ལྷུག་རྩོམ། ཁ་བཏགས།

རྩོམ་པ་པོ།:རུས་པ། ཡོང་ཁུངས།:སྦྲང་ཆར། ༢༠༢༥ལོའི་དེབ་བཞི་པ། དུས་ཚོད།:2025-12-31 09:38:38 ཀློག་གྲངས།:
       ལོ་དེར། ང་རང་ཐེ་ཚོམ་འཕྲིག་གེར་ལུས། སྐབས་རེར། གནས་ཚུལ་དང་སྣང་ངོ་གང་ལའང་ཞེ་མཇེད་པ་ཤ་སྟག་ཅིག་འབྱུང་། ལན་རེར། ཁོར་ཡུག་གི་གཟུགས་སྒྲ་དྲི་རོ་རེག་བྱ་ལས་ཀྱང་སྙིང་བོ་གཞན་ཞིག་ལོན་གྱིན་པ་འདྲ། སྟོན་ལོ་ཁ་ཤས་གསེར་གྱི་སྒྲོ་སྤུ་བཞིན་ས་ལ་ཟགས་པའི་བར་སྣང་གི་སྐྱོམ་སྟངས་དེ་ལས། མངའ་རིས་སྒྲ་སྙན་གྱི་དབྱངས་རྟ་གཉོམ་པོ་ཞིག་རྒྱང་རིང་ནས་ག་ལེར་ལྷང་འོངས་ཚེ། གློ་རྡེག་ཏུ་མིག་ཆུ་ཤམ་ཤམ་བརྡོལ་བྱུང་། ད་ལྟའི་ན་ཚོད་འདིའི་སྒང་ལ། མིག་མཐའི་མཆི་མ་ལའང་སེར་སྣ་ཞེ་དྲག་ཅིག་འཆོར་དགོས་པའི་ཚད་དུ་སླེབས་འདུག་ཅེས་གླེང་ཚེ་ཁྱེད་ཀྱི་རྣར་མི་འགྲོ་མོད། ནར་སོན་གྱི་གོ་རིམ་ཁྲོད་དུ་དེ་འདྲའི་ཚོར་བ་དྭངས་གསལ་གྱི་ཚུགས་མལ་ཞིག་ལ་ཁྱེད་རང་ཡང་ཕལ་ཆེར་བསླེབ་ངེས་སྙམ། ཧད་དེ་ལུས་པའི་གནས་སྐབས་ནི་དོན་ལ་བློ་རིག་སྒྲིམ་པའི་རྣམ་འགྱུར་ཞིག་ཡིན་ཡང་སྲིད། ཉིན་གཅིག་གི་ནམ་མཁའི་དྭངས་ཤ་དང་སྤྲིན་པའི་འཁྱུག་སྟངས་ཁོ་ནར་ཡང་བསམ་གཞིགས་ནར་མར་གཏོང་དགོས་འདུག དངན་པ་ཡང་ཡང་འབྱིན་སའི་མུ་མེད་ཀྱི་མཁའ་དབྱིངས་སུ་སྙིང་གི་རུས་པ་འཐག་པའི་ཁྲེས་པོ་ལྕི་མོ་དེ་དབོར་དུས། ཕ་ཡུལ་གྱི་རྣང་ཞིང་དང་རི་གཤོང་དུ་སྨིན་པའི་གསེར་མདོག་གི་འབྲས་བུ་དེ་དག་རང་ཉིད་དང་དབྱེར་མེད་དུ་འབྲེལ་བར་གཞི་ནས་ཚོར། ལོ་དེ་ནས་བཟུང་། ང་རང་ཁེར་རྐྱང་གི་འཚོ་བ་ཞིག་ལ་ངང་གིས་གོམས།
       ད་ལོའི་འཕྱི་དྲགས་པའི་ཁ་བ་དེ་ག་དུས་འབབ་བམ། མདོ་དབུས་མཐོ་སྒང་གི་དགུན་ལ་རྟེན་འབྲེལ་གྱི་ཁ་བ་ཞིག་ཅིས་ཀྱང་འབབ་རན། ཁ་བ་ཞིག་བབས་པས་ཨར་འདམ་གྱི་གྲོང་ཁྱེར་ལ་རྔོ་ཅི་ཡང་མི་ཐོགས་ཤིང་དེ་ལས་ལྡོག་སྟེ་འགྲིམ་འགྲུལ་གྱི་གེགས་སུ་འགྲོ་སྲིད་ཀྱང་། ཡུལ་མི་དག་གི་སང་ལོའི་དཔྱིད་ཀ་དང་དབྱར་ཁ་བསམ་དགོས། རྔུལ་ནག་གིས་བཏབ་པའི་ལོ་ཏོག་དང་བརྩེ་དུང་དང་སྡུག་རུས་ཀྱིས་སྲུང་བའི་རྩྭ་ཐང་དྲན་དགོས། ཁོ་ཚོའི་ལྷག་བསམ་དང་མངོན་ཆུང་གི་ངག་ལ་བཀུག་པའི་གླུ་སྐད་རེ་རེར་གཟབ་ཉན་བྱ་དགོས། དེ་བས་ཀྱང་། མི་རབས་ནས་མི་རབས་འཚར་སའི་རི་ཀླུང་དེར། བྱིས་པའི་བག་ཆགས་ངོས་ཀྱི་དབྱར་དགུན་སྟོན་དཔྱིད་ཇི་སྲིད་བསྐལ་པར་བརྟན་པའི་སྨོན་ལམ་རྣམ་དག་ཅིག ལོ་ངོ་ཉི་ཤུ་ཟད་སའི་གྲོང་ཁྱེར་ནས་རྒྱུ་འགྲུལ་གྱི་ཁད་ཐག་ཇེ་རིང་དུ་འགྲོ་བཞིན་པའི་ཕ་ཡུལ་ལ་བསྒྲོན་དགོས། དོ་ནུབ་ཀྱི་མཁའ་དབྱིངས་ཉིན་མོ་བཞིན་དྭངས་ཤིང་གསལ། གོས་སྔོན་ཡུག་གཅིག་བཏིང་འདྲའི་ནམ་མཁར་ཐང་མར་བརྡལ་བའི་སྤྲིན་དཀར་གྱི་ཚོམ་བུ་ཝུ་སོབ་བཞིན་ཐོར་འདུག ཟླ་འོད་དང་སྐར་ཚོམ་གྱི་ངོགས་སུ་རླུང་བུ་བསིལ་མོ་ཞིག་ཁ་ཕྱོགས་མེད་པར་རྒྱུ་བཞིན་འདུག ཚོར་བའི་དྲན་པ་གསལ་ཐིངས་པ་དེས་ཀླད་པའི་སྤྱི་གཙུག་ནས་རྐང་བའི་མཐིལ་ལ་འཐེན་པའི་དབང་རྩ་ཡོད་དོ་དར་ཅིག་ལ་སྦྲིད་པར་བྱས། སྙིང་བོ་ཡོད་ཡོད་འདྲ་ལ་མེད་མེད་ལྟ་བུའི་ན་ཚོད་འདིའི་བློ་སྐྱེད་ལས་ཆེ་བསྟོད་དང་དམའ་དམོད་བཏང་སྙོམས་སུ་འཇོག་པའི་གོ་སྟོབས་ཤིག་སྨིན་པ་འཕྱི་ཡོད་དམ། ཕུ་མེད་པའི་ངར་ཤུགས་དང་རྟོན་ཁག་པའི་རླུང་གཏམ། ཚོར་བས་མ་ཟིན་པའི་འཛུམ་དང་བརྩེ་བས་མ་བྲན་པའི་རླངས་པ་ཅི་རིགས་ཀྱི་རླབས་རྒྱུན་གསར་པའི་ཁྲོད། ངས་རང་ཉིད་ཀྱི་དཀར་ཆ་ཏོག་ཙམ་དེ་སྲུང་ནས་འདི་ལྟར་རྒས་ཀྱིན་ཡོད། བྱང་ཁོག་སྟོད་ནས་ཁེར་རྐྱང་གི་དངན་པ་གྲང་མོ་ཞིག་ཕ་ཡུལ་ཕྱོགས་སུ་ཡང་ཡང་འཐེན་དུས། དེ་ནི་བདེ་སྡུག་དབྱེར་མེད་དུ་འདྲེས་པའི་ཆོས་ཉིད་ཀྱི་ན་ཚོད་ཅིག་ཏུ་ངོས་ཟིན་བྱུང་། མི་ཚང་མས་ལོ་ན་ཉི་ཤུར་སོན་རྗེས་བཞི་བཅུ་ནི་སྐད་ཅིག་མའི་མིག་རྡེབ་དབང་ཙམ་ཞིག་རེད་ཟེར། ཞིབ་ཏུ་སོམས་དང་མི་ཚེ་ཧྲིལ་བོ་གཅིག་ཀྱང་འཁོར་བ་དང་དངོས་སུ་ངོ་འཕྲོད་པ་ནས་རྨི་ལམ་ཐེངས་ཤིག་མ་ཡིན་ནམ།
       སེམས་ཁམས་ཧ་ཅང་མི་དྭངས་པའི་ཕྱི་དྲོ་ཞིག་ལ། ཡུན་རིང་མ་འབྲེལ་བའི་གྲོགས་པོ་ཞིག་ལ་ཁ་པར་བརྒྱབ་ནས་དུས་ཆད་བྱས། ངེད་གཉིས་ཀྱིས་སྦི་རག་གང་འཚམ་མཆོད་ཞོར་དུ་གནའ་མི་གླེན་པ་འདས་ཤུལ་གྱི་དེང་མི་ཅོལ་ཆུང་གི་སྐོར་ལ་ལབ་གླེང་སྣ་ཚོགས་བྱས། གཅིག་བྱས་ན་ཁྱེད་ཚོས་ཀྱང་མཉམ་བཞག་ཡོད་སྲིད། ད་ལྟ་གནས་གང་དུ་མི་སུ་ལ་འཕྲད་ཀྱང་། གནའ་མི་མཁས་པ་ཚོ་ལས་ལྡོག་སྟེ། གཏམ་ལ་ཕུ་མདའི་སྲང་མེད་པར་གླེང་མོ་ཕལ་ཆེར་ཞིག་ལ་བཏུས་ལུང་བཏུས་ཀྱི་བཤད་བྲུག་ཅི་རིགས་དང་། གཟོད་མ་ནས་དགོས་ཆེད་ཀྱི་སྙིང་བོས་ཁྱོན་ནས་མ་ཟིན་པའི་མཚང་སྔོག་སྐྱོན་འགྲེམ་ལ་བག་མེད་པའི་བླ་ཅོལ་གྱི་གཏམ་འབའ་ཞིག་ལས་མ་འདས། སྤྱོད་པ་རྩབ་ཧྲལ་དེའི་རིགས་ནི་སྤྲེའུ་ལག་ཏུ་མེ་ལོང་ཤོར་བ་ལྟ་བུའི་དེང་གི་བོད་པའི་སྡེ་ཡི་མགྱོགས་འཕྲིན་དང་འཁྱུག་དབྱངས་ཐད་གཏོང་གི་སྒང་དུ་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཏུ་གྱུར་ཡོད་དེ། རྩྭ་སྐྱ་མེ་ཤོར་གྱི་ཁ་རྒྱ་ཡན་དང་མགོ་རྒྱ་ཡན་གྱི་དར་སྲོལ་དྲི་མ་ཅན་ཟང་མར་མངོན་པ་དེས་ནི། རང་རེའི་ལོ་ངོ་སྟོང་ཕྲག་དུ་མའི་རིན་བྲལ་གྱི་སྲོལ་བཟང་ལུགས་བཟང་གི་རུས་པ་དཀར་པོ“སྟོད་གངས་རི་ཞུ་ནས་རྫ་ཐུག སྨད་རྒྱ་མཚོ་བསྐམས་ནས་རྡོ་ཐུག”ཅེས་པ་བཞིན་གཡའ་སེར་བཙའ་ཡིས་ཟིན་ཞིང་ཞེ་ནས་ཤིན་ཏུ་བསྙེང་དགོས་པ་ཞིག་ཅི་ལ་མིན། ཉིན་དེར། ངེད་གཉིས་ཀྱིས་བརྗོད་བྱ་གཙོ་བོའི་ཞོར་དུ་ལོ་འདི་ཚོར་བོད་ཡུལ་བྱིངས་སུ་དར་བཞིན་པའི་ནང་མ་ཁང་གི་སྐོར་ནས་ཀྱང་ལ་བཏུས་ལུང་བཏུས་ཀྱིས་གླེང་མོ་ཕྲན་ཙམ་བྱས། ཉེ་བའི་ཆར་བོད་པའི་ལུང་པ་གང་སར་ནང་མ་སྤྲོ་སྐྱིད་ཁང་ཆར་རྗེས་ཀྱི་ཤ་མོ་བཞིན་རྡོལ་གྱིན་པའི་སྣང་ཚུལ་དེར་ངས་རྟེན་འབྲེལ་ཡག་པོ་ཞིག་ཏུ་ལར་ནས་བསམ་གྱིན་མེད། དེ་ལྟ་ནའང་ནང་མའི་བསླུ་བྲིད་ལ་བཟློག་ཐབས་མེད་དེ། ཆང་རག་ཧུབ་གང་འཐུང་རྗེས་ཅིས་ཀྱང་ཟེད་ཟེད་ལོང་ལོང་གི་ནང་མ་ཁང་ལ་ཐེངས་ཤིག་འགྲོ་དགོས། གཞས་མ་སྐོར་ཅིག་ལ་ཁ་བཏགས་འཐེན་ནས་རང་ཉིད་ཀྱི་ངོ་སོ་བསྲུང་དགོས། མདུན་ཅོག་སྟེང་ཆང་རག་གང་འཚམ་ཞིག་སྤུངས་ནས་ཀྱང་རྫིག་མདོག་མཚར་པོ་ཞིག་སྟོན་དགོས། བསླུ་བྲིད་ཀྱི་འཛུམ་མདངས་རེ་རེར་ཞེ་ཆགས་སྐད་ཅིག་མའི་སྐད་འཕྲིན་ཞིག་བསྣན་དགོས། ཕྱི་ཉིན། མགོ་ན་བཞིན་དང་བློ་འགྱོད་ཞོར་དུ་རིག་པ་ཉོབ་ཅིང་ལུས་ཟུངས་ཟད་ཀྱིན་སྔར་བཞིན་ལས་ཚོགས་སུ་བསྐྱོད་དགོས། ད་ལྟའི་ནང་མ་ཁང་གི་ཁ་རྒྱབ་གསོ་སྤྱད་ནི་ཁ་བཏགས་ཡིན་ཞིང་། སྔ་མའི་ཆང་རག་གི་ཡོང་འབབ་ད་ཆ་ཁ་བཏགས་ཀྱིས་ཚབ་བྱས་པ་ནི་ཚོང་ལས་ཀྱི་འཁོར་ཕྱོགས་ཐེངས་ཤིག་ཡིན་དུ་ཆུགས་ཀྱང་། ཁ་བཏགས་ཀྱི་རྩ་བ་རྩད་པའི་གོ་དོན་དང་དེར་བརྟེན་གྱི་རིག་གནས་གསེར་གྱི་རི་བོའི་ཕྲེང་བ་ཞིག་རྨང་ནས་གད་པ་བཞིན་ཉིལ་ཞིང་རྡིབ་ཀྱིན་པ་ནི། ད་ལྟ་བོད་པའི་སྤྱི་ཚོགས་སུ་ཁ་བཏགས་ནི་རྩེད་སྤྱད་དང་གཙང་ཤོག་བཞིན་ག་ས་གང་དུ་འཕྱོ་བཞིན་ཡོད་དེ། ཐ་ན་སྒོ་ཕྱུགས་དུད་འགྲོ་ལའང་འཐེན་བཞིན་འདུག དེ་ལྟར་དུ། ནང་མ་ཁང་གི་ཁ་བཏགས་ལའང་ཁ་བཏགས520 ཁ་བཏགས888 ཁ་བཏགས1000 ཁ་བཏགས1314 ཁ་བཏགས1376 ཁ་བཏགས5200བཅས་ཀྱི་དངུལ་ཐམ་བརྒྱབ་འདུག་པ་དེས་ཀྱང་ཤེས་མེད་ཚོར་མེད་ཀྱིས་བོད་ཀྱི་སྒམ་ཚུགས་པ་དང་སྤམ་མཐོ་བའི་དམངས་སྲོལ་རིག་གནས་ཀྱང་རྩྭ་སྐྱ་མེ་ལ་ཤོར་བ་ཇི་བཞིན་ཉམ་འགྲོ་བའི་སྣང་ཚུལ་མངོན་པར་སྣང་འདུག
       “སྐུ་དཀྱིལ་གསལ་དྭངས་ཡིན་ནམ། སྣང་བའི་འཇའ་ཚོན་ནང་མ་ཁང་དུ་ཕེབས་པར་དགའ་བསུ་ཞུ།” ན་སོ་གཞོན་པའི་བུ་མོ་ཞིག་གིས་ཁ་བཏགས་དཀར་པོ་བཏེགས་ནས་མགོ་བོ་སྨད་དེ་འཚམས་འདྲི་བྱས་བྱུང་། ང་རང་ར་བཟི་ནས་མཐོང་ལམ་མག་མོག་ཅིག་ཏུ་སྣང་ནའང་། གློག་འོད་ཁྲ་ཆིལ་དགུ་ཆིལ་གྱི་འོད་ཟེར་བྱེ་བའི་དབུས་ནས་བུ་མོ་དེའི་གཉོམ་ཆུང་གི་ངོ་གདོང་མཐོང་བྱུང་། འབྲུག་སྟོང་མཉམ་ལྡིར་གྱི་འུར་ཟིང་ཁྲོད་ནས་ངས་ཁོ་མོའི་གསལ་ལ་མི་གསལ་བའི་འཚམས་འདྲི་ཐོས་བྱུང་། དེ་དང་ཕལ་ཆེར་ན་མཉམ་གྱི་བུ་མོ་མང་པོ་ཞིག་ནང་མ་སྤྲོ་སྐྱིད་ཁང་གི་གྲུ་ཟུར་གང་རུང་ན་འབག་སྐུ་བཞིན་འགྲེང་ནས་སྡོད། ནང་མའི་ལས་རིགས་ལ་སྔར་ནས་བྱང་གོམས་ཡོད་པའི་བུད་མེད་འཁྲབ་སྟོན་པ་སྐོར་ཅིག ལྟག་རྒྱབ་ཀྱི་སྐད་གསེང་མཐོ་བའི་གསོལ་སྟོན་རྫིག་པོ་ཞིག་གི་མཐའ་ལ་སྦྲང་ཆུང་བཞིན་ཡང་འབབ་བསྐྱར་འབབ་བྱེད། སྲིད་དུ་རིང་ཞིང་ཙོར་མོ་མང་པའི་ནང་མ་ཁང་གི་གོས་བཏགས་ནི་ནང་མ་ཁང་གི་གཞས་པ་གཞས་མ་ཚོར་འབུལ་དགོས་པ་ཞིག་ཡིན་མོད། མཚན་མོ་དེར། ངས་ཙོར་མོ་མེད་པའི་ཁ་བཏགས་རིན་གོང་སྒོར100ཅན་ཞིག་ལ་ཙོར་མོ་ཅན་གྱི་ཁ་བཏགས520ཞིག་གི་བསམ་པས་འབག་སྐུ་བཞིན་འགྲེང་བའི་བུ་མོ་དེའི་མགུལ་ལ་བསྒྲོན། འཇའ་ཚོན་སྣ་ལྔའི་གློག་འོད་ཀྱི་ངོགས་ནས་ཁོ་མོ་ཁ་སྐྱེངས་བཞིན་པ་མི་མཐོང་ནའང་ཧང་སངས་པའི་བཟོ་ལྟ་ལས། ངས་བུ་མོ་དེ་གྲོང་གསེབ་ནས་ནང་མ་ཁང་དུ་ཐོན་ནས་ཅུང་འགོར་མེད་པ་རྟོགས་ལ་ཁོ་མོ་ཤིན་ཏུ་དོགས་བདེ་ཡི་མེད་པ་ཡང་ཚོར་བྱུང་། དེ་ལྟ་ནའང་། ཅུང་མི་འགོར་བར་བུ་མོ་དེ་ཡང་བུ་མོ་གཞན་དག་ཚོ་དང་འདྲ་བར། ཁོ་མོ་ཚོའི་ལུས་ལ་གྱོན་པའི་བོད་ལྭ་ཁོ་ན་མ་གཏོགས་ཕ་ཡུལ་གངས་ཀྱི་ར་བ་ནས་འཚར་ལོངས་བྱུང་བའི་ཁྱད་རྟགས་ཡོད་ཚད་འདག་རྫས་ཀྱིས་བཀྲུས་པ་ལྟར་ཤུལ་མེད་རྗེས་མེད་དུ་འགྱུར་ངེས། གསེར་ལས་བྲིན་པའི་ཚེ་གཅིག་གི་ལང་ཚོ་གཏད་སོ་ཅི་ཡང་མེད་པའི་གྲོང་ཁྱེར་གྱི་མཁའ་དབུགས་མོག་པོའི་ཁྲོད་ནས། ཁ་ཕྱོགས་དང་གདམ་ཀ་དོར་བའི་ངེས་མེད་ཀྱི་ལམ་ཁ་ཞིག་ནས་ཟད་ན་ཅི་འདྲའི་ཕངས་བ་ལའང་། དེ་ལྟར་བསམ་གྱིན་ང་ལ་ན་ཟུག་དྲག་པོ་ཞིག་བརྒྱབ་བྱུང་། ད་ལྟ་ཟི་ལིང་གྲོང་ཁྱེར་གཅིག་པུར་ཡང་ནང་མ་སྤྲོ་སྐྱིད་ཁང་ཉི་ཤུར་ཉེ་བ་ལྷག་ཡོད་ཅེས་གྲོགས་པོ་དེས་མཛུབ་མོ་ནང་དུ་འགུག་བཞིན་མིང་ནས་བཟུང་སྟེ། བྱེ་བྲག་གི་ས་གནས་དང་བཅས་པ་གསལ་ཁ་དོད་པོས་བཤད་བྱུང་བར་ང་རང་ཏར་ཅིག་ལ་ཧང་སངས་དགོས་པ་བྱུང་། རང་རེའི་བོད་པ་ཚོར་གོམས་སྲོལ་ལད་པོ་ཞིག་ཡོད་པ་ནི་རི་བོང་ཅལ་འདྲོག་བྱེད་པ་དེ་ཡིན། ལད་མོའི་བང་རྩལ་སྐྱེན་པོས་རེ་བ་ཅན་གྱི་ཁེ་ལས་པ་དང་ཐོན་ལས་མང་པོ་ཞིག་དུས་མཉམ་དུ་བརྡིབས་པའང་གནའ་ནས་བྱུང་མྱོང་ལ་ད་ལྟ་ཡང་འབྱུང་བཞིན་ཡོད་པ་མངོན་སུམ་ཚད་མས་གྲུབ་ཡོད། ནང་མ་ཁང་གི་ཁ་བཏགས་ཀྱི་ངོ་བོ་འགྱུར་བ་དང་ལྷན་དུ་དེ་ལ་འཁོར་བའི་མི་ཚོགས་ཀྱང་ཁ་བཏགས་སུ་གྱུར་འདུག གནས་དེ་རུ་ཁྱེད་ཀྱི་སྙིང་ནས་བརྡོལ་བའི་སྐད་ཆ་ནི་བྱ་བྱེད་ལྷག་མ་ཞིག་ཡིན་ལ། ངག་གི་འགྱུར་ཁུགས་དང་གར་གྱི་སྟངས་སྟབས་ཀྱང་ཁ་བཏགས་ཀྱི་རིན་གོང་ལས་འཇལ་རྒྱུ་མ་གཏོགས། སྒྱུ་རྩལ་རྣལ་མ་ཞིག་ལ་རོལ་མྱོང་གི་གོ་སྐབས་ནི་ནམ་ཡང་ཡོད་མི་སྲིད། ང་རང་ཇི་ལྟར་ར་བཟི་ནས་བག་མེད་དུ་གྱུར་ནའང་། གློག་འོད་དང་སྐག་ཚོས་ཀྱིས་བྱུག་པའི་ཡིད་འཕྲོག་པའི་ངོ་གདོང་དེ་དག་ནི་ཚེ་སྲོག་གི་ཤ་དྲོད་ཡལ་བའི་འཁྲབ་ཚན་རེ་རེ་ལས་མ་འདས་པ་ཚོར་ཐུབ།
       ནང་མ་ཁང་གི་གོ་ཁར། རི་མགོ་ནས་ཟོག་རྫི་བྱ་མི་འདོད་པའི་འབྲོག་པ་ཡོད་ལ། རི་འདབས་ནས་ཞིང་ལས་གཉེར་མི་འདོད་པའི་རོང་བ་ཡང་ཡོད། གནས་ལ་སུན་ནས་ཕྱིར་ལོག་པའི་བག་མ་ཡོད་ལ། སྒྱིད་ལུག་གི་བག་ལ་ཞ་བའི་གཅེས་ལང་དང་གཏན་དུ་ཨ་མ་བྱ་མི་འདོད་པའི་མོ་ཧྲེང་ཡང་ཡོད། དེ་མིན། དབྱར་དགུན་གནང་གི་གོ་སྐབས་ལ་བརྟེན་ནས་ཞོར་ལས་འཚོལ་མཁན་གྱི་སློབ་ཆེན་པ་ཚོ་ཡང་སྦྲང་ཚོགས་བཞིན་གནས་དེ་རུ་འཕུར་འབབ་བྱེད་ཀྱིན་ཡོད། ངའི་སྣང་ངོར། ནང་མ་ཁང་དུ་ལས་གཉེར་བྱེད་མཁན་ཕལ་ཆེ་བ་འཚོ་བའི་ལྟོ་རྒྱབ་འདང་ཙམ་གྱི་ཕོགས་དངུལ་ལ་བརྟེན་པའི། སྙིང་རུས་དང་བརྩོན་པར་ཞུམ་ཞིང་འགྲོ་ཡང་འདུག་བདེ་ལ་གོམས་པའི་གཅེས་ལང་ཤ་སྟག་རེད་སྙམ་མོད། མི་རབས་རེ་རེའི་འཚར་ལོངས་ཀྱི་འཚོ་བའི་རྒྱབ་ལྗོངས་དང་དུས་རབས་ཀྱི་འགྱུར་བ། མི་ཚེར་གདོང་གཏོད་སྟངས་ནས་ཕུགས་ཀྱི་འདུན་མ་བསྙེག་ལུགས་སོགས་ལར་ནས་ཁ་ཁ་ཡིན་པས། རང་དགར་དགའ་སྐྱོ་ཆགས་སྡང་གིས་ཁོ་ཚོའི་འཚོ་སྟངས་ཀྱི་མཐོང་སྣེ་ཉག་ཙམ་ལ་སྡོམ་ཚིག་གང་འདོད་དུ་འཇོག་ག་ལ་རུང་། འོན་ཏང་། ནང་མ་སྤྲོ་སྐྱིད་ཁང་གི་ཟེད་ཟེད་ལོང་ལོང་དང་ཁ་དོག་སྣ་ཚོགས་ཀྱི་གློག་འོད། བཅོས་མའི་འཛུམ་མདངས་དང་གླུ་སྐད། བསླུ་བྲིད་ཀྱི་ཉམས་འགྱུར་དང་འགྲོ་ཡང་འདུག་བདེ་ཡི་ཞབས་ཞུའི་ཆ་བྱད་སོགས་ལས། ངའི་བསམ་པར་དེ་རུ་འཚོ་ཐབས་གཉེར་བ་དག་མ་གཞི་ནས་སྡུག་ཆག་མིན་ནའང་ལོ་ཟླ་གང་འཚམ་ཕྱིན་རྗེས་ལད་འགྲོ་བར་གདོན་མི་ཟ་སྙམ་སོང་། ཁ་བཏགས་ལ་བརྟེན་པའི་ནང་མ་ཁང་དུ་བསྐྱོད་ཚེ། བཟི་ཁ་གཉོམ་པའི་སྦི་རག་ཉོ་སྤྱད་ལ་འགྲོ་གྲོན་ཆེན་པོ་ཞིག་མི་དགོས་ནའང་དངུལ་གྲངས་སྣ་ཚོགས་ཀྱི་ཨང་གི་དཔར་བའི་ཁ་བཏགས་ར་མ་རིག་ཆ་ཉོ་སྤྱད་ལ་བསམ་གཞིགས་ཞིབ་མོ་གཏོང་དགོས་ཏེ། ནང་མ་ཁང་དུ་སླེབས་ཚེ། ཁ་བཏགས་ཀྱི་གྲངས་ཀས་ད་གཟོད་ཁྱེད་ཀྱི་འབྱོར་ཕྱུག་དང་དབང་ཐང་གི་ཆེ་བ་སྐད་ཅིག་དེ་ཉིད་ལ་མཚོན་པར་བྱེད་པ་ལས། སྒྲོག་ཙེ་སྟེང་དུ་སྦི་རག་ཁྲ་ལམ་ཀྲིག་གེར་བཤམས་པ་དེས་ཁྱེད་ཀྱི་འཇོན་མདོག་ཡེ་ནས་མཚོན་མི་ནུས་ལ་བདེ་སྐྱིད་དཔལ་ལ་རོལ་བའི་བསམ་དོན་གྱི་རི་མོ་ཡང་འགྲུབ་མི་སྲིད། སྐག་ཚོས་ཀྱི་སྟེང་ལ་གློག་འོད་ཁྲ་ཆིལ་དགུ་ཆིལ་གྱིས་བྲིད་པའི་ནང་མ་ཁང་གི་གཞོན་ནུ་མ་ཚོ་སྨུག་པ་བཞིན་གང་སར་འཕྱན་ཞིང་སྦྲང་ཆུང་བཞིན་དམིགས་སར་འབབ་དུས། ཁྱེད་ལ་ཁ་བཏགས520དང་། ཁ་བཏགས888 ཁ་བཏགས1000 ཁ་བཏགས1314 ཁ་བཏགས1376 ཁ་བཏགས5200ཡོད་དམ། གལ་ཏེ། སྐྱིད་པའི་ནང་མ་ཁང་ནས་གོང་གསལ་གྱི་ཁ་བཏགས་དེ་དག་དང་ལས་འཕྲོའི་མདུད་པ་མ་ཐེབས་ཚེ། ཁྱེད་ནི་ཁྲོམ་ཆེན་གྲལ་གྱི་ཤོམ་ཆེན་དེ་མ་ཡིན་པར་མདངས་མེད་གྲས་ཀྱི་མདོག་མེད་ཀྱི་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བའི་མགྲོན་པོ་ལྷག་མ་དེའོ། །
       ལྷད་མེད་དྭངས་གཙང་དང་རིན་ཐང་ཟད་མེད་ཀྱི་ཁ་བཏགས་ནི་མདོ་དབུས་མཐོ་སྒང་གི་བོད་པའི་ལྷག་བསམ་གྱི་བསྡུས་གཟུགས་ཤིག་ཡིན་ཏེ། དུས་ཀྱི་ཆུ་བོ་བར་མེད་བྲུག་པའི་འགྱུར་ལྡོག་གི་ཀློང་ནས་གང་དེའི་རང་མདངས་ངང་གིས་ཤོར་བ་དང་ལྷན་དུ། རིག་གནས་དེ་ཡིས་བསྐྱངས་པའི་མི་རབས་གསར་བ་ཞིག་ཀྱང་གོལ་ལམ་དུ་འཕྱན་བཞིན་ཡོད་པ་འདྲ། ད་ལྟའི་བོད་པ་འཚོ་སྡོད་ཀྱི་ཁོར་ཡུག་ཀུན་ཏུ་སྤྲོ་སྐྱིད་ནང་མ་ཁང་སྐར་ཚོམ་ས་ལ་ལྷུང་བ་བཞིན་ཁྲ་ལམ་མེར་འཕྲོ་བཞིན་པ་འདི་ནི། དོན་ལ་ནང་མའི་ཁ་བཏགས་ཀྱི་བསྟན་པ་དར་བ་ཡིན་ལ། བསྟན་པ་དེ་ཡང་ཕུགས་མེད་ཆོ་མེད་ཀྱི་ཁེ་ཕན་འབའ་ཞིག་གི་ཚོང་འགྲུལ་གྱི་བསྟན་པ་ཁོ་ནའོ།། རང་ཉིད་ཀྱི་སྣང་བ་ཞིག་ལ། ནང་མ་ཁང་གི་ལང་ཚོ་གསར་དུ་སྨིན་པའི་བུ་མོ་ཆུང་ཆུང་དེ་དག་གིས་ཁ་བཏགས་པོ་ཏི་བཞིན་བརྩིགས་པའི་སྡེར་གཞོང་རེ་བསྣམས་ནས་བསླུ་བྲིད་ཀྱི་འཛུམ་བག་སྟོན་ཐེངས་རེར། སེམས་པ་དངོས་གནས་གྲང་ཤུར་ཤུར་བྱེད། ་དེ་དུས་འོབས་ཀླུང་ཟབ་མོ་ཞིག་ལ་སྔར་ནས་མཆོངས་ཟིན་པའི་བུ་མོ་དེ་དག་ལ་རང་གི་ཚ་མོ་དང་སྲིང་མོ་ཞིག་གི་བརྩེ་གདུང་ཤ་སྟག་གི་གོ་སྟོབས་ངང་གིས་རྙེད་པ་དེས་སྡུག་བསྔལ་གྱི་ཁྲེས་པོ་དེ་བས་ཀྱང་ལྕི་རུ་སོང་། ཟླ་གཅིག་གི་སྔོན་ལ། ང་ཚོས་བུ་མོ་ཆུང་ཆུང་དེ་ཚོའི་ལུས་ཀྱི་ཉམས་འགྱུར་དང་ངག་གི་ཨ་ལན་ཁྲོད་ནས་ཕ་ཡུལ་གྱི་དྲོད་ཁོལ་མཐོང་ཐུབ་མོད། ཟླ་ངོ་གཅིག་གི་རྗེས་ནས་ང་ཚོས་བུ་མོ་ཆུང་ཆུང་དེ་ཚོའི་ལུས་སྟེང་ནས་མག་མོག་གི་སྲ་མཁྲེགས་དང་འབྲེལ་མེད་དོན་གཞན་ཞིག་་ལས་ཅི་ཡང་རྙེད་མི་སྲིད། ཅི་ཡང་རྙེད་མི་སྲིད་ལ་ཅི་ཞིག་འདག་གིན་པའི་ངང་ཚུལ་དེ་ལས་མི་རིགས་འདིའི་ཡིད་དུ་འོང་བའི་མ་ཡུམ་མང་པོ་ཞིག་མ་ཡུམ་དུ་འགྱུར་མི་བཏུབ་པ་དང་གྱུར་ཀྱང་རེ་བ་སྟོང་བའི་དངངས་འདར་དེ་ནི། ཏག་ཏག་བདག་གིས་ནམ་མཁའ་ཁེར་རྐྱང་ཞིག་ལ་ཀི་རིང་ལན་བརྒྱར་གཏོང་བཞིན་དཔའ་སྙིང་ཁྱོན་ནས་ཟད་དེ་འཁུམས་ནས་སྡོད་པའི་འཚོ་སྟངས་ལས་མ་འདས།
       ཆར་བ་ཟམ་ཟིམ་ཞིག་བབས་པས། དབྱར་གྱི་ནེའུ་གསིང་གི་དྲི་ངད་ཁ་མོས་ཡིད་དུ་འོང་ལ་བརྗེད་པར་བསྐལ་པའི་ཕ་ཡུལ་དང་གནས་སྐབས་དེའི་རང་ཉིད་ཀྱི་བྱིས་དུས་དྲན་དུ་འཇུག་སྲིད་མོད། ད་ནི་ངའི་བྱིས་དུས་ཀྱི་དབྱངས་རྟ་འཇེབས་མོ་ལྷང་སའི་ནམ་མཁའ་ཀྲེ་ནག་གིས་གོས་ཟིན། ངའི་ཤ་ཞེན་རུས་ཞེན་གྱི་སྤོབས་པའི་རྣོ་དབལ་གྱི་རྩེ་ཕུར་བཙའ་ཡིས་གོས་ཟིན། རང་ཉིད་རང་ལ་གདེང་མེད་ཅིང་རང་ཉིད་རང་ལ་རློམ་ཁག་པའི་ན་ཚོད་དང་དུས་སྐབས་འདིར། ང་ནི་གྲོང་ཁྱེར་འདིར་ཉི་མ་གསར་པ་ཞིག་འཆར་བར་སེམས་ཁྲལ་ལྕི་ལ་ཉི་མ་གསར་པ་ཞིག་ནུབ་པར་དེ་བས་ཀྱང་རྨི་ལམ་འཁྲུགས། སྟོད་ནས་རོང་ལ་བབས་པའི་འབྲོག་པ་དང་སྨད་ནས་གྲོང་དུ་འཁྱར་པའི་རོང་པ་དེ་ཚོ་ཡང་། དེང་གི་ཁོ་ཚོ་ནི་ང་ལ་བག་ཆགས་ཟབ་པའི་འབྲོག་པ་དེ་ཚོ་མིན་ལ་རོང་པ་དེ་ཚོ་ཡང་མིན་པ་འདྲ། ངས་ཡིད་ཀྱི་ནང་ཤེད་ཅིག་ནས་ལན་གཅིག་མཐོང་མི་འདོད་ཀྱང་སེམས་ཀྱི་ག་ཤེད་ཅིག་ནས་གཏན་དུ་གཏོང་མི་ཐུབ་པའི་ཁོ་ཚོ་ནང་མ་སྤྲོ་སྐྱིད་གླིང་ནས་མཐོང་ཐེངས་རེར། ངོ་སོ་ཁ་བཏགས་ཀྱིས་སྲུང་བཞིན་འཁོར་བ་ཁ་བཏགས་ལ་བསྟིམས་ནས་མགོ་ཀྲོག་ཀྲོག་དང་སྣང་བ་རྫིག་རྫིག་གིས་གློག་འོད་ཁྲ་ཆིལ་གྱི་བག་ལ་ཞ་དུས། ང་ལ་ཡོད་ཚད་སྣང་མེད་དུ་འཇོག་པའི་གུ་ཡངས་ལས་ཐབས་ཅི་ཞིག ཁ་བཏགས་ནས་འགོ་བརྩམས་ཏེ་ཁོ་ཚོ་ཡང་བཤད་མི་ཤེས་གེ་སར་གྱི་སྒྲུང་དང་བཤིག་མི་ཤེས་གོས་སྐུད་ཀྱི་དཀྲིས་ལྟ་བུ་ཞིག་ཏུ་འགྱུར་གྱིན་གདའ་སྟེ། ཕྱིར་འདང་ཞིག་བརྒྱབ་ན། རང་ཅག་གི་ངོ་བོ་དང་གཤིས་ཀ འཚོ་སྟངས་སོགས་གང་ཅིའི་ཐད་ནས་ཡོད་ཚད་འགྱུར་ཞིང་ད་ནི་མཚན་ཉིད་དང་མཚོན་བྱ་དགོད་སའི་ངེས་གནས་ཤིག་ཀྱང་འཚོལ་ཁག་པོ་རེད། སྔོན་ཆད། ང་ཡང་ཆང་བཅུད་ཀྱིས་མྱོས་ནས་ཚུགས་ཐུབ་ཀྱི་རྟོད་ཐག་ལས་ཐར་ཐེངས་རེར་ནང་མ་སྤྲོ་སྐྱིད་ཁང་ལས་བསམ་རྒྱུ་མེད་པ་ཞིག་ཡིན་ཡང་། ནང་མ་ཁང་ལ་ཁ་བཏགས་དར་ཉིན་ནས། ཁོ་བོ་ར་བཟི་དྲགས་ནའང་དེ་ནི་བོད་པའི་གླུ་གར་གྱི་དབྱངས་སུ་ཐིམ་པའི་ང་རོ་ཤ་དག་འཁོར་སའི་གར་སྟེགས་ཞིག་མིན་པར། བོད་པ་རང་ཉིད་ཀྱི་མཚར་སྡུག་རྨང་ནས་སྒྲིབ་བྱེད་ཀྱི་མུན་པའི་ཐེམ་སྐས་ཤིག་འེ་ཡིན་བསམས་སོང་། ཚོང་ལས་ཙག་ཙིག་གཉེར་བའི་ཚོང་རྒན་དག་གི་རྒྱུ་ནོར་ལ་ང་འདྲའི་དབུལ་ནག་ཅིག་གི་སེར་སྣའི་སེམས་ཁུར་ནི་འབྲེལ་མེད་དོན་གཞན་དུ་ཟད་ཀྱང་། ཞིང་འབྲོག་ལུང་པའི་སྐད་ཅིག་གི་ཁ་ངོ་སྲུང་མཁན་དེ་དག་གི་དཀའ་མོའི་ལ་ཁ་དང་དཀོན་མོའི་ཆུ་ཁ་ནས་བསགས་པའི་ལོ་གཅིག་གི་འཚོ་བའི་ཡོང་འབབ་བག་མེད་དུ་གཏོར་དུས། ངས་ནི་རང་དབང་མེད་པར་དངན་པ་ཞིག་མི་གཏོང་ཐབས་མེད་འདུག དེ་བས་ཀྱང་། ཤ་དར་ཁྲག་དར་གྱི་ལང་ཚོའི་བཟང་སྒང་ལ་སོན་པའི་རིག་པའི་གཞོན་ནུ་ཁྱུ་དང་ཁྱུ་ཡི་སྐོར། གནས་དེ་རུ་ཉིན་མཚན་དུས་དྲུག་ཏུ་ཉལ་ཐ་འཐེན་པ་བཞིན་དམིགས་མེད་ཀྱི་སྟོང་བའི་དབྱིངས་སུ་དབང་མེད་དུ་འཕྱན་ཞིང་། ཉིན་མཚན་གོ་ལྡོག་གི་འཚོ་བར་འུ་ཐུག་གིས་གོམས་དུས་ངས་འབྲོག་ན་རྟ་ནོར་ལུག་གསུམ་ཟེར་བའི་གཡང་ར་སྒོ་བཞིའི་རྩྭ་ཐང་ཆེན་མོ་ཞིག་ཡོད་པ་ཚོར་བས་ཟིན་ནའང་། རོང་ན་འབྲུ་དྲུག་སྣ་ལྔའི་གཤིན་ས་མར་ཁུ་བཞིན་འཁྱིལ་བ་བློ་ཡིས་དཔགས་ནའང་། འགྱུར་ལྡོག་གི་རླབས་རྒྱུན་གསར་པའི་ཁྲོད་དུ་ང་ནི་ཆུ་རྡུལ་ཞིག་ཏུ་ཟད་པས། རྒྱུན་དེ་ལ་ཁ་གཏད་འཇལ་བའི་སྐབས་ནི་ནམ་ཡང་ཡོད་མ་ཡིན། ད་ནི་རང་རེའི་གཏམ་དཔེར། གྲག་ཆེ་ན་ཁུ་བྱུག་རྣ་ལ་སྡུག བཤད་ཉེས་ན་ཕ་གཏམ་བུ་ལ་གནོད་ཅེས་པ་བཞིན་སྐབས་སུ་འདི་ཙམ་གྱིས་འཐུས་པར་བྱ་བ་ལས་འོས་མེད་དོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།