«གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད»(ཁག་ལྔ་པ)པར་འགྲེམ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:«གངས་རྒྱན་ན་ཆུང་ཚགས་པར»
དུས་ཚོད།:2025-12-29 08:17:51
ཀློག་གྲངས།:
ཉེ་ཆར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཀྱི་ཆུང་འབྲིང་སློབ་མའི་བསླབ་ཕྱིའི་ཀློག་དེབ«གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད»(ཁག་ལྔ་པ)པར་སྐྲུན་འགྲེམ་སྤེལ་བྱས།

གྲངས་ཉུང་མི་རིགས་ཡི་གེ་པར་སྐྲུན་ཆེད་སྤྱོད་མ་དངུལ་རམ་འདེགས་རྣམ་གྲངས་གྲས་སུ་ཚུད་པའི་དེབ་དྲུག་ཅུའི་བདག་ཉིད་ཅན་གྱི«གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད»(ཁག་དང་པོ)ནི2005ལོ་ནས2015ལོའི་བར་ལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། དེ་ནི་རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་ཆུང་འབྲིང་སློབ་མ་རྣམས་ལ་ཁ་གཏད་ནས་ཆེད་དུ་པར་སྐྲུན་བྱས་པའི་དཔེ་མཛོད་ཐོག་མ་ཡིན། ཚོང་རར་བཀྲམ་པ་ན་རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཅིང་། ད་སྔའི་བར་དེབ་འགའ་མ་གཏོགས་ཕལ་ཆེ་བ་བསྐྱར་དཔར་བརྒྱབ་ཅིང་། དེབ་ལ་ལ་ཞིག་ད་རག་བར་བསྐྱར་དཔར་ཐེངས་བདུན་བརྒྱད་དང་། འགྲེམ་གྲངས་ཁྲི་གསུམ་ཡན་ལ་སླེབས། བོད་ཡིག་གི་དཔེ་ཆའི་ཁྲོད་དུ་འགྲེམ་གྲངས་འདི་ལྟ་བུ་ནི་ཆེས་བྲིན་པའི་གྲས་ཡིན་ཞིང་། འདི་ལས་ཀྱང་རྒྱ་ཆེའི་ཀློག་མཁན་ཚོས་དགའ་བསུ་བླ་ལྷག་བྱེད་བཞིན་པ་ཤེས་ཐུབ་པ་ལས། ཕན་འབྲས་ཆེན་པོའི་དགེ་མཚན་ལྡན་པ་ཡང་མངོན་པར་གསལ། དེར་དམིགས་ནས། 2025ལོར་ཡང་གྲངས་ཉུང་མི་རིགས་ཡི་གེ་པར་སྐྲུན་ཆེད་སྤྱོད་མ་དངུལ་རམ་འདེགས་རྣམ་གྲངས་སུ་ཚུད་པའི«གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད»(ཁག་ལྔ་པ)པར་སྐྲུན་འགྲེམ་སྤེལ་བྱས་ཏེ། རྒྱ་ཆེའི་ཆུང་འབྲིང་སློབ་མ་ཚོའི་མིག་གི་དགའ་སྟོན་དུ་བཤམས་ཡོད།

«ཞི་ལ་སྟག་ཁྲ»ནི་འབྲོང་ཕྲུག་ལྷ་ཆེན་རྒྱལ་ལགས་ཀྱིས་གསར་རྩོམ་གནང་བའི་མུ་འབྲེལ་བྱིས་སྒྲུང་ཉེར་དགུ་ལས་གྲུབ་པའི་བར་བཅུག་རི་མོ་ཡོད་པའི་དེབ་ཅིག་ཡིན་ལ། རྩོམ་པ་པོས་ཞི་ལ་སྟག་ཁྲ་དང་བྱི་བ་སྨུག་ཆུང་། ཨ་ཅེ་ཝ་མོ་སོགས་མི་སྣ་གཙོ་བོ་འགའི་ཁྱིམ་ཚང་དང་སློབ་གྲྭའི་ནང་གི་ནར་སོན་པའི་ལོ་ཟླའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་དག་ཞིབ་ཕྲའི་ངང་བྲིས་ཡོད། བརྗོད་བྱ་ལེགས་ཤིང་གོ་སླ་ལ། ཚིག་སྦྱོར་བདེ་ཞིང་བབས་ཆགས་པར་མ་ཟད། རྩོམ་པ་པོའི་འཆར་སྒོ་ཡངས་པོ་ལས་བྱུང་བའི་ཁྱད་མཚར་བའི་བྱུང་རིམ་རེ་རེའང་གསོན་ཉམས་ལྡན་པའི་རི་མོའི་ལམ་ནས་མངོན་པར་མཚོན་ཡོད་ཕྱིར། ན་ཆུང་སློབ་མ་ཚོའི་དཔེ་ཀློག་གི་སྤྲོ་བ་ཆེས་ཆེར་བསྐྱེད་ཐུབ། དེབ་འདིའི་ནང་ད་དུང་བོད་ཀྱི་དམངས་ཁྲོད་བྱིས་པའི་རྩེད་མོའི་རིགས་དང་། དམངས་སྲོལ་རིག་གནས་ཀྱི་ཤེས་བྱ་སྐོར་ཡང་ངོ་སྤྲོད་བྱས་ཡོད་པས། དེབ་འདི་ནི་བྱིས་སྒྲུང་ཁོ་ན་ཙམ་ཞིག་མ་ཡིན་པར་དེས་ན་ཆུང་སློབ་མའི་མི་ཚེའི་ཀུན་སྤྱོད་དང་རིན་ཐང་ལྟ་བ་སོགས་ལའང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ངེས་ཡིན།

«བོད་ཀྱི་གནས་མཆོག་གྲགས་ཅན»ནི་སྐལ་བཟང་རིན་ཆེན་ལགས་ཀྱིས་སྒྲིག་རྩོམ་བྱས་པའི་དེབ་ཅིག་སྟེ། བོད་འབྲེལ་ས་ཁུལ་ལ་མཚོན་ན་གནའ་ཤུལ་གྲགས་ཅན་ནི་བགྲང་གིས་མི་ལང་བ་ཞིག་ཡོད། དེ་དག་གིས་ས་གནས་དེའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སློབ་གསོ། སྐྱེ་ཁམས་དང་འཚོ་བའི་གོམས་སྲོལ་སོགས་ལ་ཕན་ནུས་དང་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། དེ་ཡང་གནས་མཆོག་གྲགས་ཅན་དེ་དག་ལ་མཚོན་ན་ལོ་རྒྱུས་ཀྱི་དཔང་བོ་ཡིན་པ་ལས། རིག་གནས་ཀྱི་རྒྱུན་འཛིན་དང་མི་རིགས་དེའི་བློ་གྲོས་ཐད་ཀྱི་མངོན་སྟངས་ཤིག་ཀྱང་ཡིན་པ་ནི་བསྙོན་དུ་མེད། དེབ་འདིའི་ཚིག་སྦྱོར་གྲིམ་ཞིང་སྒྲིག་གཞི་དམ་ལ། ཟུར་ངོས་མི་འདྲ་བའི་སྒོ་ནས་གནས་མཆོག་གྲགས་ཅན་རེ་རེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་རིག་གནས་ཀྱི་རིན་ཐང་མངོན་པར་མཚོན་ཅི་ཐུབ་བྱས་ཡོད་པས། རྒྱ་ཆེ་བའི་ན་ཆུང་སློབ་མ་ཚོར་མཚོན་ན་དེབ་འདི་ནི་བསླབ་ཕྱིའི་ཀློག་དེབ་བཟང་བོ་ཞིག་ཡིན།

«སྒོམ་ཆེན་དང་རྫ་ཙིག»ནི་འབྲོང་ཕྲུག་ལྷ་ཆེན་རྒྱལ་ལགས་ཀྱིས་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་གྲགས་ཅན«རྫ་ཙིག་གཏམ་རྒྱུད»གཞིར་བཟུང་ནས་སྒྲིག་རྩོམ་བྱས་པའི་བར་བཅུག་རི་མོ་ཡོད་པའི་དེབ་ཅིག་སྟེ། སྒོམ་ཆེན་པ་ཞིག་དང་རྫ་ཙིག་གཉིས་བར་གྱི་དགོད་བྲོ་བའི་གཏམ་རྒྱུད་ཀྱི་བྱུང་བ་དག་མུ་རུ་བསྟར་བ་བརྒྱུད། བོད་མི་རིགས་ཀྱི་སྐྱེ་ཁམས་གཙུག་ཏུ་བཀུར་བའི་བསམ་བློ་དང་། རང་བྱུང་དང་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་དེ་མངོན་པར་མཚོན་ཡོད་པ་ལས། འདོད་ཧམ་དང་སྒེར་སེམས་ཆེ་དྲགས་ན་མཐའ་མེད་པའི་སྡུག་བསྔལ་གྱི་ཀློང་དུ་བྱིང་སྲིད་པ་དང་། དེ་ལས་འགོངས་ན་བདེ་སྐྱིད་དང་དགའ་སྤྲོ་དངོས་དེ་འཐོབ་སྲིད་པའི་གནས་ལུགས་དེ་གསལ་འདེབས་ཀྱི་ཚུལ་དུ་བསྟན་ཡོད། གཏམ་རྒྱུད་ཀྱི་སྒྲོམ་གཞི་ཚགས་དམ་པ། བྱུང་རིམ་འཕྱོ་འཇགས་ཆེ་བ། ཚིག་སྦྱོར་ཡང་ཟོར་ལྡན་པ། རི་མོ་ཡིད་དུ་འོང་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། རྒྱ་ཆེའི་ན་ཆུང་སློབ་མ་རྣམས་ལ་མཚོན་ན་མི་གཞི་གསོ་སྐྱོང་དང་བློ་གྲོས་ཀྱི་སྒོ་མོ་འབྱེད་པའི་གྲོགས་སུ་འགྱུར་ངེས་སོ།།

«མཚོ་བོད་མཐོ་སྒང་གི་འདབ་ཆགས»ནི་རིག་འཛིན་སྐྱིད་ལགས་ཀྱིས་སྒྲིག་རྩོམ་བྱས་པའི་དེབ་ཅིག་སྟེ། ངོ་མཚར་དང་ལྐོག་གྱུར་གྱིས་ཕྱུག་པའི་མཚོ་བོད་མཐོ་སྒང་ནི་འདབ་ཆགས་མང་བོའི་འཚོ་གནས་བྱེད་ས་དང་འཚར་ལོངས་འབྱུང་སའི་ཁྱིམ་གཞིས་ཡིན་པ་དང་། འདབ་ཆགས་དེ་དག་ནི་རང་བྱུང་ཁམས་ཀྱི་མཛེས་སྡུག་གི་དྭངས་མ་ཡིན་པ་ལས། ད་དུང་མཐོ་སྒང་གི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གཙོ་བོ་ཡིན་པའང་བསྟན་ཡོད། བབས་ཆགས་ཤིང་གོ་སླ་བའི་ཚིག་སྦྱོར་ལ་བརྟེན་ནས་མཚོ་བོད་མཐོ་སྒང་གི་བྱ་རྒོད་དང་། གོ་བོ། ཁྲ། གླག གོང་མོ། སྲེག་པ། ཁྲུང་ཁྲུང་། མཐིང་རིལ་སོགས་འདབ་ཆགས་སྣ་མང་གི་ཁྱབ་ཡུལ་དང་སྐྱེ་གནས་ཁོར་ཡུག རང་གཤིས་ཁྱད་ཆོས། སྲུང་སྐྱོབ་གནས་ཚུལ་སོགས་ངོ་སྤྲོད་བྱས་ཡོད་པས། རྒྱ་ཆེའི་ན་ཆུང་སློབ་མ་ཚོས་དེབ་འདི་བཀླགས་ཚེ། ཕ་ས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་། རི་སྐྱེས་སྲོག་ཆགས་སོགས་ལ་སྲུང་སྐྱོབ་བྱ་དགོས་པའི་གལ་ཆེན་རང་བཞིན་དེ་རྒྱུད་ལ་འཇགས་ངེས་ཡིན།

«ན་ཆུང་སློབ་མའི་སེམས་གཏམ»ནི«གངས་རྒྱན་ན་ཆུང་ཚགས་པར»གྱི་པར་ངོས་དང་པོའི“སེམས་གཏམ”ལེ་ཚན་ནང་གི་རྩོམ་ཡིག་རྣམས་ཕྱོགས་བསྡུས་བྱས་པ་ཞིག་ཡིན། དེབ་འདིའི་ནང་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོས་ཉིན་རྒྱུན་གྱི་འཚོ་བ་དང་། སློབ་སྦྱོང་གི་གོ་རིམ་ཁྲོད་ཕྲད་པའི་དཀའ་ངལ་སྣ་ཚོགས་ཇི་ལྟར་ཐག་གཅོད་བྱེད་ཐབས་སྐོར་ནས་དྲི་བ་བཏོན་པར། སེམས་གཏམ་རྩོམ་སྒྲིག་པས་མི་སྣ་གྲགས་ཅན་དང་དཔེ་ལེགས་མི་སྣའི་མྱོང་བརྒྱུད་དངོས་དཔེ་རུ་དྲངས་ནས་སེམས་ཞིབ་མོས་ལན་བཏབ་ཡོད། རྩོམ་ཡིག་རེ་རེའི་ནང་དོན་ལ་ཡར་སྐུལ་གྱི་ནུས་པ་ལྡན་ཞིང་གནས་ལུགས་ཀྱིས་ཕྱུག་ཡོད་པས། ན་ཆུང་སློབ་མ་རྣམས་ལ་ཆུང་དུས་ནས་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ། ཐུན་མོང་གི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས་སོགས་ཆགས་པར་ཕན་ནུས་ཆེན་པོ་ཐོན་ཐུབ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།






青公网安备63252102000006号