འཇུ་སྐལ་བཟང་གི་སྙན་ངག་ཚན་པ་གཉིས།
རྩོམ་པ་པོ།:འཇུ་སྐལ་བཟང་།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2026-03-17 08:35:13
ཀློག་གྲངས།:
འགྲོ་བཞིན་འདུག
འཇུ་སྐལ་བཟང་།
འགྲོ་བཞིན་འདུག
དངོས་གནས་འགྲོ་བཞིན་འདུག
བྱ་ཞིག་གཤོག་པ་ཡིས་བཀྱགས་ནས་འགྲོ་བཞིན་འདུག
རྟ་ཞིག་མགོ་བོ་ཡིས་དྲུད་ནས་འགྲོ་བཞིན་འདུག
མི་ཞིག་རྐང་བ་གཉིས་ཀྱིས་འགྲེང་སྟབས་སུ་བཏེགས་ཏེ་འགྲོ་བཞིན་འདུག
སྤྲིན་པ་ཞིག་ཅི་ཞིག་གིས་དབང་མེད་དུ་དེད་དེ་འགྲོ་བཞིན་འདུག
དུ་བ་ཞིག་སྲིན་བུ་ནར་མོ་བཞིན་ཕར་ཡོ་ཚུར་ཡོ་བྱེད་བཞིན
རྟེན་ས་ཅི་ཡང་མེད་པར་ཡར་ལ་འགྲོ་བཞིན་འདུག
འགྲོ་བཞིན་འདུག
བྱིས་པ་རྐང་ལོ་ལྟ་བུའི་ཤེལ་དམ་ཞིག
ཤོག་བུའི་འཛོང་ཁུག་ཅིག་གིས་བཏེགས་ནས
ཁྱིམ་ནས་ཁྱིམ་འགྲིམས་ཏེ་འགྲོ་བཞིན་འདུག
གྲིབ་མ་ཞིག་རོལ་དུ་ཁྲིད་པའི་ཁྱི་གུ་བཞིན
གཡས་གཡོན་མདུན་རྒྱབ་གང་དུའང་ཐོན་བཞིན
རྐྱོང་སྐུམ་སྐྱེད་གཅུན་སྣ་ཚོགས་བྱེད་ཀྱིན་འགྲོ་བཞིན་འདུག
ཡང་གྲིབ་མ་ཞིག་དམྱལ་བ་རྡོ་རྗེ་གདན་ལ་ཕྱོགས་ཏེ
ཕྱིར་བལྟས་མེད་པར་འགྲོ་བཞིན་འདུག
ཁྲག་རྒྱུན་ཞིག་གིས་རྨ་ཁ་དེད་དེ
ཉིལ་ཉིལ་འགྲོ་བཞིན་འདུག
འགྲོ་བཞིན་འདུག
ལ་ལ་ཡར་ལ་འགྲོ་བཞིན་འདུགལ་ལ་མར་ལ་འགྲོ་བཞིན་འདུག
ལ་ལས་བག་ཆགས་རྔམས་མཐུག་པ་ཞིག་འདེད་བཞིན།
འགྲོ་བཞིན་འདུག
ལ་ལ་འདོད་སྲེད་ཧ་ལས་པ་ཞིག་གིས་ཁྲིད་དེ
འགྲོ་བཞིན་འདུག
ཅི་ཞིག་གིས་ཅི་ཞིག་བསྲན་ཏེ་འགྲོ་བཞིན་འདུག
ཅི་ཞིག་གིས་ཅི་ཞིག་མནན་ཏེ་འགྲོ་བཞིན་འདུག
ཅི་ཞིག་གིས་ཅི་ཞིག་ཕྱེས་ཏེ་འགྲོ་བཞིན་འདུག
ཅི་ཞིག་གིས་ཅི་ཞིག་བསླངས་ཏེ་འགྲོ་བཞིན་འདུག
ཅི་ཞིག་གིས་ཅི་ཞིག་ཁུར་ཏེ་ཕྱད་དེ་ཕྱོད་དེ་འགྲོ་བཞིན་འདུག
འགྲོ་བཞིན་འདུག
སྦས་དོན་ཞིག་སྒྲེན་ནེ་སྒྲེན་ནེ་འགྲོ་བཞིན་འདུག
སྐྱུགས་བྲོ་བ་ཞིག་ཉེར་རེ་ཉེར་རེ་འགྲོ་བཞིན་འདུག
ལུས་མེད་པའི་མགོ་བོ་ཞིག་འདྲིལ་ཏེ་འགྲོ་བཞིན་འདུག
ངོ་མེད་པའི་ཁ་མིག་ཅིག་ག་སར་འགྲོ་བཞིན་འདུག
བུ་ག་ནག་པོ་ཞིག་ལ་གཏད་དེ་འུ་ཚོའི་འཁོར་བ་མ་ལུས
ཡོམ་ཡོམ་འཁྱོམ་འཁྱོམ་བྱེད་ཀྱིན་འགྲོ་བཞིན་འདུག
སྟོང་མདང་ཚབས་ཆེན་ཞིག་གིས་བསླུས་ཏེ
འུ་ཚོའི་འཇིག་རྟེན་ཧྲིལ་བོ་འཕག་འཚག་རྒྱག་བཞིན
བཤོལ་ཐབས་མེད་པར་འགྲོ་བཞིན་འདུག
འགྲོ་བཞིན་འདུག
དངོས་གནས་འགྲོ་བཞིན་འདུག
དེ་ལྟར་འགྲོ་བཞིན་འདུག
ཁོང་སྨེ།
དེ་སྔོན་སེམས་ཀྱི་བར་ལ་ཨར་འདམ་ཁྱོད་ཀྱིས་བརྩིགས་པ།
རྒྱང་བལྟ་བྱས་ཚེ་ད་དུང་སོ་ན་འདུག
ཡང་ན།
ངའི་སེམས་ལ་རྐང་རྗེས་འཇོག་མཁན་དེ་སྔ་མོ་ནས་ལོག་སོང་བ་འདྲ།
ང་ཡི་མངའ་ཁོངས་འདི།
ཁྱོད་ལ་འབྱིན་འཇུག་བྱེད་ཡུལ་དུ་བསྐྲུན་པ་མིན།
བུ་མོ་ངའི་འཚར་ལོངས་ཡོད་ཚད་ཏག་ཏག་ཁྱོད་ཀྱི།
མིག་གཙག་ལན་གཅིག་གིས་བསྒྱེལ་བྱར།
གྲ་སྒྲིག་བྱས་པ་རེད་སྙམ་ནས་ཨེ་ཡོད།
དེ་སྔོན།
ཁྱོད་ཀྱི་ལས་དབང་ལ་བདག་གི་དྲི་བསུང་བསྒོས་ནས།
ལམ་མདོ་དེར་ཡུན་རིང་སྒུགས་ཀྱང་།
འུ་ཅག་གཉིས་ཐ་གུ་བཞིན་གཅིག་ཏུ་མདུད་མཁན་གྱི་ལོ་ཟླ་དེ།
སླེབས་པ་མི་འདུག འོན་ཀྱང་སྔ་དུས།
ཁྱོད་ཀྱིས་ངའི་སེམས་ཁོང་དུ་བསྣུན་འོང་བ་དག
ངའི་ཡ་ཆུང་ན་ཐུམ་བུར་དྲིལ་ཡོད།
ངའི་གསེར་སྐྱོགས་ནང་གི་མཆོད་ཆུའི་ཁ་རུ་བཞད་པའི།
མེ་ཏོག་སེར་པོ་དེ་སུ་ལ་ཡང་བཏོག་ཏུ་བཅུག་མེད།
ངས་ཁྱོད་ཀྱི་དོན་དུ་སྨེ་ཐིག་ནག་པོ་གདོང་ལ་གྱོན་ནས།
རླུང་ཁ་འགྲིམ་བཞིན་ཁྱོད་ཀྱི་རྒྱང་རིང་ལ་བལྟས་ཡོད་མོད།
ཁྱོད་ལ་བཤད་འདོད་ཀྱི་ཚིག་གིས་སྦོས་པའི་དབུགས་ལྒང་དེ།
ནམ་ཞིག་ཁྱོད་ཀྱི་མིག་སྔར་འཕྱོ་ཉིན།
ངོ་འཛེམ་གྱི་སྐྱི་ཤུན་སྲབ་མོར།
སེན་བརྟོལ་བྱེད་ཕོད་མཁན་དེ་ཁྱེད་རང་མིན་ཚེ།
ངའི་རེ་བ་འདི་ཉིད་ལམ་མདོའི་ཁྱི་རོ་བཞིན་འཁྱགས་པར་འགྱུར།
ཁྱོད་ཀྱི་དམ་བཅའི་རྒྱབ་ཁུག་སྟོང་བ་དེ།
སྔོན་ཆད་ཀྱང་ག་སར་དོར་ཡོད་སྙམ་སྟེ་ང་རང་ཤིན་ཏུ་དོགས།
དེ་ལྟར་བསམ་ཚེ།
ཁྱོད་ཀྱི་ཚིག་གི་རྡོ་ལ་བརྡབ་པའི་བདག་གི་ཤེལ་གོང་དེ་ལ།
ཕངས་སེམས་ཇེ་ཆེར་འགྲོ་བཞིན་འདུག
རབ་ན།
སེམས་པ་འདི་ལས་ཕ་ཚད་དུ་གནས་སྤོ་གནངས་རོགས།
བཞུད་དང་། ཨ་ཙི་ད་བཞུད་དང་།
སྟབས་ལེགས་བྱུང་ན། ལམ་ཁ་དེར།
ངས་ཁྱོད་རང་སླར་ཡང་རྐང་མཐིལ་ནས་ཡར་བསླང་ཆོག
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号