༄༅། །ལོ་གྱོན་མས་ཆམ་རིམས་སྔོན་འགོག་བྱེད་ཐུབ།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-11-25 08:57:36 ཀློག་གྲངས།:
       དར་མཚོ་རྫོང་ལ་མཚོན་ན། སྤྱི་ལོ༢༠༢༥ལོའི་ཟླ༡༡པར་ཆམ་རིམས་བྱུང་ཚད་ཅུང་ཚབས་ཆེ་སྟེ། ཐོག་མར་སློབ་གྲྭ་སོ་སོའི་སློབ་མ་རྣམས་ལ་ཆམ་རིམས་བྱུང་སྟེ། ཕལ་ཆེར་འཛིན་གྲྭ་རེ་རེ་བྱས་ཏེ་སྨན་ཁང་དུ་ནུབ་ལུགས་གནམ་ཁབ་རྒྱག་ཏུ་སླེབས་བྱུང་པས། རྫོང་བོད་སྨན་ཁང་དང་། རྫོང་མི་དམངས་སྨན་ཁང་། སྒེར་གྱི་སྨན་ཁང་ཆེ་མ་ཆུང་གསུམ་བཅས་སུ། འདུག་ས་མི་རྙེད་པ་དང་། རྐུབ་སྟེགས་མི་འདང་བའི་ཚད་ལ་སླེབས་བྱུང་། སྨན་པ་རྣམས་ཀྱིས་ཀྱང་ཉིན་གང་པོར་སྨན་ཐོ་བྲིས་ཏེ་མགོ་ཡར་དགྱེ་ཁོམ་མེད་པ་བྱུང་སོང་། དེ་རྗེས་རིམ་གྱིས་སློབ་མའི་ཕ་མ་རྣམས་ལ་ཡང་སློབ་མ་བརྒྱུད་དེ་ཆམ་རིམས་ཕོག་སོང་། ཉིན་དེ་དག་གི་རྣམ་པ་ནི་གཞེས་ནིང་ལོའི་ཏོག་དབྱིབས་ནད་དུག་བྱུང་དུས་དང་ཅུང་ཆ་འདྲ་བ་ཞིག་འདུག།
       ས་ཆ་འདི་མ་ཟད། ཡུལ་མདོ་དབུས་ཁམས་གསུམ་ཡང་། ས་བྱང་ལམ་རྟ་མགོ་སྐམ་པོ་རེད། རྟ་ཐམས་ཅད་དེ་ཡི་རང་བཞིན་རེད། ཅེས་པའི་གཏམ་དཔེ་ལྟར་ཕལ་ཆེར་ཆམ་རིམས་མཆེད་ཡོད་ཚོད་འདུག། ཡིན་ན་ཡང་། དེ་ལས་དུས་སུ་བབས་པའི་ཆར་དང་། སྐབས་སུ་བབས་པའི་གཏམ་ནི། སྐབས་དེར་ཁྱིམ་བདག་སྐོར་ཞིག་གིས་ལོ་གྱོན་མའི་རིལ་བུ་བག་ཆ་མང་པོ་བླངས་སོང་། ཁོ་བོས་ཁྱིམ་བདག་དེ་དག་ལ་ལོ་གྱོན་མ་ཆམ་པ་བྱུང་ཟིན་པར་བསྟེན་པ་ཡིན་ནམ། ཞེས་རེ་རེ་ལ་དྲིས་པར། ཐམས་ཅད་མ་གྲོས་གཅིག་མཐུན་གྱིས་ཆམ་རིམས་ཕོག་ཟིན་པར་བསྟེན་པ་མིན། ལོ་གྱོན་མའི་རིལ་བུ་དཀར་ཡོལ་ཏུ་ཆུ་རུ་བསྒྲུངས་ཏེ་ཁར་རེག་ནས་ཆམ་པ་སྔོན་འགོག་བྱེད་པར་སྤྱོད་པ་ཡིན་ཟེར། ཡང་ཁོ་བོས་ལོ་གྱོན་མའི་རིལ་བུ་ཆུར་སྦངས་པའི་ཁུ་བས་ཆམ་རིམས་སྔོན་འགོག་བྱེད་ཐུབ་བམ། ཞེས་དྲིས་པར་ཁོ་ཚོས་རེ་རེ་བཞིན་གྱི་ཉམས་མྱོང་སྟེ། ཁོ་ཚོའི་ཁྱིམ་མིས་ལོ་གྱོན་མ་ཆམ་རིམས་མ་བྱུང་སྔོན་ནས། ཆུར་བངས་པ་ཁར་ཅུང་ཙམ་རེ་ཉིན་རྒྱུན་གྱི་ཞོགས་པར་རེག་པས། ཆམ་རིམས་བྱུང་མ་མྱོང་ཟེར། ཡང་མི་ཞིག་གིས་ཁོའི་ཁྱིམ་མིས་ལོ་གྱོན་མ་ཉིན་རྒྱུན་ཁར་རེག་པས། ད་ལོའི་ཆམ་རིམས་མ་བྱུང་པ་མ་ཟད། གཞེས་ནིང་གི་ནད་ཡམས་དེ་ཡང་ཕོག་མ་སོང་ཟེར། གཞིས་ནིང་གི་ནད་ཡམས་ཟེར་བ་དེ། འཛམ་གླིང་གོ་ལ་ཧྲིལ་པོར་གྱོང་གུད་ཚབས་ཆེན་ཐེབས་སུ་བཅུག་པའི་ཏོག་དབྱིབས་ནད་དུག་ཡིན་པ་ནི། ཐམས་ཅད་ཀྱི་སེམས་ན་གསལ་བཞིན་པ་ལྟར་རེད། དེ་ལས་ཁོ་བོར་དྲན་ཚུལ་ཞིག་བྱུང་པ་ནི། སློབ་གྲྭ་སོ་སོ་དང་། སྡེ་བ་རེ་རེ། དགོན་སྡེ་ཆེ་ཆུང་། ལས་ཁུངས་སྣ་ཚོགས་བཅས་སུ། ཆམ་རིམས་མ་བྱུང་བའི་སྔ་རོལ་ནས། ལོ་གྱོན་མའི་རིལ་བུ་ཆུར་བསྒྲུངས་པ་ཨེན་ཙམ་རེ་ཞོགས་པར་ཁར་རེག་ནས། ཆམ་རིམས་སྔོན་འགོག་བྱེད་དགོས་པ་དྲིལ་བསྒྲགས་བྱ་རྒྱུ་ནི། ཁ་ཚ་དགོས་གཏུགས་རེད་སྙམ་སོང་། དེ་ལྟར་ཆམ་རིམས་སྔོན་འགོག་བྱེད་ཐུབ་པ་བྱུང་ཚེ། སློབ་གྲྭ་སོ་སོའི་སློབ་མ་རྣམས་ལ་ཡང་གཅིག་ནས་ཆམ་པའི་ལུས་ཚ་ལངས་པ། མགོ་གཟེར་བ། མིད་པ་ན་བ། གློ་ལུ་བ་སོགས་ཀྱི་མནར་གཅོད་མྱོང་མི་དགོས་པ་དང་། གཉིས་སུ་ཉིན་རྒྱུན་སྨན་ཁང་དུ་སླེབས་ནས། སློབ་སྦྱོང་ལ་བར་ཆད་འབྱུང་བའི་རྐྱེན་དེ་ཡང་སེལ་ཐུབ། གསུམ་དུ་སྨན་ཡོན་མང་པོ་ཤོར་ཏེ་ཕ་མར་སྒོར་མོའི་དཀའ་ཁག་ཀྱང་བཟོ་མི་དགོས་པ་རེད། དཔེ་དེ་བཞིན་དུ། སྡེ་བ་ཚོ་བ། རྒན་མགོ་དཀར། གཞོན་སོ་དཀར། ན་ཆུང་བྱིས་པ། དགོན་སྡེའི་བླ་གྲྭ། ལས་ཁུངས་སོ་སོ་བཅས་ལ་ཡང་ཕན་དེ་ལྟར་ཐོགས་པ་གདོན་མི་ཟ་བར་འདོད་པས། རང་ཉིད་ཀྱི་སེམས་ན་ཡོད་པ་བཤད་པ་དང་། རུམ་ན་མཆིས་པ་བསྟན་པ་ཙམ་ཡིན།
       དེ་ཡང་ལོ་གྱོན་མ་ནི་རོང་འབྲོག་མི་མང་ལ་ངོ་སྤྲོད་བྱེད་མི་དགོས་པར། ཀུན་གྱིས་ཆམ་རིམས་གསོ་བཅོས་དང་སྔོན་འགོག་ལ་བསྟེན་དང་བསྟེན་བཞིན་པ་ལྟར་དང་། ལོ་གྱོན་མའི་མིང་གཞན་ལ་ཆམ་འཇོམས་རིལ་བུ་ཡང་ཟེར། སྦྱོར་སྡེ་ནི། ཨ་རུ། རུ་རྟ། མ་ནུ། ལི་ཤི། སུག་སྨེལ། བྱི་ཏང་ག། ཤིང་ཀུན། ཤུ་དག་ནག་པོ། ཐར་ནུའི་ཁཎྚ། གུལ་ནག། འབྲུག་རུས། སླེ་ཏྲེས། ཆུ་རྩ། ཏིག་ཏ། མིང་ཅན་ནག་པོ། སྔོ་སྟག་ཤ། པརྦ་ཏ། བོང་དཀར། སྨན་ཆེན། གི་ཝང་སོགས་ཀྱིས་གྲུབ་པ་ཡིན། ཕན་ནུས་ནི། ལོ་གྱོན་རིལ་བུས་ཆམ་རིམས་མགོ་གཟེར་དང་། །གག་ལྷོག་གཉན་གཟེར་མཁལ་མཆིན་དུག་ནད་དང་། །རྨ་འབྲུམ་གཉན་ཚད་རིམས་དང་དུག་ཚད་ཞི། །གཉན་འབྲས་འདུལ་ཞིང་མཁྲིས་སྐྲན་སྲིན་ནད་སེལ། །ཞེས་པ་ལྟར་དང་། བསྟེན་ཚུལ་ནི་སྐབས་འདིར་ཆམ་རིམས་སྔོན་འགོག་ལ་སྤྱོད་པའི་སྟབས་ཀྱིས། མཚན་མོར་དཀར་ཡོལ་གཙང་མ་ཞིག་ཏུ་ཆུ་ཁོལ་དྲོ་འཇམ་གང་བླུགས་ཏེ། དེ་རུ་ལོ་གྱོན་མའི་རིལ་བུ་ལུག་རིལ་ཙམ་དེ་ཞིབ་པར་བརྡུངས་ནས་འདེབས་པ་དང་། ཕྱི་ཉིན་ཞོགས་པར་ལྟོ་སྟོང་དུ་ཁམ་གང་ཙམ་བཏུང་དགོས། བྱིས་པ་ཆུང་ཆུང་ཡིན་ན་ཨེན་ཙམ་ཁར་རེག་པས་ཆོག །ལོ་གྱོན་མའི་བསྒྲུངས་ཆུ་དེ་ཡང་ཉིན་མང་པོ་འགོར་ན་ངོ་བོ་ལོག་པའི་ཉེན་ཁ་ཆེ་སྟབས། རབ་ཡིན་ན་ཉི་མ་རེ་རེ་ལས་མ་འགོར་བ་དགོས། མེ་ཏོག་ཆུང་ཡང་མཆོད་རྫས། གུར་ཀུམ་ཉུང་ཡང་སྨན་རྫས་ཀྱི་དཔེ་ལྟར། དྲན་ཚོར་ཕྲན་བུ་འདི་ཡང་། ཡུལ་སྟོད་སྨད་བར་གསུམ་གྱི་རིགས་མཐུན་སྤུན་ཟླ་ཀུན་གྱི་ཆམ་རིམས་སྔོན་འགོག་གི་ལེགས་སྐྱེས་ཙམ་ཡིན་ནོ། །དགེའོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།