང་། ད་ལོ་དཀར་ཤོད་ལ་སོང་དེལ་པཱ། སང་ལོ་ངེད་ཡོས་ཆགས་ལ་ཡོང་རོགས་ཨ། ང་ཚོར་དུས་དེབ་འཕར་མ་གཅིག་བཟོ་རོགས་རྫོ་དགོས་གདའ། འགྲོ་གྲོན་དང་གཤམ་སྐྱོད་ཡོང་དུས་ཀྱི་ཟས་སྡོད་སྐྱོད་གསུམ་ལ་སེམས་ཁྲལ་མེད”ཅེས་གསུངས། མ་གཞི་སྔོན་ཆད་ཁོང་གིས་དེ་ལྟའི་འདོད་འདུན་ཡོད་ལུགས་ཐེངས་མ་གཅིག་གཉིས་ཤིག་བཤད་མྱོང་ཡང་། མཐུན་རྐྱེན་འཛོམས་ཨེ་ཡོང་སྙམ་ནས་སྣང་འཇོག་དེ་ཙམ་བྱས་མེད། འོན་ཀྱང་ཁོང་གིས་ད་ཐེངས་ནན་ཏན་ངང་གསུང་སྟངས་ལ་བལྟས་ན། དེ་དོན་བསྒྲུབ་རྒྱུའི་སེམས་ཐག་བཅད་ཟིན་པ་འདྲ།
       “གལ་ཏེ་བཟོ་གཏན་འཁེལ་ཡིན་ན། ངེད་གཉིས་སྔ་ཙམ་སྙན་ཞུ་ཕུལ་ནས་གྲ་སྒྲིག་བྱ་དགོས་རེད། དུས་སང་དབྱར་སྟོད་ཙམ་ལ་སོང་། ལོ་མཇུག་ཏུ་འགྲུབ་ཐུབ་པ་བྱས་ན་ཅུང་ལྷོད་པ་ཡོང་གི་རེད”ངས་ལན་དེ་ལྟར་བཏབ་པ་དང་། ངེད་རྩོམ་སྒྲིག་ཁང་གི་ལས་མི་ཉུང་ནའང་ལོ་རེར་འཆར་ཅན་གྱི་དུས་དེབ་དྲུག་རེ་རྩོམ་སྒྲིག་པར་སྐྲུན་ལེགས་པར་ཐུབ་པའི་རྨང་གཞིའི་སྟེང་། མཐུན་རྐྱེན་འཛོམས་རིམ་བཞིན་དུས་དེབ་འཕར་མ་རེ་ཟུང་མ་བསྐུལ་དང་བླངས་ཀྱིས་རྩོམ་སྒྲིག་དཔེ་སྐྲུན་བྱེད་པ་ནི་རང་ནུས་ལ་དཔག་པའི་ས་ཁོངས་རྩོམ་པ་པོ་གསོ་སྐྱོང་གི་གོ་སྐབས་བཟང་པོ་ཞིག་ཡིན་ལ། དེ་བསྟུན་གྱི་གཞོན་སྐྱེས་རྩོམ་པ་པོ་རེ་འགའ་གསར་དུ་རྙེད་ཚེ། དེ་ནི་དགོས་རྒྱུ་སྤག་ལ་སྤག་ཁུ་ད་ར་བྱུང་བ་སྨྲོས་ཅི་ལ་དགོས། ཁོང་གིས“ངས་ཀྱང་དེ་རང་བསམས་བྱུང་། ངེད་ཤང་ལ་རྩོམ་འབྲིའི་ཚོགས་ཆུང་གཅིག་ཡོད། ད་དུང་དཔེ་ཀློག་བྱེད་སྒོ་ཐེངས་གསུམ་བཞི་ཡང་སྤེལ་མྱོང་བས། དཔེ་ཆར་ལྟ་མཁན་མང་པོ་ཡོད། སྟབས་འགྲིག་ན། རྒན་ལགས་ཁྱེད་ཀྱིས་ཁ་སང་གི་ནང་དོན་དེ་རང་སྐབས་དེའི་བྱེད་སྒོའི་རིང་ང་ཚོར་ཡང་མཉམ་སྤྱོད་ཐེངས་གཅིག་གནང་རོགས་ཞུ་གི་ཡིན”ཞེས་གསུངས། 
       དེ་ལྟར་ངེད་གཉིས་རྩེད་ཐང་ནས་ལྷ་སར་ལོག་པའི་ལམ་བར་དུ2025ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»ཡོས་ཆགས་ཀྱི་དུས་དེབ་འཕར་མ་གཅིག་བཟོ་ཨེ་ཐུབ་བལྟ་རྒྱུའི་འཆར་གཞི་གཏིང་བ་དང་། ཞིབ་ཕྲའི་ལག་ལེན་བསྟར་ཚུལ་ཁག་ལའང་ཕན་ཚུན་གླེང་མོལ་ཞིབ་ཚགས་བྱུང་རྗེས། ངས་འགན་ཁུར་ནས་འབྲེལ་ཡོད་འགྲོ་ལུགས་དང་བྱེད་སྒོ་སྤྱིའི་སྒྲིག་འཛུགས་བྱ་རྒྱུ་དང་། ཁོང་གིས་དེར་མཁོ་བའི་འགྲོ་གྲོན་དང་གཤམ་སྐྱོད་བྱེད་སྒོ་སྤེལ་རིང་གི་ཟས་སྡོད་སྤྱོད་གསུམ་གྱི་གྲ་སྒྲིག་བྱ་རྒྱུའི་གྲོས་ཆད་བཏབ་པ་བཞིན། བར་དུ་ཞིབ་བསྡུར་འགའ་ཤས་ཞུས་མཐར། སྤྱི་ཟླ་བརྒྱད་པའི་ཚེས་གསུམ་ཉིན་དངོས་སུ་ཡོས་ཆགས་ཤང་དུ་རྡོག་ཐོན་བྱས།
གཅིག
       སྔོན་ཆད་ལྷ་ས་ནས་ནག་ཆུར་འགྲོ་བའི་ལམ་བར་དུ། འདམ་ཅོག་ཙེ་ལ་ཞེས་འབོད་དུས། མཆོད་རྟེན་དཀར་པོ་བརྒྱད་བང་རིམ་བསྒྲིགས་པ་དང་། ལམ་ཁའི་གཡས་གཡོན་གཉིས་ཀར་དར་སྤུངས་ཀྱིས་བཏུམ་ནས་བརྗིད་ཉམས་ལྡན་པའི་ལ་མཐོ་དམན་རན་ཚོད་ཅིག་ཏུ་མཐོང་ནའང་། ད་ཆ་མྱུར་བགྲོད་གཞུང་ལམ་བཟོས་རྐྱེན་ལ་ཉག་ཀོང་དུ་དྲུས་པའི་མཐིལ་ལ་རླངས་འཁོར་བགྲོད་བཞིན་ཡོད་སྟབས། གཡས་གཡོན་དུ་གད་ཆམ་མཐོན་པོ་རེས་བསྒྲིབས་ནས། འདམ་ཅོག་ཙེ་ལ་ཡི་ལ་སྒང་ལ། །བྱེའུ་ཅོ་ཀས་མཆོད་མེ་སྤར་བསྡད་གདའ། །བྱེའུ་ཅོ་ཀ་མཆོད་སེམས་ཆེ་སོང་མ། །དབུས་ལྷ་ས་ཁ་ཐག་ཉེ་ལས་རེད། །ཅེས་པའི་མཆོད་མེ་སྤར་མཁན་བྱེའུ་ཅོ་ཀ་དེ་གང་འདྲ་ཞིག་ཡོད་དམ་སྙམ་པའི་འཆར་ཡན་གྱི་རྟ་རྒྱུག་གློད་སའི་རི་མགོ་མཐོན་པོ་ཞིག་མ་རྙེད་ལ། དེ་བས་ངེད་ཚོ་ཅོག་ཙེ་ལ་བརྒལ་མ་ཐག་གསང་སྟོང་ཆེན་པོ་ཞིག་འདུག་པ་དེ་ཐུར་དུ་ཁ་ཤར་ལ་ཕྱོགས་ཏེ་དལ་འགྲོའི་རྒྱུན་དང་འགྲོགས་ནས་འགྲོ་དགོས་ཤིང་། འབབ་བཞིན་པའི་ཆུ་མོ་ཆུང་ཆུང་དེ་ནི་གཡས་ཀྱི་ཅོག་ཙེ་ལའི་ལ་རྒྱུད་དང་གཡོན་གྱི་གླང་ལིང་ལའི་ལ་རྒྱུད་ཀྱི་དཀྱིལ་ཏེ། བསམ་གཏན་གང་བཟང་རི་རྒྱུད་ཀྱི་ཤར་ངོས་ལུང་ཆེན་ལུང་ཆུང་ཁག་ནས་འབབ་པའི་གསང་ཆུ་ཡིན་འདུག 
       དེང་གི་ས་མིང་ལོ་རྒྱུས་ཞིབ་འཇུག་པ་ཕལ་ཆེ་བས། ཏུན་ཧོང་ཡིག་རྙིང་དུ་གསལ་བའི་བློན་ཆེ་སྟོང་བཙན་གྱིས། གཙམ་གྱི་ཡུལ་མར་དུའ་ཤ་ལིངས་ཆེན་ཕོ་བཏབ། ཅེས་གསལ་བའི་གཙམ་གྱི་ཡུལ་མར་ཟེར་བ་ལུང་པ་འདིའི་ཕུ་ཡི་ལུང་ལག་གཅིག་ཡིན་པ་དང་། བློ་ཆེ་སྟོང་རྩན་གྱིས་གཡུག་ཏུ་གནག་ལིངས་བཏབ། ཅེས་གསལ་བའི་གཡུག་ཟེར་བའང་གླང་ལིང་ལའི་རྒྱབ་ཀྱི་ལུང་པ་གཡུག་ཟེར་བར་ངོས་འཛིན་གནང་གི་ཡོད། གལ་ཏེ་ས་མིང་དེ་གཉིས་ལ་འགལ་འཛོལ་མེད་ཚེ། བཙན་པོའི་རྒྱལ་རབས་སྐབས་བློན་ཆེན་པོ་སྟོང་བཙན་གྱིས་ས་ཆ་འདིའི་བརྒྱུད་དུ་ལོ་གཉིས་རིང་ཤ་ཁྲལ་བསྡུ་བར་ཡོང་མྱོང་ཡོད་ལ། འབའ་རོམ་དར་མ་དབང་ཕྱུག་གིས་ཕྱག་བཏབ་པའི་འབའ་རོམ་དགོན་པ་ཡང་ཡུལ་འདིའི་ཕུ་ལ་ཆགས་ཡོད་རྐྱེན། ད་ཐེངས་སྟབས་འགྲིག་ན་ཁོང་གི་ཞབས་རྗེས་འཚོལ་བའི་གོ་སྐབས་ཤིག་འཐོབ་ངེས་རེད་སྙམ་པའི་དགའ་ཚོར་སྐྱེས་འོང་། 
       ངེད་ཚོ་གསང་ཆུའི་གཞུང་བརྒྱུད་དེད་དེ་སྦྲ་ཁར་འབྱོར་མཚམས་གསང་ཆུ་ནི་སྤོད་ཆུ་དང་འདྲེས་ཏེ་ཐུར་དུ་འབབ་འགྲོ་བ་དང་། ཆུ་གཉིས་འདྲེས་པའི་གཙང་པོའི་མིང་ལ་སྔར་བཞིན་གསང་ཆུ་ཞེས་འབོད་ཅིང་། དེ་ནས་བྱང་ཤ་རའི་འགྲམ་གྱི་གསང་མདོ་འམ་ཤ་རོམ་སུམ་མདོ་རུ་སྨྲི་ཏི་གཙང་པོ་དང་འདྲེས་མཚམས་ཆུ་མིང་ལ་རྭ་སྒྲེང་གཙང་པོ་ཞེས་འབོད། དེ་ནི་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་རྭ་སྒྲེང་དགོན་པ་འདེབས་སའི་ས་དཔྱད་གཟིགས་སྐབས་སུ། ཕུ་རོམ་པའི་མདའ་ཡིན་པས་མར་དང་གསེར་མོད། ཅེས་པའི་རོམ་པ་ཞེས་པ་དེ་ཡིན།  ངེད་ཚོ་ནི་སྦྲ་ཁ་ལས་སྤོད་ཆུ་གྱེན་ལ་དེད་དེ་མུ་མཐུད་མོ་ནམ་གངས་རི་གཡས་སུ་བཞག་ནས་ཡོས་ཆགས་ཤང་དུ་བསྐྱོད།
       ཉིན་བཞིའི་རིང་གི་རྩོམ་རྒྱུ་འཚོལ་བསྡུའི་གྲོས་རིམ་ཁག་ནི་ཚགས་ཚུད་ལ་སྣ་ཁ་མང་བས་བྲེལ་བྲེལ་འཚུབ་འཚུབ་ངང་འཁྱུག་ཙམ་ཞིག་ལ་འདས་ཟིན་པའི་སྣང་བ་བྱུང་། དེ་བས་འགྲོ་ས་འགྲོ་ཡུལ་ཁག་གི་ས་གནས་ས་ཐོག་ཏུ་སླེབས་རིམ་བཞིན། དེ་གའི་ལོ་རྒྱུས་དང་དམངས་སྲོལ། ཆོས་ལུགས་བྱེད་སྒོ་སོགས་ཀྱི་མཐུན་མིན་ངག་རྒྱུན་ཁག་ངོ་སྤྲོད་གནང་སྐབས་དེ་ལྟ་བུ་ཞིག་ཟེར་བ་དང་འདི་ལྟ་བུ་ཞིག་འདུག་ཨང་སྙམ་པའི་བག་ཆགས་ངེས་ཅན་རེ་བྱུང་ནའང་། ཞག་རེ་ཉིན་རེ་བཞིན་འགྱངས་འགྲོ་བ་དང་བསྟུན་ལུང་པའི་ཆགས་དབྱིབས་ཀྱི་ཕྱིའི་བག་ཆགས་རགས་ཙམ་ལས་ཞིབ་ཆ་རྣམས་སེམས་སུ་གནས་མ་ཐུབ་པར་བརྗེད་ངས་རྐུན་པོའི་ལག་ཏུ་ཤོར་འདུག་མོད། གཅོད་བྲོ་དང་གླིང་སྒྲུང་། དམར་ཡོན་དཔོན་གྱི་བྲོ་སོགས་ཀྱིས་མིག་ཡིད་རྣ་བའི་དགའ་སྟོན་གྱ་ནོམ་པ་ལོངས་སུ་སྤྱོད་རྒྱུ་བྱུང་ལ། དེ་བས་སྐྱུང་ཚང་ཐང་དུ་བཞུགས་པའི་བགྲེས་སོང་འཕྲིན་ལས་རྡོ་རྗེས་ངའི་སེམས་ནང་བསུབས་དཀའ་བའི་བག་ཆགས་ཟབ་མོ་ཞིག་བཞག་བྱུང་།
གཉིས།
       ཉིན་དེའི་ཞོགས་པར། དབྱར་གཞུང་གི་རང་སྒང་ཚུགས་པའི་ཆར་དུས་སུ། བར་སྣང་ཁམས་སུ་སྨུག་སྤྲིན་ལ་མ་ལིང་དུ་ལྡིང་བ་དང་། རྒྱབ་ཀྱི་ཁྱུང་རིའི་ལྡེབས་སུ་ནག་ཆུང་ནོར་གནག་རྩྭ་ཁར་རོལ་བཞིན་མཆིས་ལ། གཡོན་རི་ཁམས་སེའི་མགུལ་ལའང་སྨུག་པས་སྐེ་དཀྲིས་དཀྲིས་པ་ལྟར་སྨུག་ལིང་ངེར་སྣང་། གཞུང་དུ་ཆལ་ཆིལ་ངང་རྒྱུ་བཞིན་པའི་རོག་མོའི་རོག་ཆུ་ནི་དྭངས་ཤིང་གཙང་ལ། དེའི་འགྲམ་དུ་བཞད་པའི་མེ་ཏོག་སྣ་བརྒྱའི་སྟེང་ན་ཞོགས་ཆར་གྱི་ཟིལ་པ་ཆུ་ཐིགས་མ་ཡལ་བར་དྭངས་ཁྲུམ་ཁྲུམ་ངང་ཤེལ་གྱི་གོང་བུ་བརྒྱན་པ་ལྟར་ཡིད་དུ་འོང་། ངེད་ཚོའི་རླངས་འཁོར་དེ་ལྟའི་ཉམས་དགའ་བའི་ཁོར་ཡུག་ཁྲོད་དུ། དལ་བུར་བསྐྱོད་དེ་བགྲེས་སོང་འཕྲིན་ལས་རྡོ་རྗེའི་ཁྱིམ་གྱི་སྒོ་ཁར་འབྱོར།
       ང་ཚོ་རླངས་འཁོར་ལས་མ་བབས་གོང་། སྒོ་འགྲམ་དུ་ལུས་ལ་གློག་ཚར་རྒྱབ་ཤ་དཀར་པོ་གཡོགས་པ་གཅིག་གྱོན། སྐྲ་ལོ་ནག་ཁ་གཙང་བའི་དཀྱིལ་དུ་སྐྲ་དཀར་གྱི་ཉག་མ་རེ་ཟུང་འདྲེས་པ་དང་། ཅུང་ཟད་སྐམ་ལ་དཀྱུས་རིང་བའི་བཞིན་རས་ཀྱི་མཐའ་སྐོར་དུ་གཉེར་མའི་བང་རིམ་ཆགས་པ། མཆུ་ཏོ་གོང་འོག་སྟེང་གི་ཁ་སྤུ་གྲལ་འགྲིག་པོ་མེད་པར་གནས་ངེས་མེད་དུ་སྐྱེས་པ། གློ་གཡས་པར་ཁབ་ཤུབས་དང་འུར་རྡོ་གཟེར། གློ་གཡོན་མར་ཕོད་མདོའི་གློ་གྲི་བཏགས། རྐང་ལ་རས་ཀྱི་ལྷམ་གོག་ཡུ་བ་མེད་པ་གཅིག་གྱོན་པའི་བགྲེས་སོང་གཅིག་དང་། དེའི་འགྲམ་དུ་ལངས་པའི་རྨོ་བོ་སྟོད་སྒུར་ཙམ་བྱས་ཏེ་མགོ་རས་ལྗང་ཁུ་གྱོན་པའི་རྒན་རྒོན་གཉིས་ཀྱིས་ལག་ཏུ་ཁ་བཏགས་རེ་བཟུང་སྟེ། ངེད་ཚོར་བསུ་མ་གནང་བྱུང་། ཁོ་བོས་རླངས་འཁོར་ལས་བབས་རྗེས“སྡོད་སྐྱིད་ཆེ། ཁྱེད་སྤོ་བོ་འཕྲིན་ལས་རྡོ་རྗེ་ཨེ་ཡིན”ཞེས་ཞུས་པར། ཁོང་གིས“ཡིན་ཡིན། རྒན་ཁྱེད་ཚོ་ཕེབས་ལམ་ཉེ། ཡར་ཁྱིམ་དུ་ཕེབས་དང”ཞེས་རྗོད་བཞིན་ངེད་རྣམས་ཁོང་གི་ཁྱིམ་དུ་དྲངས། ཁོང་གི་གློག་ཚར་དཀར་པོའི་རྒྱབ་སྟོད་དབུས་སུ་རས་སེར་པོའི་ལྷན་པ་ཉི་ཟླའི་གཟུགས་དོད་པོ་ཞིག་ལྷན་འདུག
       ངེད་ཚོ་མལ་ཁྲིའི་ཐོག་ཏུ་འཁོད་རྗེས། ཁོང་གི་ཆུང་མ་དང་བུ་མོས་གསོལ་ཇ་སྲུབས་མ་རླངས་པ་འཚུབ་འཚུབ་ངང་དྲངས་ཡོང་བ་དང་། བག་ལེབ་སྣུམ་བསྲེགས་དང་དཀར་པོ་བླུགས་པའི་དུང་ཕན་ཡང་ངེད་ཚོའི་མདུན་དུ་བསྒྲིགས་ནས“དེ་ནས་མཆོད་དང”ཞེས་གསུངས། འདི་ལྟའི་བག་ཕེབས་ལ་ལྷོད་ཡངས་པའི་ཁོར་ཡུག་ཁྲོད། ངས་ཁོང་གི་མི་ཚེའི་གཏམ་རྒྱུད་ཐུང་ངུ་ཞིག་ལ་ཉན་རྒྱུ་བྱུང་ལ། དེ་བས་ཁོང་གི་ད་ལྟའི་འཚོ་བའི་གནས་བབ་དང་དགོངས་པ་བཞེས་སྟངས་ལ་བསམ་བློ་གཏོང་སྐབས།སེམས་ནང་བཅོས་མིན་གྱི་དད་གུས་ཤིག་ཀྱང་ངང་གིས་སྐྱེས་བྱུང་།
       ང་ནི་སྐྱེ་ས། འཚར་ས། རྒས་ས་ལུང་པ་འདི་རང་དུ་ཡིན། ང་ལ་བུ་ཕྲུག་མིང་སྲིང་བདུན་ལས་བུ་བཞི་དང་བུ་མོ་གསུམ་ཡོད། ད་ཆ་ངེད་རྒན་འཁོགས་གཉིས་པོའི་རྐང་ཚབ་ལག་རྟེན་བུ་མོ་རྒན་ཤོས་གཡང་འཛོམས་ཡིན། གཞན་རྣམས་རང་རང་གི་ཁྱིམ་ཚང་ལོགས་སུ་བཅས་ཏེ་འཚོ་བ་སྐྱེལ་བཞིན་ཡོད། ང་ལོ་རྒན་བརྒྱད་ཅུ་གྱ་གསུམ་ལོན་པའི་བགྲེས་སོང་ཞིག་ལ་མི་ཚེའི་གཏམ་རྒྱུད་ཤོད་ཟེར་ན། བཤད་རྒྱུ་གཏན་ནས་མེད་པ་དེ་འདྲ་ཞིག་མིན་རུང་བརྗེད་ངས་ཀྱི་རྐུན་པོ་བཀའ་དབང་བཙན་རང་དྲགས་པས་དྲན་ཤེས་རབ་རིབ་ཙམ་ལས་ལྷག་མི་འདུག འོན་ཀྱང་ལྷག་པའི་དྲན་ཤེས་ཐར་ཐོར་དེ་ཚོ་ནི་ཁ་ཁོག་པས་མ་གསང་བློ་རྒྱུ་མས་མ་བསྐུངས་པར་ཁྱེད་ལ་ལོས་ཞུ་ཨཱ།
       རེད། ང་ནི་སྤྱི་ཚོགས་གསར་རྙིང་གཉིས་བརྒྱུད་མྱོང་མཁན་གྱི་མི་ཞིག་ཡིན། སྤྱི་ཚོགས་རྙིང་པའི་སྐབས་སུ་ང་རང་ཕྲུ་གུ་ཞིག་ཡིན་པས། སྤྱིའི་འགྲོ་སྟངས་འདུག་སྟངས་གསལ་པོ་མ་ཤེས་རུང་། མིག་མཐོང་ལག་ཟིན་བྱུང་བའི་གནས་ཚུལ་ཁག་ཅིག་ད་ལྟའང་བརྗེད་མེད། ང་སྐྱེས་པའི་ལོ་ནི་1944ལོ་རེད། ལོ་རྟགས་སྤྲེལ་ལོ་ཡིན། ངའི་བྱིས་དུས་ཀྱི་དྲན་ཤེས་གསལ་ཤོས་ནི་སྤྲང་ལ་གྱར་བ་དེ་རེད། གང་ཡིན་ཟེར་ན། ངེད་ཚོའི་ལུང་པ་འདིའི་མིང་ལ་དམར་ཡོན་ཟེར་བ་དང་། སྔར་དམར་ཡོན་དཔོན་རབས་བརྒྱད་བྱུང་ལུགས་ཀྱི་ཤོད་སྲོལ་ཡོད། དམར་ཡོན་དཔོན་གྱི་ཆོས་བྲོ་དང་དམར་ཡོན་དཔོན་གྱི་ཡི་གེ་འཁྱུག་མ་ལྕགས་སྒྲོག་མ། དེ་བཞིན་དམར་ཡོན་དཔོན་གྱི་སྤྱི་རིམ་སྡིངས་ཀ་ཟེར་བ་སོགས་དམར་ཡོན་དཔོན་དང་འབྲེལ་བའི་ངག་རྒྱུན་དང་ས་མིང་རེ་འགའ་ད་ལྟའང་ངོས་འཛིན་བྱ་རྒྱུ་ཡོད་མོད། ཞིབ་ཆ་ངས་ཤེས་ཀྱི་མེད། ང་སྐྱེས་པའི་ཡས་མས་སུ་སྡེ་ཧྲིལ་པོ་ཉམས་གུད་ཧ་ཅང་ཆེན་པོ་བྱུང་བའི་དུས་ཤིག་ཡིན་ཚོད་འདུག གལ་ཏེ་གསར་བརྗེ་ཚེས་ཚོད་ལ་མ་ཚེས་ན་དམར་ཡོན་ཞེས་འབོད་སའི་སྡེ་མིང་ཐོགས་ས་ཞིག་ཀྱང་ཡོད་ངོ་མི་འདུག རྒྱུ་མཚན་ནི་སྐབས་དེར་དམར་ཡོན་སྡེ་འདིས་ཕྱི་ཁྲལ་སྡེ་པ་གཞུང་དང་། ནང་ཁྲལ་སྟག་བྲག་བླ་བྲང་། བར་ཁྲལ་ནག་ཆུ་རྫོང་བཅས་ལ་ཁྲལ་ཁག་མི་གཅིག་པ་གསུམ་འཇལ་དགོས་སྟབས། འབངས་མི་སེར་གྱིས་ཁྲལ་མ་སོད་པར་སྡེ་ཧྲིལ་པོ་འཐོར་འགྲོ་བའི་མཚམས་སུ་སླེབས་ཡོད་ས་རེད། སྐབས་དེར་ཁྲལ་སྣ་རྟ་མགོ་བཅུ་གསུམ་ཟེར་བ་ཞིག་འཇལ་དགོས་འདུག་མོད། དེའི་ནང་དོན་ངོ་མ་ཅི་ཟེར་གྱི་ཡོད་མེད་ཤེས་ཀྱི་མེད།
       ང་ཚོའི་ཁྱིམ་ཚང་ཡང་། ཁྲལ་ཁ་མ་སོད་པའི་དབང་གིས་རང་ས་རང་ཡུལ་དང་བྲལ་ནས་སྤྲང་སློང་ལ་གྱར་དགོས་བྱུང་འདུག ངག་རྒྱུན་དུ་ཕ་མར་རྒྱུ་ཟས་མེད་དུས་བུ་ཕྲུག་འཁྱམས་རྒྱ་རྒོད་ཟེར་བ་བཞིན། ལྷོ་ཤིང་སྒོ་བཙུགས་ཚད་དང་བྱང་སྦྲ་དར་འཐེན་ཚད་ཀྱི་སྒོ་ལ་ལྟོ་སློང་བར་འགྲོ་མྱོང་། སྤྲང་པོའི་འཚོ་བར་ཆགས་ས་རྟེན་ས་གང་ཡང་མེད་སྟབས། དེ་རིང་སློང་བ་དེ་དེ་རིང་བཟས། སང་ཉིན་སློང་བ་དེ་སང་ཉིན་བཟས་ནས་འགྲོ་དགོས་པ་དང་། སྐབས་རེ་ཚ་དྲོ་དུས་གསུམ་ལ་གྲོད་པ་རྒྱགས་ཚད་བཟའ་རྒྱུ་ལྟ་ཅི། ཐ་ན་ཉིན་གཉིས་གསུམ་གྱི་རིང་། ལྟོས་གྲོད་པ་བགྲངས་པ་ཐེངས་རེ་ཐེངས་གཉིས་མ་གཏོགས་མེད་ལ། དགོང་མོའི་མལ་ས་ནི་སྐབས་རེ་དུད་ཁྱིམ་གཞན་གྱི་གཟན་ཁང་ནང་དུ་ཉལ་བ་དང་། སྐབས་རེ་ཕྱུགས་རའི་ནང་དུ་ཉལ་བ། ཡང་སྐབས་རེ་རྡོ་སྐྱོར་པོ་སྐྱོར་ནང་དུའང་ཉལ་དགོས། དགོང་མོ་མགོ་བོ་ལྷམ་མགོའི་ཐོག་ཏུ་བཞག་སྟེ། གན་རྐྱལ་སློག་རིམ་བཞིན་དུ་ནམ་མཁའི་སྐར་ཚོགས་ཁྲ་ཆིལ་ལེར་བཞད་ཀྱི་འདུག་ལ། ཟླ་བའི་སྟེང་དུ་བཞུགས་པའི་རི་བོང་བློ་ལྡན་ཡང་གསལ་པོ་ཞིག་མཐོང་ཐུབ་ཀྱི་ཡོད།
       ང་ཚོ་སློང་མོ་རྒྱག་པར་འགྲོ་ས་གཙོ་བོ་ནི་ལྷོ་ཕྱོགས་སུ་ཡིན། ད་ལྟ་བསམ་བློ་བཏང་ན། མི་བསོད་ནམས་ཅན་དེ་བོད་ལ་སྐྱེ། ཟོག་བསོད་ནམས་ཅན་དེ་བྱང་ལ་སྐྱེ་ཟེར་བ་བཞིན། ང་ཚོ་འབྲོག་པས་ལྷ་ས་དང་ལྷོ་ཁ། གཞིས་ཀ་རྩེ་སོགས་ལྷོ་རྒྱུད་དུ་གནས་པའི་སྡེ་ལ་བོད་ཅེས་འབོད་ཀྱི་ཡོད་ལ། དེ་ཁུལ་དུ་བྱང་འབྲོག་དང་བསྡུར་ན་ཆབ་དཔལ་རིག་གསུམ་གྱི་ལྟེ་གནས་དང་། གདན་ས་ཆེ་ཁག་གི་གནས་གཞི་ཡིན་སྟབས། སྤྲང་པོ་མང་ལ་སྦྱིན་པ་གཏོང་མཁན་ཡང་མང་བ་དང་། མི་ཚོགས་ཀྱི་འདུ་ལོང་ནི་དེ་བས་ཀྱང་ཤིན་ཏུ་རྒོད། ང་ཚོ་ནང་མི་ཚོ་ལྷ་ས་དང་སེ་འབྲས་དགའ་གསུམ་གྱི་རྒྱུད་དུ་ལྟོ་སློང་བཞིན་སྡོད་དུས། སྐབས་ཤིག་རིང་ངའི་ཁ་ངོ་ཡོངས་རྫོགས་སྐྲངས་ཏེ། མིག་རུབ་ནས་གདངས་མི་ཐུབ་པར་གྱུར་བ་དང་། གཟུགས་པོ་ལ་ཤུགས་གཏན་ནས་མེད་པར་གཉིད་ཁོ་ན་ཉལ་འདོད་ལངས་པ་ཞིག་བྱུང་། དོན་དངོས་ཐོག་སིབ་བི་ན་ནས་རླུངས་སྐྲང་ཤོར་བ་འདྲ། སྐབས་དེར་རླུང་རྟ་བརྒྱུགས་ན་སྤྲང་འགྱེད་རེད་ཅེས་སྡེ་པ་གཞུང་གིས་ཟངས་དམར་པོའི་ཞོ་གང་རེ་གང་དོ་རེ་སྤྲང་པོ་ཚོར་སྤྲོད་ཀྱི་འདུག དེང་སྐབས་བྱས་ན་མི་དམངས་ཤོག་སྒོར་གྱི་ཕིང་སྟེ། སྐར་མ་ལྔ་དང་གཉིས། བཅུ་བྱས་པའི་སྒོར་སྒོར་དཀར་པོ་དེ་དང་འདྲ་པོ་འདུག འོན་ཀྱང་སྤྲང་པོ་མང་དྲགས་རྐྱེན་འཚང་གའི་ཁྲོད་དུ་ང་ཚོར་རག་གི་མི་འདུག ངའི་ནད་གཞི་ཞག་རེ་ཉིན་རེ་བཞིན་ཇེ་ལོད་དུ་སོང་བ་དང་། མ་ཡང་ཤི་གྲབས་བྱས་རྐྱེན། རྐྱང་ལྷོ་རུ་ཤི་ཡང་མགོ་བྱང་ཟེར་བ་ལྟར། ལྷ་སའི་མི་ཚོགས་ག་ཚོད་སྟུག་ཅིང་འཁྲུག་ཆ་ག་ཚོད་དོད་ནའང་། དེ་ནི་གཞན་ཡུལ་ཡིན་སྟབས། རང་ཡུལ་དམ་བེ་ལྟ་བུ་དེ་རུ་ལོག་འདོད་ཆེན་པོ་བྱུང་བས། ང་ཚོས་སླར་ཡང་ཁ་བྱང་ལ་ཕྱོགས་ཏེ་གོམ་པ་གང་རེ་སྤོས་རྗེས་མལ་ཐེངས་རེ་གསོ་དགོས་བྱུང་རུང་། སྤྲིན་དཀར་པོ་ཚད་ལ་བཙུགས། ས་ནག་པོ་འདོམ་གྱིས་འཇལ་བའི་ཨུ་ཚུགས་མཐའ་སྐྱེལ་བྱས་མཐར། མ་ཤི་ཙམ་དུ་རང་ཡུལ་ལ་འབྱོར་བྱུང་། དེ་བས་དགའ་དགོས་པ་ཞིག་ནི་འབྲོག་པའི་སར་སླེབས་རྗེས་ངའི་ནད་གཞི་དེ་ཡང་རིམ་བཞིན་དྲག་སྐྱེད་བྱུང་སྟེ། སྲོག་མགོ་ཐོན་ཙམ་བྱུང་།
གསུམ།
       ཕྱིར་སླེབས་སྐབས། ངེད་ཚོར་སྔར་གྱི་ཁྱིམ་གཞིས་སམ་ཕྱུགས་ཟོག་གི་རྨང་གཞི་བཟང་པོ་མེད་རྐྱེན། དམར་ཡོན་བརྒྱ་དཔོན་གྱི་སར་སྤུན་གཅིག་ཡོད་པ་དེའི་དཀར་ཞོ་ནག་སྡིག་བྱས་ནས་འཚོ་བ་འཁྱོལ་ཐབས་བྱས་ཤིང་། ངས་ཀྱང་སྤུན་གྱི་ཟོག་རྫིར་འཕེར་གྱི་ཡོད། དེ་གའི་ཕྱི་ལོར་མངའ་བདག་ཆེན་པོ་གསུམ་མེད་ལེ་བཟོས་པ་རེད། ད་ནས་བཟུང་རང་ལུས་རང་དབང་ཐོབ་པ་དང་། ཁྲལ་རིགས་སྣ་ཚོགས་རྩ་བ་ནས་འཇལ་མི་དགོས་ཞེས་ཟེར་བཞིན་ཐོན་སྐྱེད་རུ་ཁག་སྒྲིག་འཛུགས་བྱས་ནས་སྤྱི་ཚོགས་ཀྱི་ལམ་ལུགས་གསར་པ་ཞིག་གྲུབ་འགོ་ཚུགས་ཡོང་སྐབས། སླར་ཡང་ངོ་ལོག་ཟིང་འཁྲུག་གི་དམག་མི་རེད་ཟེར་བ་འགས་རྒྱུ་བཟས་མི་གསོད་བྱས་ནས་འགྲོ་བཞིན་འདུག་ཅིང་། ཁོ་ཚོས་དམར་ཡོན་དགའ་ལྡན་རུ་བར་དམག་སྒར་རྒྱག་གི་ཡིན་ཟེར་བ་དང་། ལིང་ནང་དུ་དངོས་སུ་དམག་སྒར་བཏབ། ངའི་སྤུན་གཞོན་པ་གཅིག་ཡོད་པ་དེ་ཐོན་སྐྱེད་རུ་ཁག་གི་ཨུ་ཡོན་ཡིན་སྟབས། ཁོ་ཚོ་ནི་རྒྱ་དགའ་རེད། ཅེས་བརྗོད་དེ་སྡང་སེམས་ཆེན་པོ་འཆང་བ་དང་། ཕྱུགས་ཟོག་དུམ་ཙམ་ཡོད་པ་དེའང་ཕྲོགས། ཕ་མ་གཉིས་དང་སྲིང་མོའི་སྲོག་ལའང་གནོད་འཚེ་གཏོང་མི་ཡོང་ངམ་སྙམ་སྟེ། གསང་གཞུང་ཁོངས་སུ་བྲོས་པ་ན། གཞི་ནས་སྲོག་མགོ་ཐར་ཙམ་བྱུང་། དེ་གའི་རྗེས་སུ་ངའི་སྤུན་ཁོང་ཀོ་ལུག་གི་ལས་དོན་རུ་ཁག་རྟ་པ་བཅོ་བརྒྱད་གྲས་སུ་ཞུགས་ནས་བཅིངས་འགྲོལ་དམག་མིའི་རྗེས་སུ་འབྲངས་ཏེ་སྨྲི་ཏི་ཁ་བར་དུ་ངོ་ལོག་ཟིང་འཁྲུག་དམག་གི་རྗེས་འདེད་བཏང་ཞིང་། ཁོ་ཚོ་གཏོར་ཕམ་བཏང་མཐར། གཞི་ནས་གནས་བཟོད་བདེ་བའི་དུས་ཤིག་ཤར་བྱུང་། ལོ་དེར་ངེད་ཀྱི་སྲིང་མོའི་ཟླ་བོ་གཅིག་ཡོད་པ་དེའང་ནད་ཀྱིས་མནར་ནས་གྲོངས་སོང་།
       མ་གཞི་འབྲོག་བདག་མངའ་བདག་བཅོས་བསྒྱུར་བཏང་ནས་ཐོན་སྐྱེད་སྒེར་ལ་སྤྲད་རུང་། དམར་ཡོན་ལ་ཕྱུགས་ཟོག་ཅུང་མང་བའི་ཁྱིམ་ཚང་ནི་ཀོ་མཁན་ཚང་ཁོ་ན་ལས་མེད། དེ་ལའང་གཞན་གྱི་མངའ་བདག་ལྟ་བུའི་ཕྱུགས་ཟོག་ཕོན་ཆེན་མེད་པས་བགོ་འགྲེམས་ཀྱི་ཐོབ་ཆ་ཉུང་ཉུང་ཡིན། ཀོ་མཁན་ཚང་ཟེར་དོན་ནི་སྔར་ཀོ་ཆས་བཟོ་རྒྱུར་མཁས་པས་དེ་ལྟར་ཐོགས་པ་ཡིན་ལས་ཆེ། དེ་ནས་རིམ་བཞིན་འཚོ་བ་ཡར་རྒྱས་འགྲོ་འགོ་ཚུགས་པ་དང་། ད་ལྟ་ལྟ་བུའི་གང་ཟ་གང་འདོད་མེད་རུང་། སྤྲང་སློང་དུ་གྱར་བའི་གནས་ལ་ལྷུང་མེད། མ་ཟད་རྒྱུན་ལྡན་གྱི་འཚོ་བའི་རྟེན་གཞི་ཕྲན་བུ་རེ་ཡོད་ཁར། སྐབས་རེ་རི་དྭགས་རྔོན་པར་ཡང་འགྲོ་གི་ཡོད། ང་མི་སྒེར་ལ་མཚོན་ན་དུས་དེ་ནས་བཟུང་ང་རང་ཉིད་ཀྱི་ལང་ཚོར་སྔར་ན་མེད་པའི་བཀྲག་མདངས་ཤིག་རྒྱས་འགོ་ཚུགས་པ་དང་། དུས་ད་ལྟའི་བར་དུའང་གནོང་འགྱོད་གཏན་ནས་མེད་པའི་གདམ་ཀ་ཞིག་ཡིན་སྙམ་གྱི་ཡོད།
       སྐབས་དེར་ང་ནི་གཞོན་པ་ཤ་དར་ཁྲག་དར་ཞིག་ཏུ་ལོངས་ཡོད་ཅིང་། སྡེ་པའི་མི་ཚོས་ཁྱོད་དྲག་གི་རེད་ཅེས་དཔའ་བསྐོན་པ་དང་། ང་རང་ཡང་དཔའ་འདོད་ངོམ་འདོད་ཚ་བས་རང་ཉིད་མ་དྲག་ཀྱང་དྲག་ཁུལ་བྱས་ཏེ། མང་ཚོགས་ཀྱི་ཁ་འདེམས་དང་འོས་སྦྱོར་བྱས་པ་བཞིན། དྲུག་ཅུ་རེ་གཅིག་ལོར་ལས་བྱེད་བྱས་པ་དང་། དྲུག་ཅུ་རེ་གཉིས་ལོ་ནས་བཟུང་འབྲོག་པ་མཐུན་ཚོགས་ཀྱི་ཀྲུའུ་རེན་བྱས་ཏེ་ལོ་མང་སོང་། དྲུག་ཅུ་རེ་ལྔ་ལོར་ཏང་ནང་དུ་ཞུགས་རྒྱུའི་རེ་ཞུ་ཕུལ་རྗེས་དྲུག་ཅུ་རེ་བརྒྱད་ལོར་དངོས་གཞིའི་ཏང་ཡོན་དུ་བསྒྱུར་བྱུང་། ཏང་ཡོན་གྱི་ཚད་གཞི་ལོན་མིན་ཚོད་ལྟ་ཁོ་ནར་ལོ་གསུམ་འགོར་སོང་། ང་དང་མཉམ་དུ་ཏང་ནང་ལ་ཞུགས་མཁན་རེ་གཉིས་ཡོད་རུང་། ད་ཚང་མ་གྲོངས་ཚར་བ་རེད། རང་ལོ་ཉི་ཤུ་རྩ་ལྔའི་ལོར་དངོས་སུ་ཏང་ནང་ཞུགས་ཐུབ་པ་དང་། 1970ལོར་དམར་ཡོན་ཤང་གི་ཤང་ཀྲང་གི་ལས་འགན་ཁུར་བ་ཡིན། ལོ་དེར་རང་ལོ་ཉི་ཤུ་རྩ་བདུན་ཡིན། ཁྱེད་ཀྱིས་གཟིགས་དང་། འདི་ནི་ངས་སྐབས་དེར་བྲིས་པའི་ཟིན་བྲིས་ཡིན། མ་གཞི་ད་ཆ་ཐོ་དེར་འཁོད་པའི་མི་རྣམས་ཀྱི་མིང་འབོད་ས་མེད་པར་ཚང་མ་ཚེ་ལས་འདས་ཟིན་ནའང་། སྐབས་དེའི་མ་དཔེ་འདི་ཡིན། ཞེས་བརྗོད་དེ་བདག་ལ་ཐོ་དེབ་སྲབ་པོ་གཅིག་བསྟན་བྱུང་།
       དེའི་ནང་འཁོད་པའི་ཡི་གེ་ནི་འདི་ལྟ་བུ་ཞིག་སྟེ། 1959ལོར། དམངས་ཙོ་སྤྱོས་རྒུར་ཀབ་དམར་ཡོན་ཤང་གི་ལོ་རྒྱུན་མཐོ་རིགས་ཁག དི་དུས་ཀྱི་སའ་ཆའ་རྒྱིད་ཕུ་ལ་མན་ནས་རྨྲི་ཏི་ཉི་ནས་ཤི་ཡིན་དང་སིབ་ནས་ཤི་མའི་ཡིན་དམར་ཡོན་གྱི་སའ་ཡིན། རྒུན་སའ་ནས་རོགས་མོ་ལའི་མི་ནས་ར་རིས་ཕང་ཡིན་དང་སྤོད་པའི་སི་རབ་ན་བ་མིན་དང་ངོ་རོན་ཕུ་མདོ་བཅས་ཚངས་མ་དམར་ཡོན་གྱི་སའ་ཆ་ཡིན། ད་དུས་སྡེ་གྲ79དང་མི་གྲང338ནོར་གྲ1441ལུགས་གྲང714རའ་གྲང305རྟ་གྲང25ཞེས་བྲིས་འདུག དེའི་ནང་གི་ཚོགས་ཆུང་མི་འདྲ་བ་ཁག་བརྒྱད་ཀྱི་དུད་གྲངས་དང་མི་གྲངས། ཕྱུགས་ཟོག་མགོ་གྲངས་སོགས་རེ་རེ་བཞིན་གསལ།
       བདག་གིས་དེ་ཉིད་ལག་ཏུ་བླངས་ནས་རེ་རེ་བཞིན་ཞིབ་ལྟ་བྱེད་སྐབས། ཁོང་གིས་བྲིས་པའི་ཡི་གེའི་དག་ཆར་ངེད་ཚོ་སློབ་གྲྭར་འགྲིམ་མྱོང་ཡོད་མཁན་ཞིག་གིས་བལྟས་ན་ཕལ་ཆེ་བ་ནོར་ཡོད་ནའང་། ཚད་ལྡན་གྱི་སློབ་གྲྭར་འགྲིམ་རྒྱུ་ལྟ་ཅི། ཉིན་གཅིག་ལའང་དགེ་རྒན་འདི་ཡིན་ཞེས་བསྟེན་མྱོང་མེད་པར་རང་སྦྱོང་ཁོ་ནར་བསྟེན་མཁན་ཞིག་ལ་མཚོན་ན། ད་ཆ་ཐོ་རིགས་སྣ་ཚོགས་རང་མགོ་རང་ཐོན་གྱིས་འབྲི་ཐུབ་པ་ནི་ལས་སླ་པོ་ཞིག་ག་ལ་ཡིན། དེ་བས་སྐབས་དེའི་དམར་ཡོན་ཤང་ཁོངས་ཀྱི་ཐོ་དེབ་གཅིག་ད་བར་དུ་ཉར་ཚགས་ཐུབ་པའང་སྤྱིར་བཏང་གི་མིས་བདག་ཉར་ཐུབ་པའི་ལས་ཤིག་མིན་ཨང་སྙམ་ཞིང་། 2020ལོར་ཤན་རྩ་རྫོང་མ་ཡོ་ཤང་གི་སྤོ་བོ་རྒྱལ་པོར་བཅའ་འདྲི་ཞུ་བར་སྐྱོད་སྐབས་ཀྱི་སྣང་ཚུལ་དང་། བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ནང་དུ་གསལ་བའི་བུ་མོ་པདྨའི་ཚོང་ཐོ། དེ་བཞིན་དགུན་གཞུང་རིང་མོའི་ནང་གི་བཙས་ཡིག་སོགས་ཡིད་ལ་ཝ་ལེར་འཆར་ཡོང་བ་དང་། དེང་སྐབས་གང་ས་གང་དུ་ཐོན་ཡོང་བའི་བྲག་རིས་ཁག་གི་བྱེད་ནུས་ལའང་སྐབས་དེའི་རིང་འདི་ལྟའི་བརྡ་དོན་འཕྲོད་པའི་ནུས་པ་ངེས་གཏན་ཡོད་ཨང་སྙམ་མོད། ཁོང་གི་བཀའ་མོལ་ཞུ་མཚམས་ཆད་དོགས་ཀྱིས་ཁུ་སིམ་མེར་ཉན་ནས་བསྡད་པ་ཡིན།
བཞི།
       ངའི་ཐོད་ཚེ་ལ་ལས་འགུལ་ཆུའི་གཉེར་མ་བཞིན་དུ་གཅིག་རྗེས་གཉིས་མཐུད་ངང་སྤེལ་མྱོང་བས་ཤོད་ཚོད་བྱེད་ཚོད་མེད་ལ། བྱས་པའི་ལས་ཀ་ཡང་ཁའི་སོ་གྲངས་དང་མགོའི་སྐྲ་གྲངས་ལ་གཞིགས་ནའང་མི་ཆོག་པ་ཅི་ཡོད། རུ་ཁག་ཚུགས་དུས་ནི1973ལོ་ཡིན་ངོ་ཡོད། རེད། ལོ་དེར་དམར་ཡོན་དང་རྒྱས་མདོ་གཉིས་དུས་མཉམ་དུ་རུ་ཁག་ཚུགས་པ་རེད། སྐབས་དེར་ང་ནི་དམར་ཡོན་ཤང་གི་ཤང་ཀྲང་དང་བཙུགས་ཀྱི་དུད་ཀྲང་གཅིག་ལྕོགས་ཡིན་ཞིང་། ངེད་བདག་རྩིས་དུད་གསུམ་ཚང་མ་ད་ལྟའང་བཞུགས་ཡོད། ཁོང་རྣམས་ནི་བདག་གཉེར་ཨ་ཁུ་བཀྲ་ཕུན་དང་། རྩིས་པ་དཔལ་ལྡན། དུད་ཀྲང་འཕྲིན་ལས་རྡོ་རྗེ་བཅས་རེད། ང་ཤང་ཀྲང་ཡིན་ཞེས་གླ་ཕོགས་མཐོལ་པ་མེད་ཀྱང་། ཕྱོགས་གཉིས་ཀྱི་ལས་ཀ་བསྒྲུབས་དགོས་རྐྱེན་དཀའ་ལས་ཆེན་པོ་ཡོད། ཟླ་བ་རེར་གླ་ཕོགས་སྒོར30ཡོད་མོད། བྲོ་ཁ་རང་ཁྱེར་གྱིས་རྐང་ཐང་ཤ་སྟག་འགྲོ་དགོས་ཤིང་། 
སྐེད་གྲིས་ཐིག་ཤིང་བྱེད། ཟ་གལ་ཕྲག་པར་གཡུགས་ནས་འགྲོ་དགོས་ཨང་། ཞེས་ཟེར།
       དེ་དུས་ཀྱི་འཚོ་བའི་ཆུ་ཚད་གྲ་རྒྱས་པོ་གང་འཚམ་སོང་ཡོད་དེ། ང་ཚོར་ཟླ་བ་རེར་མི་རེར་འབྲུ་རིགས་རྒྱ་མ་བཅུ་དྲུག་ཡོད་པ་དེ་ཟླ་རེ་བཞིན་ཀོ་ལུག་ཏུ་ཉོ་བར་འགྲོ་དགོས་པ་དང་། དེ་བརྔོས་ནས་བཏགས་པའི་ལག་རྩམ་གྱིས་ནང་མིའི་འཚོ་བ་འཁྱོལ་བ་བྱེད་དགོས། ང་ཚོ་ལས་བྱེད་ཡིན་ཟེར་མཁན་ཚོས། ཟ་གལ་ཡ་གཅིག་གི་ནང་དུ་ལག་རྩམ་བླུགས། ཡ་གཞན་དེར་ཕྱུར་བ་དང་མར་རྡོག་བླུགས། དེ་ཕྲག་པར་ཁུར། ཕོར་པ་ཨམ་ཕྲག་ཏུ་བསྡུས་ནས་འགྲོ་དགོས་ཤིང་། སྡེ་གང་དུ་འབྱོར་ན་དེ་རུ་གནས་ཚང་གཡོར་བ་དང་། གཏམ་ཁ་དཔེར་ཡང་། ཟས་ཞིམ་པོ་དཔོན་གྱིས་གནང་ལེ་རེད། ཁ་ཕོར་པ་མེད་ན་རང་སྐྱོན་རེད། ཟེར་བའམ། ཟས་ཞིམ་པོ་དཔོན་གྱིས་གནང་ལེ་རེད། ཁ་ཕོར་བ་མེད་ན་ཁ་རག་སྡོད་ཟེར་བ་བཞིན། རང་རང་གི་རུམ་དུ་ཕོར་པ་བསྡུ་རྒྱུ་མེད་ཚེ། ལྟོ་བཟའ་ས་མེད་པ་དང་གཅིག་མཚུངས་ཡིན་ལ། མི་གཞན་ལའང་རང་གི་ཁ་ཕོར་རང་གིས་སྤྱོད་པ་ལས་མཐོལ་པ་མེད་རྐྱེན། འུ་ཐུག་ཐབས་ཟད་དུ་གྱུར་ན་ཕོར་བ་གཅིག་གི་ནང་དུ་མི་གཉིས་གསུམ་གྱིས་ཇ་མཉམ་དུ་འཐུང་དགོས་ཁེལ་བ་མ་གཏོགས། ཁ་ཕོར་ངེས་པར་དུ་རང་ཁ་རང་ཁྱེར་དང་རང་རྟ་རང་བཞོན་ཡིན་དགོས།
       དེང་སང་སྤྱི་ཚོགས་ཡར་རྒྱས་སོང་། ལྟོ་གོས་སྤྱོད་གསུམ་ལ་སེམས་ཁྲལ་མེད་སྟབས། ར་ལུག་བདག་སྐྱོང་བྱེད་མཁན་ཉུང་ནས་ཉུང་དུ་འགྲོ་བཞིན་འདུག དེ་ཡང་ཁ་ནས་ཁྱི་རྐུན་དང་གཅན་གཟན་གྱི་ཁ་ནས་ཐར་གྱི་མི་འདུག་ཅེས་ཟེར་ནའང་། དོན་དངོས་ཐོག་ར་ལུག་གི་རྗེས་སུ་རྫི་བོ་གཅིག་ངེས་པར་དུ་ནམ་ལངས་ནས་འགྲོ་དགོས་སྟབས། འཚོ་སྐྱོང་གི་མ་གནས་མཐོན་པོར་གྱུར་བ་དང་། དེ་བསྟུན་གྱི་ཐོན་སྐྱེད་རིན་ཐང་ཆུང་དུ་འགྲོ་བཞིན་ཡོད་པས་ཡིན་པ་འདྲ། འོན་ཀྱང་ང་ཚོ་གཞོན་དུས་སུ། ར་ལུག་དང་ནོར་ག་ཚོད་ཀྱིས་མང་བ་ཡོད་ན་དེ་རྩིས་ཀྱིས་ཕྱུག་པོར་བརྩི་བ་དང་། འབྲོག་པ་ཟེར་བའི་མིང་ཐོགས་སའང་རྟ་ནོར་ལུག་གསུམ་བདག་སྐྱོང་བྱེད་མཁན་ལ་ཟེར་བས། ཕྱུགས་ཟོག་བདག་སྐྱོང་བྱ་རྒྱུ་ནི་གཟི་བརྗིད་ཅིག་ཏུ་བརྩི་གི་ཡོད། ནམ་རྒྱུན་ས་རྩོད་ཆུ་རྩོད་ཐུག་དུས་ཀྱང་། མི་མགོ་ནག་བརྟེན་ས་ཕྱུགས་དང་ཕྱུགས་སྤུ་ནག་བརྟེན་ས་རྩྭ་ཟེར།
       ང་ཚོའི་དུས་སྐབས་ལ་ཕྱུགས་ཟོག་ཁྲ་བཞིའི་དྲིན་གྱིས་ཁ་ལ་བཟའ་རྒྱུ་དང་ལུས་ལ་གྱོན་རྒྱུ། ནམ་ཞག་རྒྱུན་དུ་ལས་རྒྱུ། དབྱར་གྱི་ཆར་ལན། དགུན་གྱི་གངས་ལན། ཐ་ན་མགོ་ཐོད་པ་ས་ལ་འཇོག་ཉིན་གྱི་འགེལ་ས་ཡན་ནས་སྒོ་ཟོག་དྲིན་ཅན་ཡིན། ད་དེང་སང་ར་ལུག་འཚོ་སྐྱོང་བྱ་རྒྱུ་ལྟ་ཅི་ནོར་འཚོ་བར་འགྲོ་དུས་ཀྱང་འཚེར་སྣང་བྱེད་མཁན་མང་ནས་མང་དུ་རེད། དཔེར་ན། སྟོན་བཤས་བཤའ་སྐབས་སུ་སྔོན་མ་ལྟར་རྒྱུ་མ་བརྒྱངས། ནང་ཁྲོལ་ཤ་ཡན་བཙོ་ཡན་ཕྱེས། གློ་མཆིན་དྲན་མཁལ་སོགས་བཙོས། གྲོད་འཛུམ་སྒོར་ནས་མར་ལྐོགས་ཉར་མཁན་ཧ་ལམ་ཉུང་ཉུང་རེད། ཐ་ན་ཕྱི་ཤ་བཞི་ལིང་མ་གཏོགས་རིན་ཐང་མེད་པར་བརྩིས་ཏེ་མགོ་ཡན་ཆོད་བདག་པོ་རྒྱག་གི་མི་འདུག་ཟེར་བ་ཐོས་མྱོང་།  ང་ཚོའི་དུས་རབས་ལ་ལོ་མགོ་ཟེར་དུས་ལོ་གསར་ཚེས་གཅིག་གི་བཟའ་རྒྱུ་ཏིག་ཏིག་ཅིག་རེད། ད་འདི་ཚོ་ཕལ་ཆེར་ང་ཚོ་ཙམ་མིན་པར་སྤྱི་ཚོགས་ཧྲིལ་པོའི་འགྲོ་སྟངས་ཡིན་ས་རེད། ཨཱ། ཞེས་བརྗོད་དེ། མགོ་བོ་འཕྲེད་ལ་གཡུག་བཞིན་དུ་ཁོང་དགོད་ཅིག་ཀྱང་གནང་བྱུང་།
ལྔ།
       ངས་དེར་ལན་ཇི་ལྟར་འདེབས་དགོས་མིན་མ་ཤེས་པར“ལགས་སོ་ལགས་སོ”ཞེས་བློ་རུ་བབས་པའི་ཚུལ་གྱི་མགོ་བོ་ལྕོག་ལྕོག་བྱེད་བཞིན་མུ་མཐུད་ཁོང་གིས་བཀའ་མོལ་གསུང་རྒྱུར་རེ་སྒུག་འཆང་བཞིན་སྡོད་པ་ལས། ད་ལྟའི་འབྲོག་ཁུལ་འཚོ་བར་རྒྱུས་མངའ་དེ་ཙམ་གཏིང་ཟབ་པོ་མེད་སྟབས། ཡིན་མིན་དབྱེ་འབྱེད་ཀྱི་སྐད་ཆ་ནི་ཚིག་གཅིག་ཀྱང་ཤོད་ཐབས་བྲལ། ཁོང་གིས་ང་ལ“རྒན་ལགས་ཁྱེད་གསོལ་ཇ་མཆོད་དང་། ད་རྒན་རྒོན་ཁ་དྲོས་ན་ཉི་མ་གང་འགྲོ་ཤེས་ཀྱི་མ་རེད། ཧེ་ཧེ”ཞེས་བརྗོད་དེ། ཡར་ལངས་ནས་སྒོ་ཕྱིར་བུད་སོང་།
       ཁོང་གིས་རང་ཚུགས་བརྟན་ཞིང་ཡང་ཆ་དོད་པའི་གོམ་པ་སྤོ་སྟངས་དང་། རིག་པ་གསལ་ལ་སྐད་ཆའི་གོ་རིམ་ཆ་ཚང་བར་བལྟས་ན། བརྒྱད་ཅུ་གདན་ལ་བཏིང་ཟིན་པའི་བགྲེས་སོང་ཞིག་རེད་ཟེར་བ་ལས་ལོ་དྲུག་ཅུ་གདན་ལ་བཏིང་། བདུན་ཅུ་སྔས་ལ་རྒྱག་མཁན་ཞིག་འདུག་ཟེར་ན་འཚམས་པར་མཐོང་། ངས་ཇ་ཧུབ་གང་བཏུང་རྗེས། ཁོང་གི་རྗེས་སུ་ལྟ་བཞིན་བསྡད་པ་ན། ཁོང་གི་བཟའ་ཟླ་རྨོ་བོ་ཆོས་མཚོ་ལགས་ཀྱིས“རྒན་གསོལ་ཇ་བཞེས་དང་། ཨ་ཕས་ཆུང་དུས་སྤྲང་ལ་གྱར་ཚུལ་དང་གསར་བརྗེ་ཚེས་མ་ཚེས་གོང་གི་གནས་ཚུལ་རགས་ཙམ་བཤད་པ་ཕུད། ད་དུང་རུ་ཁག་སྐབས་སུ་ངེད་བཟའ་ཚང་གཉིས་པོར་ཕྲུ་གུ་ཉོག་པའི་སྒང་གི་དཀའ་ངལ་དེ་ཚོ་བཤད་མ་སོང་། ཁྱེད་ཀྱིས་ཁོང་ལ་དྲིས་གནང་ཨཱ། རྩྭ་ར་སྐོར་དུས་དང་། ཀོ་ལུག་ཆུས་ལ་ཚོགས་འདུ་ཚོགས་པར་འགྲོ་དུས་ཀྱི་གནས་ཚུལ། ད་ལྟ་བསམ་བློ་བཏང་ནའང་། སེམས་ནང་དངངས་སྐྲག་ལངས་དགོས་པ་ཞིག་ཡོང་གི་འདུག”ཅེས་གསུངས་ཏེ། དབུགས་རིང་ཞིག་བཏང་གནང་སོང་། ཁོང་གི་བཀའ་མོལ་དེས་ངའི་བཅར་འདྲི་ཞུ་འདོད་ཀྱི་བློ་ཁ་ཇེ་ཆེར་འཕེལ་ཡོང་བ་དང་། མི་རྒན་པའི་ཁ་ལ་ཉོན། བྱ་གཞོན་པའི་སྒྲོ་ལ་ལྟོས། ཟེར་བའི་གཏམ་དེའི་སྙིང་པོའང་འདི་འདྲ་དེ་འདྲར་གོ་དགོས་ཤས་ཆེ་སྙམ་བྱུང་། 
       ངས“རྨོ་ལགས་ཁྱེད་ད་ལོ་དགུང་ལོ་ག་ཚོད་ཡིན་ནམ”ཞེས་དྲིས་པར། ཁོང་གིས“དགོངས་ལོ་ཨེ། ཧ་ཧ་ཧ། ངའི་དགུང་ལོ། ཨ་ཙི་རྩེད་མོ་ཡིན། ང་མོ་ལོ་བདུན་ཅུ་དོན་སུམ་ཡིན”ཞེས་གསུངས་ཤིང་། ངའི་སྐད་ཆ་འདྲི་སྟངས་ཅུང་ཟད་མ་འགྲིག་པའམ་ཁོང་གི་བློ་རུ་ཡ་མཚན་ཆེན་པོ་སྐྱེས་པ་འདྲ་སྟེ། མུ་མཐུད་གད་ཆུང་སིག་སིག་ཅིག་དགོད་བཞིན་མཆིས་པས། ངས་ཀྱང་རྩེད་མཚར་དང་སྦྲགས་ཏེ“དངོས་གནས་ཡིན། མཆོར་མོ་རྒས་ལེའི་ཡ་ཐོད། ད་དུང་མཆོར་མོ་རབ་གཅིག དཔའ་བོ་རྒས་ལེའི་དཔུང་པ། ད་དུང་དཔའ་བོ་རབ་གཅིག་ཟེར་བས། ཁྱེད་ན་སོ་གཞོན་སྒང་ལ་བཅོ་ལྔའི་དུང་ཟླ་ལྟ་བུའི་བཀྲག་མདངས་ཅན་ཞིག་ཡིན་གཏན་རེད། དེ་མིན་ན་སྤོ་བོའི་ཆུང་མ་ཡིན་དོགས་མེད། ཨཱ”ཞེས་ཞུས་པ་ན། ཁོང་གིས་སྔར་བས་གད་མོ་དགོད་ཤུགས་ཆེ་རུ་བཏང་སྟེ“འོ་ད་རྒན་འདིས་མི་རྫོ་ལེ་ཅི་ཡང་མི་གདའ། ཨ་རོ། རྨོ་བོ་ལག་པས་འཁྱོགས་ཙམ་ཞིག་ལ་བཅོ་ལྔའི་དུང་ཟླ་ཡིན་ནམ་གཅིག དེ་འདྲའི་རྒན་ལགས་གཅིག”ཞེས་མུ་མཐུད་ཁོང་དགོད་གནང་བཞིན་མཆིས། 
       ང་ཡང་ཁོག་ནས་གད་མོ་དབང་མེད་དུ་ཤོར་ཡོང་མོད། ཁ་ཐལ་ཆེ་ན་རྒན་རབས་ལ་བརྩི་འཇོག་མེད་པར་འགྲོ་ངེས་སྙམ་བཞིན་མུ་མཐུད་རྩེད་མཚར་ཤོད་མ་ནུས་པར“དངོས་གནས་ལོ་ངོ་བདུན་ཅུ་བརྒྱད་ཅུར་སླེབས་པའི་རྒན་རྒོན་ཁྱེད་གཉིས་ཀྱི་སྐུ་གཟུགས་ཐང་པོ་འདི་ཙམ་ཡོད་པ་བསོད་ནམས་རང་རེད”ཅེས་ཞུས་པར། ཁོང་གིས“ཨ་མི་དགོས་ལེ་མི་རྫོ། ད་ལོ་ན་སོ་འདི་ག་ཙམ་ལ་སླེབས་དུས་ན་རྒྱུ་ཚ་རྒྱུ་འབེལ་དུ་མ་གཏོགས་མི་འདུག”ཅེས་ལན་བཏབ་བྱུང་། 
       སྐབས་དེར་སྤོ་བོ་འཕྲིན་ལས་རྡོ་རྗེ་ལགས་སྒོ་ནས་ཁྱིམ་དུ་ཡར་འཛུལ་ཡོང་བ་དང་། ལག་ཏུ་ལག་དེབ་ཆུང་ཆུང་རྒྱབ་ཤོག་དམར་པོ་གཡོགས་པ་ཞིག་ཁྱེར་འདུག་པ་དེ་ང་ལ་བསྟན་ནས“རྒན་ལགས། འདི་ངའི་ཏང་མིའི་ལག་ཁྱེར་ཡིན། ཏང་ནང་དུ་ཞུགས་དུས་ནི1968ལོར་ཡིན། འདིའི་ནང་དུའང་ཐོ་དེ་རང་འཁོད་ཡོང་བ་ཡོད”ཅེས་གསུངས། ངས་ཁོང་གི་ཏང་མིའི་ལག་ཁྱེར་ལག་ཏུ་བླངས་ནས་བལྟས་པ་ན། རང་མིང་། ཁྲི་ལེན། ཏང་ནང་ཞུགས་པའི་དུས་ཚོད། 1968ལོ། ཞེས་གསལ་ལྷམ་མེར་འཁོད་འདུག
       “གལ་ཏེ་སྤོ་བོ་ཁྱེད་ཀྱིས་སྙན་ཞུ་ཕུལ་བའི་ལོ་དེ་རང་ལ་ཆོག་མཆན་ཐོབ་ཡོད་ན། ད་ལོ་ཏང་ལོ་དྲུག་ཅུ་ཐམ་པ་ཏག་ཏག་རེད། དེ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་དུས་ཚོད་གཅིག་མཚུངས་མིན་ནམ”ཞེས་ཞུས་པར། ཁོང་གིས་འདུག་སྐྱོར་ཞིག་བྱས་ཏེ། མུ་མཐུད་གསུངས་དོན།
       སྐབས་དེ་དུས་ཏང་ནང་ལ་འཛུལ་རྒྱུའི་ཆ་རྐྱེན་ཚང་མིན་ལ་ཞིབ་དཔྱད་ནན་པོ་གནང་གི་རེད། ལྟོས་དང་། ངའི་སྙན་ཞུར་ལོ་གསུམ་ཚོད་ལྟ་གནང་རྗེས་གཞི་ནས་ཆོག་མཆན་གནང་བ་རེད། འོན་ཀྱང་ངས་ཏང་ནང་ཞུགས་པའི་སྐབས་ཀྱི་ཆོད་སེམས་དེ་ད་བར་དུ་འགྱུར་བ་གཏན་ནས་གཏོང་མྱོང་མེད། ད་དུང་ནམ་འཆིའི་བར་དུ་བློ་དཀར་སེམས་དཀར་གྱི་ལྷག་བསམ་ལ་འགྱུར་བ་གཏོང་མི་སྲིད། ནམ་རྒྱུན་ཤང་དང་གྲོང་ཚོའི་ནང་གི་ཚོགས་འདུ་ཆེ་ཆུང་ཅི་རིགས་ཚོགས་ཀྱང་། ངས་དེ་ག་རང་ཞུ་གི་ཡོད། 1988ལོར་རྒྱས་མདོ་དང་ཡོས་ཆགས། དམར་ཡོན་གསུམ་ཤང་ཁག་གཅིག་ཏུ་ཟླ་བསྒྲིལ་བཏང་བའི་ལོ་དེར་ངས་ལས་གནས་ལས་དགོངས་པ་ཞུས་པ་ཡིན། རྒྱུ་མཚན་གཙོ་བོ་ནི་ཕྲུ་གུ་ཉོག་དྲགས་པ་དང་རང་ཉིད་ཀྱང་ན་རྒྱུ་ཚ་རྒྱུ་མང་བས་ཡིན། དེའི་གོང་གི་ལོ་ཉི་ཤུ་རྩ་གྲངས་རིང་། རོག་མོའི་རྩྭ་ར་རྒྱ་ཆེན་དེ་སྐོར་དུས། ཐོ་བ་ལྕགས་ཧྲེང་གཉིས་ཀྱིས་མི་ཚེ་ཟད་བསྡད་ལེ་ཡིན། དེ་དུས་ཞོགས་པའི་ཉི་མ་མ་ཤར་གོང་ལས་ཀར་སླེབས་སྔ་ཤོས་དང་། དགོང་མོ་ས་མ་རུབ་བར་ལོག་ཕྱི་ཤོས་བྱས་ཏེ་ས་ལས་རྡོ་ལས་ཀྱང་ལོ་ནས་ལོ་བསྟུད་དེ་བྱས་མྱོང་ཡོད།
       ནག་ཆུ་ཀྲོན་ཆུས་དང་ཀོ་ལུག་ཆུས་ལ་ཚོགས་འདུ་ཐེངས་མང་འགྲོ་དགོས། ལྷག་པར་དུ་དགུན་ཁ་རོག་མོའི་ལ་རུ་ཁ་བ་བབས་ན། འགྲོ་སྟབས་བདེ་པོ་གཏན་ནས་མེད་དེ། སྟབས་ཉེས་ན་སྐྱ་ཞག་ལུས། བཞོན་རྟ་ཤི། མིག་འཕྱིད། རྐང་པ་སྦོས་པ་སོགས་ཀྱི་ཉེན་ཁ་ཆེན་པོ་འཕྲད་ངེས་ཡིན། འོན་ཀྱང་དཀའ་ངལ་དེ་དག་གི་མདུན་དུ་ཕྱི་བཤོལ་བྱ་རྒྱུའི་བསམ་བློ་གཏན་ནས་འཁོར་མྱོང་མེད། ཐེངས་ཤིག་ང་ཚོའི་ལས་གྲོགས་ཤིག་གི་རྟ་བགྲོད་མ་ཐུབ་པར་ལ་སྒང་དུ་ཤི་ལེ་དངོས་སུ་མིག་མཐོང་ལག་ཟིན་བྱུང་། ང་རང་ཉིད་ཀྱི་རྐང་པ་འཕྱིད་པའང་ཐེངས་མ་གཉིས་གསུམ་གྱིས་ཚད་ས་མེད། རྐང་པ་འཕྱིད་དུས་ཚ་གྲང་འཐབ་པའི་དབང་གིས་ཐོག་མར་འཁྱགས་ནས་རང་གི་ཡན་ལག་མིན་པ་ལྟ་བུའི་ཚོར་བ་མེད་པར་འགྱུར་འགྲོ་བ་དང་། དེ་ནས་དྲོས་ཁུགས་ན་ཚ་ན་ཟུག་གཟེར་བཟོད་དཀའ་བ་ལུས་ཧྲིལ་པོར་ཁྱབ་ཡོང་། ན་ཟུག་འཇགས་ནས་ཉིན་ཤས་སོང་རྗེས། ཆུ་ལོ་སྤོ་ལོ་རྒྱུག་ཅེས་ཤ་དང་ལྤགས་པའི་སྲུབ་ནས་ཆུ་སེར་ཐོན་འོང་སྟེ། རིམ་བཞིན་སྐྱི་ལྤགས་བསྐྱུར་འོང་། ཚ་ན་ཟུག་གཟེར་ཆེ་སྒང་ལ་སྨན་ཁབ་བརྒྱབ་ན་མ་གཏོགས་བཟོད་ཐུབ་ཀྱི་མི་འདུག
       ལོ་གཅིག་གི་དགུན་ཁར། ང་རང་གཅིག་པུར་ཀོ་ལུག་ལ་ཚོགས་འདུར་སོང་ནས་ལོག་ཡོང་སྐབས། རོག་མོའི་ལ་རུ་འབྱོར་དུས་ཁ་བ་སྟུག་པོ་ཞིག་བབས་ནས། བགྲོད་སའི་ལམ་ཁ་མཐོང་རྒྱུ་ལྟ་ཅི། རྐང་པའི་རྡོག་སྣེ་ཡང་མཐོང་མི་ཐུབ་པའི་ཚད་དུ་སླེབས་འདུག དེ་ལྟ་བུའི་གནས་བབ་འོག་ལོང་བགྲོད་ཁོ་ནས་ས་གཅོད་མི་ཐུབ་ཅིང་། གཡང་རོང་བྲག་རོང་དུ་ལྷུང་བའི་ཉེན་ཁ་ཡང་ཤིན་ཏུ་ཆེ་སྟབས། ད་ནི་འཆི་གསོན་གང་བྱུང་སྔོན་ལས་ཡིན་སྙམ་བཞིན་རྫ་གསེང་ལུས་མྱོང་ཡོད། མཚན་མོ་དེ་ཇི་ལྟར་འཁྱོལ་མིན་ང་རང་ལའང་གསལ་ཆ་མེད་མོད། མཚན་གང་རིང་སྐེད་རགས་བཤིག་མྱོང་མེད་ལ། ཆུ་ཚ་གྲང་ཁམ་གང་ཡང་མེད། སྐམ་ལྟོ་ཕྲན་བུ་གཅིག་ཟ་གལ་ནང་དུ་ཡོད་པས་དེ་བཟས་པ་ཡིན། ཉིན་གཉིས་པར་ནམ་ལངས་ཡོང་སྐབས། རང་ཉིད་འཁྱགས་ཤི་ཤོར་མི་འདུག དེ་ནས་མུ་མཐུད་ཁྱིམ་གྱི་ཕྱོགས་སུ་ལོག་ཡོང་བ་ན། ཉི་འོད་གངས་ལ་འཕྲོས་ན་མིག་གིས་དཀར་འོད་མ་འཁྱོགས་པར་གདངས་དཀའ་བ་དང་། མིག་ཤེལ་ཐབས་ཆགས་ཤིག་འདོགས་རྒྱུ་ཡོད་ཀྱང་། དེས་མ་ཕན་པར་མིག་ཆུ་རྐྱང་རྐྱང་ལྷུང་ཡོང་བར་མ་ཟད། མིག་གདངས་ན་གདངས་མ་ཐུབ། བཙུམས་ན་ལམ་མི་མཐོང་བར་གྱུར་འདུག དགོང་མོ་ཁྱིམ་དུ་འབྱོར་སྐབས། རྐང་ལག་ལ་སྐྱོན་ཆག་མ་ཤོར་ནའང་མིག་གི་དབང་པོ་འཕྱིད་དེ་སླར་ཡང་མཚན་གང་རིང་། ན་ཟུག་དྲག་པོ་བཏང་ནས་བཟོད་དཀའ་བ་ཞིག་བྱུང་། དེ་ལྟ་བུའི་མིག་དང་རྐང་ལག་ཐེངས་མ་གསུམ་བཞི་ཞིག་འཕྱིད་མྱོང་མོད། མ་ཤི་ཙམ་འཁྱོལ་བྱུང་། ཞེས་གསུངས།
དྲུག
       ཁོང་གི་བཀའ་མོལ་དེ་དག་གསུང་སྐབས། བཞིན་རས་ལས་ལས་ཀ་འདི་དག་ནི་ངས་བསྒྲུབ་དགོས་ངེས་ཤིག་དང་། འཁུར་དགོས་ངེས་ཀྱི་འགན་འཁྲི་གཅིག་ཕྲག་ཐོག་འཁུར་བ་ཙམ་ཡིན། དེར་ངོམ་ངོམ་འཕྱར་འཕྱར་བྱ་དགོས་དོན་མེད་སྙམ་པ་ལྟ་བུའི་ངང་ཚུལ་ཞིག་ངང་གིས་མངོན་ཡོང་བས། ངའི་ཡིད་ལ་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ཤན་ཆན་ཤང་དུ་བཞེངས་པའི་བོད་སྐྱོད་དཔའ་བོ་སྔོན་མངགས་བརྒྱ་ཤོག་གི་དྲན་གསོ་ཁང་དེ་ལྷང་ངེར་དྲན་བྱུང་ལ། དྲན་གསོ་ཁང་ལས་ཐོས་པའི་དཔའ་བོ་མི་རེ་ངོ་རེའི་གཏམ་རྒྱུད་དང་། གཟུགས་བརྙན། སྒར་ས་དང་དྲན་གསོའི་རྡོ་རིང་སོགས་ཀྱང་རེ་རེ་བཞིན་ཡིད་ལ་ཝ་ལེར་འཆར་བྱུང་། 
       རེད་དེ། ང་ཚོ་ཕྱི་རབས་ཚོའི་མི་ཚེར་དམག་འཁྲུག་དང་མུ་གེ་བརྒྱུད་མྱོང་མེད་པར་བདེ་བདེ་ལྷོད་ལྷོད་ངང་འཚོ་བར་རོལ་རྒྱུ་བྱུང་བ་འདི་ཡང་། སྟེས་དབང་གིས་ཐོབ་པ་ཞིག་གཏན་ནས་མིན་པར། སྤོ་བོ་འཕྲིན་ལས་རྡོ་རྗེ་ལྟ་བུའི་རྒན་རབས་ཁྲི་སྟོང་མང་པོའི་དཀའ་སྤྱད་འབད་བརྩོན་དང་ལྷག་བསམ་ཟོལ་མེད་ཀྱི་འབད་འབུངས་ལ་བརྟེན་ནས་བྱུང་བ་ཡིན་ཨང་སྙམ་ཞིང་། ཁོང་དང་ཁོང་ལྟ་བུའི་ཏང་ཡོན་ལས་བྱེད་རྒན་གྲས་ཚོས་རང་ཉིད་ཀྱི་ལང་ཚོ་དང་མི་ཚེ་ཕལ་ཆེ་བ་ཐུན་མོང་གི་དོན་དུ་ལེགས་སྐྱེས་ཕུལ་རྗེས། ཁུ་སིམ་སིམ་ངང་རང་གི་ཚེ་མཇུག་དེ་སྐྱེ་བོ་ཕལ་པ་གཅིག་གི་ངང་ཚུལ་བཟུང་ནས་སྐྱེལ་མཁན་ཚོར་སེམས་གཏིང་ནས་དད་གུས་ཡི་རངས་ཤིག་ངང་གིས་སྐྱེས་ཡོང་བ་དང་ལྷན། རྟ་རྒན་མི་རྒན་ཁྱི་རྒན་གསུམ། ལས་བྱས་པ་ཆེ་ཡང་ཀུན་གྱིས་སྡང་། རྟ་ཕྲུག་མི་ཕྲུག་ཁྱི་ཕྲུག་གསུམ། ལས་བྱས་པ་ཆུང་ཡང་ཀུན་གྱིས་གཅེས། ཟེར་བ་བཞིན་ང་ཚོ་རྗེས་རབས་ཚོས་མིག་ཡོད་ཀྱང་དམ་པ་ངོ་མ་ཤེས་པར་སྣང་མེད་དུ་ཤོར་བ་ལས། དམ་པས་ཕུལ་བའི་ལེགས་སྐྱེས་ལ་ཐེ་ཚོམ་ཟ་དགོས་དོན་ཅི་ལ་ཡོད་ཨང་སྙམ་བྱུང་།
བདུན།
       འདི་ལྟར་རྩོམ་རྒྱུ་འཚོལ་བསྡུའི་བྱེད་སྒོ་མཇུག་བསྒྲིལ་ནས་ཕྱིར་ལོག་པའི་ལམ་བར་དུ། ད་ཐེངས་བྱེད་སྒོ་ཧྲིལ་པོའི་ནང་། མཉམ་འགྲོ་མཉམ་འདུག་བྱེད་མཁན་གྱི་གཞོན་སྐྱེས་རྩོམ་པ་པོ་རོང་པོ་རང་འཚོལ་ཕུད། ད་དུང་མཐོང་གྲོལ་དང་སྦྲ་རུ་ཆོས་འགྱུར། དབྱིངས་ཕྱུག་མ། མགྲོན་ཆང་། བྱང་པ་དབུ་སེ། ཧོར་ཚེ། བསྟན་འཛིན་ཟླ་བ། འཇམ་སེང་སོགས་ཡུལ་ལུང་འདིར་འཚར་ལོངས་བྱུང་བ་བཅུ་གྲངས་ཤིག་ཡོད་ཅིང་། ཁོང་རྣམ་པས་རྩོམ་རིག་གསར་རྩོམ་གྱི་ལས་ལ་འབད་བཞིན་ཡོད་པ་དང་། བརྩམས་ཆོས་དེབ་གཟུགས་སུ་གྲུབ་པའང་གསུམ་བཞི་ཞིག་ཡོད་པ་ཧ་གོ་དུས། ངའི་སེམས་ནང་ཤོད་མ་ཤེས་པའི་སྤྲོ་སྣང་ཞིག་ངང་གིས་འཕེལ་བྱུང་ལ། ཤང་གཅིག་གི་མངའ་ཁོངས་སུ་རབ་འབྱམས་ཞིབ་འཇུག་སློབ་མ་བདུན་བརྒྱད་ཙམ་ཡོད་ཚུལ་ཐོས་སྐབས། ཁོང་རྣམས་ནི་ཡུལ་འདིའི་རྩྭ་ཐང་གི་ཕང་བར་ལྷམ་མེར་བཀྲ་བའི་ཤེས་རིག་གི་མེ་ཏོག་ཚོམ་བུ་ཞིག་ཡིན་པ་སྨྲོས་མི་དགོས་ཤིང་། འབྱུང་འགྱུར་ཤེས་རིག་གི་མེ་ཏོག་འབོར་ཆེན་རྩྭ་ཐང་ཧྲིལ་པོར་བཞད་རྒྱུར་ཐེ་ཚོམ་ཅི་ཡོད་སྙམ་པ་དང་ལྷན། ད་ཐེངས་ཀྱི་ཡུལ་ལུང་འདི་ཁོ་ནར་དབང་བའི་དུས་དེབ་འཕར་མ་གཅིག་པར་སྐྲུན་ཐུབ་པའང་གཡང་རྩེའི་སྟེང་གི་ཡས་སྒྲོན་དུ་འགྱུར་ངེས་རེད་ཨང་སྙམ། 
       དེ་ནས་ཡུད་ཙམ་འདས་རྗེས། དབྱིངས་ཕྱུག་མ་ལགས་ཀྱིས་ངའི་སྐད་འཕྲིན་ནང་། ཀྲུང་གུང་ཀྲུང་དབྱང་གིས་གནང་བའི་ཏང་ནང་གི་བཟི་བརྗིད་ལྡན་པའི་ལོ་ངོ་ལྔ་བཅུ། ཞེས་འཁོད་པའི་རྟགས་མ་ཡིད་དུ་འོང་བ་གཅིག་སྤོ་བོ་འཕྲིན་ལས་རྡོ་རྗེའི་ལག་ཏུ་བཟུང་བའི་པར་རིས་ཤིག་བསྐུར་བྱུང་ལ། ཡོས་ཆགས་ཤང་ཧྲིལ་པོའི་ད་ཡོད་ཏང་ཡོན་གྲས་སུ། རྟགས་མ་དེ་ཉིད་རགས་མཁན་གྱི་ཏང་ཡོན་རྒན་གྲས་ནི་ཁོང་གཅིག་པུ་ཡིན་ས་རེད། ཅེས་གསུངས་པ་ཐོས་དུས། རྟགས་མ་དེ་ཁོང་གི་ལག་ཏུ་འབྱོར་བའི་དུས་ཚོད་ཅུང་ཟད་འགྱངས་ནའང་། ཁོང་དང་ཁོང་གི་ཕྱག་ཏུ་བསྣམས་པའི་རྟགས་མ་འདི་ནི་ནམ་མཁའི་སྐར་ཚོགས་ཁྲོད་དུ་ལྷམ་མེར་བཀྲ་བའི་དཀར་གསལ་དུང་ཟླ་དང་འདྲ་ལ། དམར་ཡོན་སྤང་ཐང་དུ་བཞད་པའི་མེ་ཏོག་སྣ་བརྒྱའི་ཁྲོད་ཀྱི་སྟོན་དུས་ཁོ་ནར་དབང་བའི་སྤང་རྒྱན་དང་མཚུངས་པར་ཧ་ཅང་སྙིང་དུ་སྡུག་པ་ཞིག་ཏུ་མཐོང་།

༢༠༢༥ལོའི་ཟླ་བ༨པར་དམར་ཡོན་དུ་ཟིན་བྲིས་བཏབ། ཟླ་བ༡༡པར་ལྷ་སར་གྲུབ།

རྩོམ་ཁུངས། ༢༠༢༥ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»ཡོས་ཆགས་ཆེད་དེབ།
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།