བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ། ༦

རྩོམ་པ་པོ།:སྒོ་བུ་ཤ་བོ་ཚེ་རིང་། ཡོང་ཁུངས།:སྐྱིད་རྟག་འཕྲིན་སྟེགས། དུས་ཚོད།:2021-11-11 08:35:24 ཀློག་གྲངས།:
ཟངས་དཀར་ལོ་ཙཱ་བ།
བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ།༼༦༽
སྒོ་བུ་ཤ་བོ་ཚེ་རིང་།

གྲི་ཤིའི་སྐོར།
        ང་ཚོ་འགྲོ་བ་མི་རྣམས་མངལ་ལས་སྐྱེས་ཚུལ་གཅིག་ཀྱང་འདས་ཚུལ་འདྲ་མིན་སྣ་ཚོགས་ཏེ། འབྱུང་བཞིའི་གནོད་པས་འཆི་བ་དང་། རྐྱེན་ངན་བར་ཆད་ཀྱིས་འདས་པ་སོགས་མང་པོ་ཡོད་པ་མཐོང་ཆོས་ལྟར་རེད། འདིར་རང་བཞིན་དུས་ཀྱི་ཆོས་ཉིད་དུ་མ་གྱུར་བར་ཕྱི་ནང་གི་རྐྱེན་ངན་གྱིས་གཤེགས་པའི་སྔོན་བྱོན་ལོ་ཙཱ་བ་ག་ཚོད་ཡོད་པ་ལ་རང་ནུས་ཀྱིས་རྩིས་ཤིག་བརྒྱག་པར་བྱ། <སྨོན་ལམ་ཚིག་མཛོད་>ལས་གློ་བུར་དུ་མཚོན་ཆ་ཕོག་ནས་ཤི་བ་དང་། ཆུར་ལྕེབས་ནས་ཤི་བ་སོགས་རྒྱུན་ལྡན་མ་ཡིན་པར་ཤི་བ་ལ་གྲི་ཤི་ཟེར་བས་ཚན་ཆུང་འདིའི་མིང་ཡང་དེ་ལྟར་བཏགས་པ་ལགས། 
        རྒྱལ་པོ་ཁྲི་དར་མ་འུ་དུམ་བཙན་གྱིས་ཆོས་སྣུབ་དུས་གནུབས་ནམ་མཁའི་སྙིང་པོ་དཀར་ནག་གི་ཞགས་པས་བཟུང་ནས་བཀྱོན་ཕུད་དུ་ཕྱུང་། ཀ་བ་དཔལ་བརྩེགས་ལ་སོགས་བཞིས་ཆབ་གསོལ་ཏེ་བཀུམ་ཞེས་བོན་གྱི་ཡིག་ཚང་<སྲིད་པ་རྒྱུད་ཀྱི་ཁ་བྱང་>དུ་གསལ་བ་ལས་སྔ་མ་གནུབས་ལོ་ཙཱ་བ་བཀྲོངས་མེད་ཀྱང་། དཀའ་བ་དཔལ་བརྩེགས་སོགས་ནི་དུག་གསོལ་ནས་གཤེགས་པ་ཡིན་པར་སྙམ། དེ་དུས་<བུ་སྟོན་ཆོས་འབྱུང་>དུ་ཉང་ཏིང་ངེ་འཛིན་བཟང་པོ་དང་ལོ་ཙཱ་བ་རྨ་རིན་ཆེན་མཆོག་ལ་སོགས་བསད་པར་གསུངས། གོང་གི་ཡིག་ཚང་གཉིས་སུ་ཀ་བ་དཔལ་བརྩེགས་ལ་སོགས་དང་རྨ་རིན་ཆེན་མཆོག་ལ་སོགས་ཞེས་སོགས་སྒྲ་བཞག་ཡོད་པས་སྐ་ཅོག་ཞང་གསུམ་དང་དུས་མཉམ་པའི་ལོ་ཙཱ་བ་གཞན་སྐོར་ཞིག་ཀྱང་དུས་འགྱུར་དེར་བཀྲོངས་ཡོད་སྙམ། 
        བསྟན་པ་ཕྱི་དར་སྐབས་རྒྱ་ལོ་ཙཱ་བ་བརྩོན་འགྲུས་སེང་གེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་པའི་ལམ་བར་དུ་སྐུ་གཤེགས་ཤིང་། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་བསམ་ཡས་གཙང་པོར་བརྒལ་དུས་ཀོ་གྲུ་ཁ་ལོ་བསྒྱུར་ནས་རྐྱེན་ལམ་དུ་ཤོར། རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་དགུང་ལོ་བཞི་བཅུ་རྩ་དྲུག་ལ་གཞན་གྱིས་དུག་དྲངས་ནས་གྲོངས། <རྭ་ལོ་ཙཱ་བའི་རྣམ་ཐར་>ལས་འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་དང་། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། རྒྱུས་ལོ་ཙཱ་བ་སྨོན་ལམ་གྲགས། གཉན་ལོ་ཙཱ་བ་དར་མ་གྲགས་བཅས་ནི་རྭ་ལོ་ཆེན་པོ་དང་མཐུ་རྩལ་འགྲན་ནས་བསྒྲལ་བར་བརྗོད་པ་ཡིད་རྟོན་འཕེར་བ་ཞིག་མིན་པས་བརྟག་དགོས་པ་ཞིག་ཏུ་སྣང་། དུས་རབས་བཅོ་བརྒྱད་པར་སྨིན་གྲོལ་གླིང་གི་ལོ་ཆེན་དྷརྨ་ཤྲཱི་ཨོ་རོད་ཇུན་གར་བས་སྐྱིད་ཆུའི་འགྲམ་དུ་བཀྲོངས་པ་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ལ་རྒྱུས་ཡོད་པ་ཀུན་གྱིས་ཤེས་སྲིད་དོ། ། 
        དེ་མིན་གཞན་རྒྱ་གར་ཚ་བའི་ཡུལ་དུ་ཚད་ནད་ཀྱིས་གཤེགས་པ་ཡང་མང་སྟེ། བསྟན་པ་སྔ་དར་སྐབས་མངའ་བདག་ཁྲི་རལ་པ་ཅན་གྱིས་བོད་ཕྲུག་བློ་རྣོ་བ་བཅུ་དྲུག་ལ་གསེར་བསྐུར་ནས་ལོ་ཙཱ་སློབ་ཏུ་བཏང་སྟེ། ལ་ལས་སྨྲ་མ་ཤེས། ལ་ལས་ཚ་བས་གུམ། ལ་ལས་ཐར་འདྲེ་རྣམ་གསུམ་ལ་གཏུགས་པའི་མཐར་སྐ་ཅོག་ཞང་གསུམ་གྱིས་མཁས་པར་བསླབས་ནས་པཎྜི་ཏ་ཛི་ན་མི་ཏྲ་དང་། ཤྲི་ན་ལེན་ཏྲ་བོ་དྷི་དང་། དཱ་ན་ཤི་ལ་གསུམ་སྤྱན་དྲངས་ཏེ་སྒྲ་བསྒྱུར། བསྟན་པ་ཕྱི་དར་སྐབས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་དང་ཁ་ཆེར་མངགས་པའི་རིག་པའི་ཁྱེའུ་ཉེར་གཅིག་ལས་ལོ་ཆེན་རིན་ཆེན་བཟང་པོ་དང་ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ལས་གཞན་བཅུ་དགུ་ཚད་པས་འདས་པ་<ཉང་ཆོས་འབྱུང་>དུ་གསུངས། བརྒྱ་ལ་ཕྱི་འགྲིམས་སློབ་གཉེར་བ་དེ་དག་ལོ་ཆེན་རིན་བཟང་བཞིན་ཉེ་ཞོ་མེད་པར་ཕྱིར་བོད་ཡུལ་དུ་བདེ་བླག་ངང་ཕེབས་ཡོད་ཚེ་ཁོང་ཅག་གིས་ཀྱང་ཆོས་བསྒྱུར་བའི་མཛད་པ་བསྐྱངས་ཡོད་པར་མ་ཟད། ལོ་ཙཱ་བ་དེ་དག་གི་མཚན་ལ་ཅི་ཟེར་མིན་ཡང་ལོ་རྒྱུས་ཡིག་ཚང་ཁག་ཏུ་གསལ་ངེས། མངའ་བདག་ཁྲི་རལ་བའི་སློབ་གཉེར་བ་བཅུ་དྲུག་ལས་གསུམ་ལོ་ཙཱ་བར་གྱུར་བ་དང་། ལྷ་བླ་མའི་བོད་ཕྲུག་ཉེར་གཅིག་ལས་བཅུ་དགུ་རྐྱེན་ལམ་ལ་ཤོར་བ་དེ་ལས། འདས་པའི་དུས་སུ་རང་རེའི་ཡུལ་ནས་སློབ་གཉེར་བ་མང་པོ་ཞིག་ཕྱི་རྒྱལ་དུ་ཕེབས་ཤིང་། བསླབ་པ་མཐར་ཕྱིན་ནས་བོད་དུ་བདེ་བར་ལོག་ཐུབ་མཁན་ཉུང་ངུ་ཙམ་ལས་མེད་པ་ང་ཚོར་བསྟན་པ་མིན་ནམ།
        ཚད་ནད་སེལ་བའི་ཐབས་ལ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱིས་བལ་ཡུལ་ཡམ་བུ་ཡ་འགལ་དུ་ཚད་པ་སྐྱོབ་པའི་ཅོ་པ་རི་ཞེས་པ་རྩིག་པ་མེད་པའི་ཤིང་གི་ཁང་པ་ཆེན་པོ་ཞིག་བོད་མི་རྣམས་ལ་བརྩིགས་པ་དང་། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་རྒྱ་གར་འགྲིམས་པའི་སྔོན་དུ་བལ་ཡུལ་ནས་ཚད་པ་ལ་གོམས་སུ་བཅུག་པ་རེད། སེ་ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས་རྒྱ་གར་དུ་གཤེགས་པ་ཞིག་ཡིན་ཡང་། ཚད་ནད་དང་ཤུ་ནད་ཀྱིས་འདས་པ་ཡིན་མིན་གསལ་བོ་ཞིག་གླེང་བ་མ་མཐོང་བས། གཅིག་བྱས་ན་སྐུ་ཚེ་མཐར་ཕྱིན་ནས་ཞི་བར་གཤེགས་སྲིད་པ་ཞིག་རེད། གཤམ་དུ་གུས་པས་ད་ཕན་བར་བོད་ཀྱི་ཆོས་འབྱུང་དང་རྣམ་ཐར་བཅས་ལས་ཚད་ནད་ཀྱིས་འདས་པའི་སྔོན་བྱོན་སློབ་གཉེར་བ་བཞི་ཙམ་རྙེད་པའི་སྐོར་ཅུང་ཙམ་བརྗོད་པར་བྱ། 
           1.ས་ཆེན་ཀུན་དགའ་སྙིང་པོ་ཡི་རིགས་སྲས་ཀུན་དགའ་འབར་རྒྱ་གར་དུ་སློབ་གཉེར་ལ་བྱོན་ནས། རིག་པའི་གནས་ལྔ་ལ་མཁས་པར་གྱུར། ཚུན་འབྱོན་པའི་གྲབས་མཛད་སྐབས་ཚད་པའི་སྙུང་གཞི་བྱུང་ནས་དགུང་ལོ་ཉེར་གཉིས་པ་ལ་ཡུལ་མ་ག་དྷར་འདས་པ་ས་སྐྱ་ཨ་མྱེས་ངག་དབང་ཀུན་དགའ་བསོད་ནམས་ཀྱི་<ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་>དུ་གསལ།  
        2.སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་ཀྱི་གཅུང་ཆོས་འབར་བྱ་བས་ཡབ་འདས་རྗེས་ཡུལ་ཞིང་བཙོང་བའི་གསེར་སྐལ་གཅེན་པོ་ལ་བསྐྱལ་བར་རྒྱ་གར་རྡོ་རྗེ་གདན་དུ་འབྱོར། དེ་ནས་གཅེན་སྟེང་ལོས་ཞལ་ཏ་མཛད་ནས་གཅུང་སློབ་གཉེར་ལ་བཙུད། བླ་མ་པཎྜི་ཏ་རྣམས་བསྟེན། མཁས་པར་གྱུར་བའི་མཐར་ཚད་པས་གྲོངས་པ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་<དེབ་ཐེར་སྔོན་པོ་>རུ་གསལ། 
        3.ཆག་ལོ་ཆོས་རྗེ་དཔལ་རྒྱ་གར་འགྲིམ་དུས་ཀྱི་ལམ་གྲོགས་ལོ་ཙཱ་བ་ལྡན་མ་ཚུལ་ཁྲིམས་སེང་གེ་ཡང་རྒྱ་གར་ནས་ཚད་ནད་ཀྱིས་སྐུ་གཤེགས་པ་དང་། ཆག་ལོ་ཁོང་ཉིད་དཔལ་ན་ལེནྡྲར་བཞུགས་དུས་བླ་མ་དང་གྲོགས་པོ་རྣམས་ཀྱིས་དབྱར་ཁའི་ཚད་འབྱོལ་ལ་བལ་ཡུལ་དུ་བསྐྱོད་པར་སྐུལ་དུས། ལོ་སྔོན་མར་ཡང་བོད་ཀྱི་སློབ་གཉེར་བ་ཞིག་གཤེགས་པ་སོགས་འཇུ་བ་སྟོན་པ་ཆོས་དཔལ་དར་བྱང་གི་<ཆག་ལོའི་རྣམ་ཐར་>དུ་གླེང་འདུག །དེ་ཉིད་དུ་ལོ་ཙཱ་བ་ལྡན་མ་ཚུལ་ཁྲིམས་སེང་གེ་འདས་ཚུལ་སྐོར་ལ་ཁྱད་མཚར་བ་ཞིག་གསུངས་ཡོད་དེ།
        “ཁོང་དེ་དུས་ན་བསླབ་པ་གཙང་གཉེན་པོ་ཆེ་བ་ཡིན་པ་ལ། ཕྱིས་བསླབ་པ་འཆལ་བས་ཁོ་ཤི །རཱ་ག་ནི་ཤྲཱི་ཏ་ཟེར་བ། འདོད་ཆགས་བསྟེན་པ་དེ་བོད་ཀྱིས་བྱས་ན་རྒྱ་གར་གྱི་ཚད་པ་ཕོག་འཆི་བ་ཡིན། ར་གཱ་ཨ་ནི་ཤྲཱི་ཏ་འདོད་ཆགས་མི་བསྟེན་པ་བསླབ་པ་གཙང་སིང་ངེ་བྱས་པས་ང་མ་ཤི་གསུངས།”  
        གོང་དུ་གླེང་མ་ཐག་པའི་ཀུན་དགའ་འབར་དང་ཆོས་འབར་གཉིས་དགེ་སློང་ཡིན་པ་མི་གསལ་ཡང་ཁོང་གཉིས་ཀྱི་མཚན་ལ་གཞིགས་ན། རབ་བྱུང་སྒྲུབ་མེད་པར་སྙམ་པས་ཆག་ལོས་གསུངས་པ་ལ་བདེན་པའི་ཆ་ཅུང་ཟད་ཡོད་པ་འདྲ་སྟེ། སྟེང་པ་ལོ་ཙཱ་བ་དང་ཁོང་གཉིས་ལ་ཡང་ཚད་ནད་ཀྱི་འཇིགས་པ་བྱུང་ཡང་། སྟེང་ལོས་རྗེ་བཙུན་སྒྲོལ་མའི་ཁྲུས་ཆབ་གསོལ་བས་དྭངས་པ་དང་། ཆག་ལོ་ལ་མགོན་པོ་ཕྱག་བཞི་པའི་སྤྲུལ་པ་སྔགས་པ་ཞིག་གིས་ནད་གཡོག་བྱས་ནས་དྲག་པར་གསུངས། དེ་ཡང་ཁོང་གཉིས་ཀྱི་བསླབ་པ་མ་ཤོར་བས་ཚད་ནད་ལས་ཐར་བར་བསམ་རུང་མོད། འདི་ལྟ་བུ་ནི་གསོ་བ་རིག་པ་དང་སྡོམ་རྩིས་རིག་པའི་ངོས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་དགོས་པ་ཞིག་ལས་ལོ་རྒྱུས་ཡིག་ཚང་གཅིག་པུས་ཐག་ཆོད་པ་ནུས་པ་ཞིག་ཡེ་ནས་མིན་པས་མུ་ནས་དཔྱད་འཆར་ཡོད། <གཏམ་རྒྱུད་གསེར་ཐང་>དུ་དཔྱིད་སྨད་ནས་བཟུང་ཉི་མ་མེ་ལས་ཚ་བ་དང་། ཉིན་གུང་ལ་སླེབས་ཚེ་རླུང་མེ་ལྕེ་འབར་བ་ལྟ་བུ་འོངས་པ། སྒོ་ང་ལ་སོགས་པ་ཡང་ཕྱི་རོལ་གྱི་ཉི་མར་བཞག་ན་ཚོས་ནུས་པ། ཉི་མ་ནུབ་ནས་ཀྱང་ཚ་དྲོད་ནམ་གུང་བར་དུ་མི་ཡོལ་བ། མི་རྣམས་མཚན་ཐོགས་ཐག་ལ་གཉིད་མེད་པར་ལུས་ལ་ཆུ་གཏོར་ནས་སྡོད་དགོས་པ་ནི་ཡུལ་དབུས་མ་གྷ་དྷའི་དཔྱིད་ཀྱི་དུས་ཡིན་པར་བཤད་པས། སྔོན་གྱི་སློབ་གཉེར་བ་རྣམས་ལ་ཚད་པའི་སྙུང་གཞི་བྱུང་དུས་ནི་ཡུལ་དབུས་འགྱུར་འཆང་གི་དཔྱིད་དུས་ཡིན་པ་གོར་མ་ཆག །<ཆག་ལོའི་རྣམ་ཐར་>དུ་དབྱར་ཁ་ཡིན་པ་གསལ་ཡང་མཁས་དབང་དགེ་ཆོས་ཀྱིས་ཧོར་ཟླ་བཞི་པའི་རྗེས་ནས་ཆར་ཆེན་པོ་འབབ་པ་ཡུལ་དབུས་ཀྱི་དབྱར་དུས་ཡིན་པར་གསུངས། གཞན་ཡང་གཟའུ་བྱ་བའི་ཉི་མའི་འོད་ཅིག་དང་ཐུག་རྒྱུ་ཡོད། དེ་འཕྲད་ན་གཟའ་གདོང་ཐུག་ཕོག་པ་བཞིན་དུ་འཆི། ཤུགས་ཆུང་བ་ཕོག་པ་ན་ལུས་ལ་ཆུ་བླུག་ན་དྲན་པ་སླར་གསོས་པ་རྒྱལ་ཁམས་པ་ཁོང་གིས་གསུངས་པས་ཀུན་དགའ་འབར་སོགས་ལ་གཟའུ་ཆེན་པོ་དང་སྟེང་ལོ་སོགས་ལ་ཤུགས་ཆུང་ངུ་ཕོག་པ་ཨེ་ཡིན། 
        འདི་ལས་ངེས་པ་དོན་གྱི་ལོ་ཙཱ་བ་ཆེན་པོ་རྒྱ་དཔེ་ལས་བོད་སྐད་དང་བོད་དཔེ་ལས་རྒྱ་སྐད་ཀློག་ནུས་པ་རྣམས་ཀྱི་དཀའ་སྡུག་གི་ལོ་ཟླ་མཐོང་ནུས་ལ། སྒོས་སུ་ཕྱིས་ཀྱི་ལོ་ཙཱ་བ་དབྱར་མང་ཡུལ་དུ་བསྡད་ཅིང་། དགུན་བལ་པོར་ཕྱིན་ནས་སྔོན་བསྒྱུར་པ་རྣམས་ལ་འགྱུར་བཅོས་སུ་མིང་བཏགས་ནས་བཅོས་སླད་རེ་བྱེད་པ་ཚོ་དང་གནམ་སའི་ཁྱད་ཤོར་དགོས་པའི་རྒྱུ་མཚན་ཡང་རང་བཞིན་གྱིས་ཤེས་འོང་། འདས་པའི་ལོ་རྒྱུས་འདི་དག་ལ་བསམ་ན་བསྟན་པ་སྔ་དར་དང་ཕྱི་དར་སྐབས་ལ་རྒྱ་གར་དང་། བལ་པོ། ཁ་ཆེ། ཨུ་རྒྱན་སོགས་འགྲིམས་ནས་ཚེ་སྲོག་ཤོར་བའི་སློབ་གཉེར་བའམ་ལོ་ཙཱ་བ་མང་པོ་ཞིག་ཡོད་སྲིད་པས། ང་ཚོ་རྗེས་རབས་པས་ཁོང་ཅག་གི་སྐུ་དྲིན་ཡང་ངེས་པར་དྲན་དགོས་པ་ཞིག་རེད། ཁོ་བོས་འགྱུར་བྱང་མི་གསལ་བའི་བཀའ་བསྟན་གྱི་གསུང་རབ་བསྟན་བཅོས་རྣམས་ནི།  ལྟེ་ཁྲག་བོད་ཡུལ་ནས་འཕོས་ཤིང་སྐུ་སྲོག་གཞན་ཡུལ་དུ་ཤོར་བའི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བ་ཞིག་ཡིན་པར་སྙམ་པའི་སྟོང་བསམ་ཞིག་ཀྱང་བཅོས་མིན་དུ་ཤར་འོང་ལ། དེ་ནས་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱིས་ཆོས་དང་རིག་གནས་ཀྱི་ཕྱིར་དུ་དཀའ་བས་བསགས་པའི་གསེར་རྣམས་འཕགས་ཡུལ་དུ་བསྐྱལ། སྐུ་སྲོག་བློས་བཏང་ནས་པཎྜི་ཏ་རྣམས་གངས་རིའི་ལྗོངས་ལ་གདན་དྲངས། ཁོང་ཅག་དང་ལྷན་དུ་འབད་པས་བསྒྱུར་བའི་བཀའ་བསྟན་གྱི་གླེགས་བམ་རྣམས་དུས་དེང་སང་རང་སྣང་གང་ཤར་གྱིས་ཕྱི་ཡིག་ཏུ་བསྒྱུར་བའི་མི་ཆེན་སོགས་ལ་སྐབས་དང་སྐབས་སུ་སྡིག་དམོད་ཀྱི་སྦྱོར་བ་ཡང་རྩོམ་བཞིན་ཡོད།
        མདོར་ན་ང་ཚོས་སྡོམ་ཚིག་འདི་འདྲ་ཞིག་འཇོག་ཆོག་སྟེ། རྒྱ་གར་དུ་འདས་པའི་སློབ་གཉེར་བ་རྣམས་ནི་ཚད་ནད་ཀྱི་དབང་གིས་དང་། ལོ་ཙཱ་བ་ལྡན་མ་ཚུལ་སེང་ལས་གཞན་རྣམས་ཀྱིས་ཆོས་བསྒྱུར་བ་ཕར་ཟད། ལོ་ཙཱ་བའི་མིང་ཙམ་ཡང་འཛིན་མ་ནུས། བོད་ཡུལ་ནས་རྐྱེན་ངན་གྱིས་གཤེགས་པའི་ལོ་ཙཱ་བ་རྣམས་དུག་དང་མཐུ་སོགས་ཀྱིས་བཀྲོངས་པ་ཞིག་ཡིན་ཡང་། ཁོང་ཅག་ལ་འགྱུར་མང་བར་མ་ཟད་བསྟན་པ་སྐྱོང་བའི་ལག་རྗེས་ཀྱང་ཆེ་བ་ཞིག་ཡིན་པ་དེའོ། །བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ་ལས་ཁག་དྲུག་པ་རྐྱེན་ངན་བར་ཆད་ཀྱིས་འདས་པའི་ལོ་ཙཱ་བ་འགའ་བརྗོད་པ་རྫོགས་སོ། །
སྤྱི་ལོ་2021ལོའི་སྤྱི་ཟླ་11པའི་ཚེས་9ཉིན་ནས་10བར་བྲིས།
གསལ་བཤད། འདིར་བཀོད་པའི་ནང་དོན་དང་པར་སོགས་ནི་སྐྱིད་རྟག་འཕྲིན་སྟེགས་ཀྱི་དོ་བདག་གིས་དངོས་སུ་ཆོག་མཆན་བཀོད་པ་བརྒྱུད་འདིར་བརྒྱུད་འགོད་བྱས་པ་ཡིན་པས་གཞན་དག་གིས་རང་སྣང་གང་ཤར་གྱིས་བཤུ་འཁྱེར་མི་བྱ་རོགས་ཞུ། གལ་སྲིད་བརྒྱུད་འགོད་བྱ་ན་དོ་བདག་ལ་འབྲེལ་བ་བྱས་ཏེ་མོས་མཐུན་བྱུང་རྗེས་འཁྱེར་ཆོག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།