དེབ་གསར«ལ་ཡེ་ཞིབ་འཇུག»ཅེས་པ་པར་སྐྲུན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-12-12 11:22:38
ཀློག་གྲངས།:
ཉེ་ཆར། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་དང་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་བོན་སྐོར་ཡུལ་ལྷ་ཐར་ལགས་ཀྱིས་བརྩམས་པའི«ལ་ཡེ་ཞིབ་འཇུག ---མདོ་སྨད་བྱང་རྒྱུད་གཞིར་བཟུང་བ།»ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

རང་རེའི་བོད་ཁ་བ་ཅན་གྱི་ངག་རིག་སྒྱུ་རྩལ་གྱི་འདས་སོང་གི་ལོ་རྒྱུས་ལ་ཕྱིར་དྲན་རེ་བྱས་ཚེ།“སྔོན་བོད་ཀྱི་ཡུལ་དུ་རིག་གནས་སློབ་མཁན་དང་བསྟན་བཅོས་རྩོམ་མཁན་ཕལ་ཆེ་བ་སྟོན་པའི་རྗེས་འཇུག་གྲྭ་བཙུན་རྣམས་ཡིན་པས། ཆོས་དང་ཐར་པའི་སྡེའི་ཚབ་མ་ལ་ནང་པའི་ཆོས་དང་ཐར་པས་གོ་ཆོད་པར་བྱས་ཤིང་། དོན་དང་འདོད་པའི་སྡེ་ནི་དཔལ་འབྱོར་དང་། ཆབ་སྲིད་དང་། འདོད་པ་སྟེ། འདི་སྣང་འཁྲི་བ་དང་། དགྲ་འདུལ་གཉེན་སྐྱོང་དང་། ཕོ་མོའི་བརྩེ་དུངས་སོགས་ཀྱི་ཕྱོགས་སུ་སོང་བ་དང་། ལྷག་པར་སྟོན་པའི་རྗེས་འཇུག་རྣམས་གནང་བཀག་གི་དབང་གིས་དམག་དང་བུད་མེད་ཀྱི་གཏམ་ལ་འཛེམ་དགོས་པར་འདུག་པས། རྒྱ་གར་གྱི་བྲམ་ཟེའི་རིག་གནས་ཀྱི་ཁྲོད་དུ་དེ་དར་རྒྱས་ཆེ་ཡང་། བོད་ཀྱི་རྩོམ་རིག་ཏུ་དེའི་སྐོར་གྱི་བསྟན་བཅོས་ནི་ཆེར་མ་བྱུང་བར་སྣང་།”[རྒྱ་ཡེ་བཀྲ་བྷོ། རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན། [M] པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ། ཤ396]ཞེས་གསུངས་པ་བཞིན་རྩོམ་རིག་ཀུན་གྱི་འབྱུང་ཁུངས་སུ་གྱུར་པའི་དམངས་ཁྲོད་ཀྱི་གླུ་གཞས་མི་ཉུང་བ་ཞིག་ཕྱི་ནང་གི་རྒྱུ་རྐྱེན་དུ་མའི་དབང་གིས་ཡི་གེར་འགོད་མ་བཏུབ་པས། ང་ཚོ་ཕྱི་རབས་པའི་མིག་གི་ལོངས་སྤྱོད་དུ་ཡུལ་དུས་ཀྱིས་བསྐལ་བར་གྱུར་པ་དང་། ལྷག་པར་དུ་གླུ་གཞས་ཀྱི་ནང་གསེས་སུ་གྱུར་པའི་ཕོ་མོའི་བརྩེ་དུང་མཚོན་པའི་ལ་ཡེ་ལ། དེ་ལས་ཀྱང་དམན་པའི་གོ་ས་སྤྲད་པའི་དབང་གིས། བོད་སྔ་རབས་ཀྱི་རྩོམ་རིག་ལོ་རྒྱུས་སྐོར་གྱི་ཡིག་ཚང་དང་། ཡང་ན་གནའ་རབས་ཡིག་རྙིང་དག་གི་ཁྲོད་ན་མཐོང་དཀོན་པར་གྱུར་པ་ནི་ཤིན་ཏུ་ཕངས་ཆེ་བའི་གནས་སུ་གྱུར་འདུག
ཡིན་ནའང་བརྩེ་དུང་ནི་མིའི་རིགས་ཀྱི་འཚོ་བའི་གྲུབ་ཆ་དང་བསམ་བློའི་རྒྱགས་ཕྱེ་གལ་ཆེན་ཞིག་ཡིན་པས། ངལ་རྩོལ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། ངག་ནས་ངག་བརྒྱུད་དེ་ལ་ཡེ་འདི་ད་ལྟའི་བར་གསར་སྤེལ་དང་རྒྱུན་འཛིན། དར་ཁྱབ་ཏུ་བཏང་བ་ཡིན། དེ་ལྟར་ལོ་རབས་བརྒྱད་ཅུའི་སྐབས་ནས་བཟུང་དམངས་ཁྲོད་ན་བག་ལ་ཉལ་བའི་ལ་ཡེ་འདི་འཚོལ་སྡུད་དང་ལེགས་སྒྲིག་གི་ཆ་ནས་སྔོན་མའི་དུས་རབས་དང་བསྡུར་ན་འཕེལ་རྒྱས་ཨེན་ཙམ་བྱུང་ཡོད། འོན་ཀྱང་ལ་ཡེ་ཞིབ་འཇུག་གི་ཆ་དེ་མི་རིགས་གཞན་དང་བསྡུར་ན་ཕྱོགས་གང་ནས་བལྟས་ཀྱང་ད་དུང་རྗེས་ལུས་དང་བག་འཁུམ་གྱི་རྣམ་པ་ལས་མ་འདས་ཏེ། ལ་ཡེ་ལ་ཆེད་དུ་ཞིབ་འཇུག་བྱེད་མཁན་ཉུང་ལ། ཉེ་བའི་ལོ་འདི་གའི་རིང་ལ་ཡེ་ཐད་ཀྱི་དཔྱད་བརྗོད་རེ་འགའ་འདུག་པ་དེའང་གཙོ་བོ་ལ་ཡེའི་ངོ་བོ་དང་ཁྱད་ཆོས་སོགས་བརྗོད་པའི་སྟེང་ནས། ལ་ཡེ་ལ་འགྲེལ་བ་བྱེད་པ་དང་ཕྱོགས་བསྡུས་ཙམ་གྱི་སྒོ་ནས་ཁྱབ་ཆུང་བའི་རིགས་འགའ་བཀར་བ་དང་། ཡང་ན་སྙན་གཞུང་དང་འབྲེལ་བའི་སྒོ་ནས་རྒྱན་རེ་འགའ་ངོས་འཛིན་བྱས་པ་ལྟ་བུའི་དཔྱད་པ་ཕྱོགས་རེ་ཙམ་མ་གཏོགས་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་དང་། འཚོ་བ་དངོས་ཀྱི་བརྟག་དཔྱད། མིའི་རིགས་རིག་པ་དང་སེམས་ཁམས་རིག་པ། དམངས་སྲོལ་རིག་པ་དང་མཛེས་རྟོག་རིག་པ་སོགས་རིག་ཚན་གསར་པའི་ཞིབ་འཇུག་གི་ཐབས་ལམ་དང་། ཡང་ན་ཉེ་འབྲེལ་གྱི་མི་རིགས་གཞན་གྱིས་མཛའ་གཞས་ལ་ཞིབ་འཇུག་བྱེད་པའི་ཐབས་ལམ་དང་ཟུང་དུ་འབྲེལ་ཏེ། ཅུང་གཏིང་ཟབ་དང་ཕྱོགས་ཡོངས་ནས་དཔྱད་གླེང་མཛད་པའི་དཔྱད་འབྲས་ནི་ཤིན་ཏུ་ཉུང་བར་སྣང་།
དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཇི་སྐད་དུ། “མཐོ་རིས་ཐར་བའི་དངོས་རྒྱུ་མི་བྱེད་ཅིང་། །གསེར་དང་དངུལ་གྱི་འདུ་སྒོ་མི་ཡོང་བའི། །བར་མ་དོ་རུ་གནས་པའི་གནད་འདི་དག །ཀུན་གྱིས་བོར་ཀྱང་ཁོ་བོས་ཞིབ་ཏུ་དཔྱད། །”[དགེ་འདུན་ཆོས་འཕེལ། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།(པོད་གཉིས་པ།) [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990ལོ། ཤ81]ཅེས་གསུངས་འདུག་པ་བཞིན། དེས་ན་འདིར་ཁོ་བོས་དཔྱད་ཡུལ་དུ་གྱུར་པའི་མདོ་སྨད་ཀྱི་ལ་ཡེ་ཞེས་པའི་ངག་རིག་སྒྱུ་རྩལ་འདིའི་ཕྱོགས་དང་ཟུར་སོ་སོ་དཔྱད་ཡུལ་དུ་བཟུང་སྟེ། ཞིབ་འཇུག་གི་གཙོ་གནད་གང་ཡིན་ལ་ཆེས་ཕྲ་བའི་གནས་ནས་ཐག་གཅོད་འབྱུང་ཐུབ་པར་བརྩོན་ལེན་བྱ་རྒྱུའི་ཀུན་སློང་གིས་སྔུན་བསུས་ཏེ། སྐབས་བབ་ཀྱི་དཔྱད་གཞི་དང་འབྲེལ་བའི་མིག་མཐོང་ལག་ཟིན་གྱི་རྒྱུ་ཆ་གང་མང་འཚོལ་ཞིབ་དང་། འབྲེལ་ཡོད་ཀྱི་མི་སྣར་བཅར་འདྲི། ཆེད་ལས་མཁས་པ་དག་ལ་བཀའ་འདྲི་དང་ཡུལ་དངོས་བརྟག་དཔྱད་ཀྱིས་ཞིང་འབྲོག་འཚོ་བའི་ངག་ཐོག་རིག་གནས་ལ་རྒྱུས་ལོན་བྱེད་པ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས། མདོ་སྨད་མཚོ་སྔོན་པོའི་ཉེ་འཁོར་གྱི་རོང་འབྲོག་ས་ཁུལ་དུ་དར་ཁྱབ་ཆེ་ཞིང་། གཞོན་ནུ་ཕོ་མོ་རྣམས་ཀྱི་བརྩེ་དུང་གསལ་རྗེན་དུ་མཚོན་བྱེད་ཀྱི་ལ་ཡེ་ལ། ཕྱོགས་ཡོངས་ནས་དཔྱད་བརྗོད་བྱེད་པའི་ལས་འདིར་ཞུགས་ཏེ། མདོར་ན་ལ་ཡེ་ཞེས་པའི་དམངས་ཁྲོད་ངག་རིག་སྒྱུ་རྩལ་འདི་ཡང་སྙིང་ཇི་ལྟ་བུ་ཞིག་ཡིན་པ་ཀུན་ལ་ངོ་སྤྲོད་ཞུ་འདོད་པ་ལས་རང་འདོད་ཨུ་ཚུགས་ཀྱིས་གསར་བཤད་ཀྱི་སྒྲོབ་ཉམས་སྟོན་འདོད་པ་ནི་ཡེ་ནས་མིན།

ཆེད་དེབ་འདི་གཙོ་བོ2010ལོའི་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་རྨང་གཞིར་བཟུང་སྟེ་བྲིས་པ་ལ་ཁྱོན་ས་བཅད་བརྒྱད་ཀྱིས་གྲུབ་པར་བྱས་ཡོད་ཅིང་། ས་བཅད་དང་པོར་རྒྱལ་ཁབ་ཕྱི་ནང་དུ་སྐད་རིགས་དུ་མའི་ལམ་ནས་ལ་ཡེ་ལ་ཞིབ་འཇུག་བྱས་པའི་གནས་ཚུལ་རྩད་ཞིབ་བྱས་ཡོད་པ་དང་། ས་བཅད་གཉིས་པར་གླུ་དང་གཞས་ཞེས་པའི་མིང་བརྡའི་བྱུང་འཕེལ་དང་འབྲེལ་ཏེ། ལ་ཡེ་འབྱུང་ཐུབ་པའི་རྒྱུ་རྐྱེན་དང་བྱུང་བའི་དུས་རབས་ཀྱི་སྐོར་དང་། ལ་དང་ཡེ་ཞེས་པའི་མིང་བརྡའི་མཚོན་དོན་དང་འཕེལ་འགྱུར། ལ་ཡེ་དང་འབྲེལ་ཡོད་མིང་བརྡ་འགའི་མཚོན་དོན་སོགས་བོད་ཀྱི་ལ་ཡེ་ཞེས་པ་ཕྱོགས་སྤྱིའི་སྒོ་ནས་མཚམས་སྦྱོར་བྱས་ཡོད། ས་བཅད་གསུམ་པར་དངོས་ཡོད་འཚོ་བའི་ཁྲོད་ལ་ཡེ་ཡིས་ཐོན་པའི་ནུས་པ་དང་རིན་ཐང་སོགས་གཙོ་བོར་དམིགས་ཏེ། ལ་ཡེ་ཞེས་པར་གོ་བ་ཇི་ལྟར་ལེན་དགོས་ཚུལ་དང་། དེ་བཞིན་དུ་ཚད་གཞི་མི་འདྲ་བ་གསུམ་ཙམ་ལ་བརྟེན་ནས་ལ་ཡེ་ལ་རིགས་ཀྱི་དབྱེ་བ་དུ་མར་དགར་ཆོག་ཚུལ་བརྗོད་ཡོད། ས་བཅད་བཞི་པར་ལ་ཡེའི་དབྱངས་རྟའི་ཁྱད་ཆོས་དང་རིགས་ཀྱི་རྣམ་གྲངས། དབྱངས་རྟ་དང་ཚིག་གི་འབྲེལ་བ། དབྱངས་རྟ་རྒྱུན་འཛིན་བྱེད་ཐབས་དང་ལེན་སྟངས་སོགས་ལ་ཡེའི་ངག་ལ་འགུགས་བྱེད་ཀྱི་དབྱངས་རྟའི་སྐོར་གཙོ་བོར་བརྗོད་ཡོད། ས་བཅད་ལྔ་པར་ལ་ཡེའི་རྗོད་བྱེད་ཚིག་གི་ཚེག་ཁྱིམ་དང་ཚིག་རྐང་གཙོ་བོར་བཟུང་ནས་ལ་ཡེའི་རྩོམ་ལུས་ཀྱི་གྲུབ་སྟངས་དང་རྣམ་པ། དེ་བཞིན་དུ་ལ་ཡེའི་བརྗོད་བྱ་དོན་གྱི་མཚོན་སྟངས་དང་མཛེས་བྱེད་རྒྱན་གྱི་སྦྱོར་ལུགས་སོགས་ལ་ཡེའི་ཐུན་མིན་གྱི་ཁྱད་ཆོས་གཙོ་བོར་བརྗོད་ཡོད། ས་བཅད་དྲུག་པར་བོད་ཀྱི་གླུ་གཞས་ཀྱི་ནང་གསེས་སུ་གྱུར་པའི་གླུ་དང་ཤགས། མཛའ་གཞས་བཅས་དང་ལ་ཡེ་ཕན་ཚུན་ཞིབ་བསྡུར་བྱས་པ་བརྒྱུད་གླུ་གཞས་ཀྱི་ནང་གསེས་སུ་གྱུར་པའི་རིགས་འདི་དག་གིས་ཕན་ཚུན་ལ་ཤན་ཤུགས་ཐེབས་ཚུལ་གྱི་སྐོར་རྩད་གཅོད་བྱས་ཡོད་པ་དང་། སྒོས་སུ་ནུབ་བྱང་ས་ཁུལ་དུ་མི་རིགས་དུ་མའི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་ཧྭ་ཨེར(花儿)དང་ལ་ཡེ་བར་གྱི་འབྲེལ་བ་བཅས་ལ་དཔྱད་གླེང་བྱས་ཡོད། ས་བཅད་བདུན་པར་ལ་ཡེའི་དཔེ་དོན་གང་རུང་ལས་མངོན་པའི་མདོ་སྨད་ས་ཆའི་བོད་པ་རྣམས་ཀྱི་ཞིང་ཕྱུགས་ལས་རིགས་སོགས་དང་འབྲེལ་བའི་འཚོ་བའི་ཐོན་སྐྱེད་ཀྱི་རྣམ་པ་དང་རྒྱན་གོས་ཀྱི་རིགས་དང་སྤྱོད་ཚུལ། ལ་ཡེའི་ཚིག་ཟུར་གང་རུང་ལས་མངོན་པའི་བོད་མིའི་རང་གཤིས་དང་མཛེས་དཔྱོད་ཀྱི་ལྟ་ཚུལ། མདོར་ན། ཕྱི་སྣོད་ཀྱི་བཀོད་པ་དང་ནང་བཅུད་ཀྱི་སེམས་ཅན་ཐད་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ཆ་དེར། དཔྱད་བརྗོད་དང་གདེང་འཇོག་གང་ཐུབ་བྱས་ནས། ལ་ཡེ་ནི་བོད་མིའི་འཚོ་བའི་གནས་ཚུལ་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་རྩ་ཆེན་ཞིག་ཡིན་པའི་གལ་ཆེན་རང་བཞིན་དེ་ཞིབ་གསལ་གྱིས་དཔྱད་འཇོག་བྱས་ཡོད། མཇུག་མཐའི་ས་བཅད་བརྒྱད་པར་ལ་ཡེ་ལ་མངའ་བའི་ཐུན་མིན་གྱི་སྒྱུ་རྩལ་ཁྱད་ཆོས་དང་ད་ལྟའི་གནས་བབ་སྟེ། དམངས་ཁྲོད་ན་བག་ལ་ཉལ་བའི་ལ་ཡེའི་སྔར་ཡོད་ཀྱི་རྣམ་པ་སྲུང་འཛིན་བྱས་པའི་རྨང་གཞིའི་སྟེང་ཡི་གེར་བཀོད་པ་དང་། སྒྲ་ཐག་དང་འོད་སྡེར་ལ་ཕབ་པའི་ལ་ཡེ་འཚོལ་སྡུད་ལེགས་སྒྲིག་ཐད་ཀྱི་དངོས་ཡོད་ཀྱི་གནས་ཚུལ་བརྗོད་པ་བརྒྱུད། དེར་མངའ་བའི་དགེ་སྐྱོན་རྣམས་ཆ་ཚང་ཞིང་གོ་རིམ་ལྡན་པའི་ངང་ཞིབ་བརྗོད་བྱས་ཡོད་ལ། ལྷག་དོན་ལོ་རབས་དགུ་བཅུའི་ནང་གསར་དུ་དར་བའི་ལ་ཡེ་དགུ་ཚིག་མའི་དགེ་སྐྱོན་དང་། རྒྱ་བོད་སྐད་གཉིས་མཉམ་བསྲེས་ཅན་གྱི་ལ་ཡེ་བྱུང་བའི་རྒྱུ་མཚན། ད་ལྟའི་ཆར་དར་དང་དར་བཞིན་པའི་ལ་ཡེ་རྡུང་ལེན་གྱི་དགེ་མཚན། མ་འོངས་འཕེལ་རྒྱས་ཐད་ཀྱི་བསམ་གཞིག་བཅས་གཙོ་གནད་དུ་བཟུང་ནས་ཞིབ་དཔྱད་བྱས་ཡོད་པ་དང་། དེ་ཡང་དཔྱད་རྩོམ་འབྲི་བའི་སྐབས་སུ་རང་ཉིད་དངོས་སུ་མདོ་སྨད་ཁྲི་ཀའི་ལྷ་རྩེད་དང་རེབ་གོང་ཡུལ་གྱི་གླུ་གཞས་འགྲན་སྡུར་སོགས་ཡུལ་ལུང་སོ་སོའི་ཆོས་སྟོན་དང་དུས་སྟོན་དུ་མར་དངོས་སུ་བསྐྱོད་དེ། ལ་ཡེ་ལེན་སྟངས་དང་རྣམ་པ། དབྱངས་རྟ་དང་གླུ་ཚིག་སོགས་ལ་རྒྱུས་ལོན་བྱས་པ་བརྒྱུད། དུས་དར་གྱི་ཁྱད་ཆོས་དང་འཐུས་ཚབ་ཀྱི་རང་བཞིན་ལྡན་པའི་ལ་ཡེ་དག་སྒྲ་དང་བརྙན་དུ་ཕབ་སྟེ་སྐབས་བསྟུན་གྱིས་དཔྱད་རྩོམ་དུ་དངོས་སུ་བཀོད་ཡོད། མཇུག་མཐར་དམངས་ཁྲོད་དུ་ཆེས་དགའ་བསུ་ཐོབ་ཅིང་ས་གནས་སོ་སོའི་འཐུས་ཚབ་ཏུ་གྱུར་པའི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི“གཟུགས་མེད་རིག་གནས་རྒྱུ་ནོམ”[2024ལོའི་སྤྱི་ཟླ6པའི་ནང་ཟི་ཁྲོན་ཁམས་པའི་བརྙན་འཕྲིན་ཁང་དུ་དགེ་རྒན་ཆེན་མོ་བ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས物质文化遗产和非物质文化遗产ཞེས་པའི་མིང་བརྡའི་སྒྱུར་སྟངས་ཐད་གསུང་བཤད་གནང་བ་སྐད་འཕྲིན་དང་མགྱོགས་འཕྲིན་སོགས་སུ་མི་མང་མང་གིས་བརྒྱུད་བསྐུར་བྱས་འདུག་པ་ལས་དྲངས། དགེ་རྒན་ཁོང་ཚང་གིས་གཟུགས་མེད་རིག་གནས་ཀྱི་ལས་ཀའི་ཐོག་མ་དང་མིང་བརྡ་ཐོག་མར་འབྱུང་ས་ནི་ཉི་ཧོང་ཡིན་པ་དང་། ཕྱིས་སུ་མཉམ་འབྲེལ་རྒྱལ་ཚོགས་དང་རང་རྒྱལ་གྱི་རྒྱའི་སྐད་དུ་མིང་བརྡ་འདི་ཇི་ལྟར་ཡིག་སྒྱུར་བྱས་ཡོད་ཚུལ། སྒོས་སུ་ཉི་ཧོང་སྐད་ཀྱི་ཁྲོད་མིང་བརྡ་དེའི་བསྟན་དོན་སོགས་རྒྱུ་མཚན་དུ་མ་ལ་བརྟེན་ཏེ། “མིང་བདག་པོ་དང་བསྟུན་པ”ཞེས་པའི་རྩ་དོན་གཞིར་བཟུང་ནས་རང་རེའི་སྐད་དུ།“གཟུགས་བཅས་རིག་གནས་རྒྱུ་ནོམ་དང་གཟུགས་མེད་རིག་གནས་རྒྱུ་ནོམ་”ཞེས་མིང་དུ་གདགས་པར་མཛད་ན་ངེས་པ་དོན་དང་མཐུན་པར་གསུངས་འདུག་པ་གང་དེའི་ལུང་གི་རྗེས་སུ་འབྲངས་པ་ཡིན་ནོ། །]རྒྱུན་འཛིན་པའི་མིང་རྟགས་ཅན་གྱི་གླུ་བ་གླུ་མ་མི་ཉུང་བ་ཞིག་ལ་ཐེངས་དུ་མར་བཅར་འདྲི་བྱས་པ་བརྒྱུད། དམངས་ཁྲོད་ངག་རིག་སྒྱུ་རྩལ་པ་དེ་དག་གི་མི་ཚེའི་བརྒྱུད་རིམ་ལ་རྒྱུས་ལོན་དང་། སྒོས་སུ་གླུ་བ་གླུ་མ་དེ་དག་གི་ངག་ཐོག་ན་ཉར་བའི་རྩམ་དྲི་དང་མར་དྲི་མ་ཡལ་བའི་ཆེས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་ལ་ཡེའི་དབྱངས་རྟ་དང་གླུ་ཚིག་མི་འདྲ་བ་ཁྱོན་བསྡོམས25ལྷག་ཙམ་བདམས་ཏེ་ཡི་གེ་དང་དབྱངས་རྟགས་སུ་ཕབ་ནས། ཐེངས་འདིར་དངོས་སུ་ཀུན་གྱི་མིག་གི་དགའ་སྟོན་དང་རྣ་བའི་ཟས་སུ་འགྱུར་བའི་ལེགས་སྐྱེས་སུ་ཕུལ་བ་བརྒྱུད། ལ་ཡེ་ཞིབ་འཇུག་གི་ལས་དོན་དེའང་རེ་ཞིག་མཇུག་བསྒྲིལ་བར་བྱས་ཡོད་དོ། །
མདོར་ན་ཁོ་བོའི་དཔྱད་རྩོམ་འདིའི་ས་བཅད་སོ་སོའི་བརྗོད་བྱ་རྣམས་བརྩམས་ཆོས་སྤྱིའི་བརྗོད་སྙིང་དང་དམ་པོར་སྦྲེལ་གང་ཐུབ་བྱས་ཏེ། བརྗོད་དོན་རྣམས་གཞི་གཅིག་ཏུ་འབབ་རྒྱུ་གཙོ་བོར་བཟུང་བ་ཡིན་ལ། ལྷག་དོན་རང་གི་ལྟ་ཚུལ་རྣམས་རྒྱབ་རྟེན་གྱི་ལུང་དང་། གསལ་བྱེད་ཀྱི་དཔེ། སྒྲུབ་བྱེད་ཀྱི་རིགས་པ་བཅས་ལ་གཞི་བཅོལ་ནས“བོང་བུས་ཐེག་ཚོད་ཀྱི་ཁལ”ཞེས་པའི་དཔེ་ལྟར་རང་བློས་ནུས་ཚོད་ཀྱིས་བོད་ཀྱི་དམངས་ཁྲོད་ལ་ཡེ་ཞེས་པའི་ངག་རིག་སྒྱུ་རྩལ་འདིར་དཔྱད་བརྗོད་ཅུང་ཆ་ཚང་བ་ཞིག་བྱས་པའི་ཁུལ་ཡིན་ནོ། །
དེབ་ཀྱི་དཀར་ཆག

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

བོན་སྐོར་ཡུལ་ལྷ་ཐར། མདོ་སྨད་བྱང་རྒྱུད་ཀྱི་བྱ་མདོ་ཡུལ་ཚོའི་བོན་སྐོར་སྡེ་བར་སྐྱེས། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་དང་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན། ཞིབ་འཇུག་གི་ཁ་ཕྱོགས་ཐད། གཙོ་བོར་བོད་ཀྱི་ངག་ཐོག་རྩོམ་རིག་དང་དམངས་སྲོལ་རིག་གནས་ཀྱི་སྐོར་ལ་གཞོལ་གྱིན་མཆིས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་དངོས་གཞི་དང་ཤེས་རམས་པའི་བསླབ་གནས་བླངས། 2020ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་འབུམ་རམས་པའི་བསླབ་གནས་ཐོབ་ཅིང་། སྔ་རྗེས་སུ«ཀྲུང་གོའི་བོད་རིག་པ»དང་། «བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ»སོགས་ཀྱི་སྟེང་རིག་གཞུང་དཔྱད་རྩོམ་སུམ་ཅུ་ལྷག་སྤེལ་བར་མ་ཟད། རྒྱལ་ཁབ་རིམ་པ་དང་ལྗོངས་རིམ་པའི་ལས་གཞིའི་རྣམ་གྲངས་དུ་མར་ཡང་གཙོ་སྐྱོང་བྱས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།







青公网安备63252102000006号