སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་སོ་བཞི་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-10-28 08:07:35 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

རེ་བདུན་པ།
       ཡོས་ལན་སྒོ་མང་རི་ཆུར་གཡེང་ཚར་རྗེས་ཡང་ཟླ་བས་ཁྲིད་ནས་ཁུལ་གྱི་མཛེས་ལྗོངས་གཞན་དག་ལ་ལྟད་མོར་སོང་། ད་དུང་ཆེས་མཐའ་མཇུག་གི་གནས་ཤིག་ལ་འགྲོ་གྲབས་བྱེད་དུས་ངས་བཀག་པ་ཡིན། ངས། པདྨ་རྒྱལ་མོའི་ཆེས་མཐའ་མཇུག་གི་འགྲན་སྐོར་མགོ་བརྩམས་ལ་ཉེ་པས། རབ་ཡིན་ན་ཁྱོད་སྔར་བཞིན་ཞུགས་རོགས་གནོངས་ཞེས་སྨྲས།
       ཡོས་ལན་འཐད་པ་བྱུང་ཞིང་། ཉིན་གཉིས་པར་ཞིང་ཆེན་དུ་ཕྱིར་ལོག
       མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་རི་གླུ་འགྲན་སྡུར་གྱི་ཆེས་མཐའ་མཇུག་གི་རྟིང་རྩོད་ཀྱི་འགྲན་སྡུར་དེ་ཞིང་ཆེན་བརྙན་འཕྲིན་ཁང་གི་འཁྲབ་སྦྱོང་ཚོམས་ཆེན་ཁང་དུ་བཀོད་བསྒྲིགས་བྱས་འདུག་ཅིང་། ཚོམས་ཆེན་ཁང་དུ་ཁ་དོག་སྣ་ཚོགས་པའི་ལྟད་མོ་བས་ཁེངས་འདུག པདྨ་རྒྱལ་མོས་སྔ་ས་ནས་ངེད་ཚོར་པ་སེ་གྲ་སྒྲིག་བྱས་ཡོད་ལ་ཨང་སྟེགས་ནི་དཔྱད་འདེམས་པའི་རྒྱབ་ཀྱི་གྲལ་གཤར་ཏུ་བདམས་ཡོད། ཡོས་ལན་གྱིས་པདྨ་རྒྱལ་མོས་རི་གླུ་བླངས་ཚར་རྗེས་དབུལ་བྱའི་མེ་ཏོག་གྲ་སྒྲིག་བྱས་འདུག བདམས་ཐོན་སྒྲིག་ལམ་ལྟར་ན་ཐོག་མར་བཞི་བདམས་ཀྱི་ལམ་ལུགས་བཀོལ་སྤྱོད་བྱེད་པ་སྟེ། གླུ་བ་ཕོ་མོ་བཞི་རིམ་བཞིན་གར་སྟེགས་སྟེང་འབུད་རྒྱུ་དང་། མི་རེས་རི་གླུ་གསུམ་རེ་ལེན་རྒྱུ། དེ་ནས་དཔྱད་འདེམས་པ་དང་ལྟ་མཁན་རྣམ་པས་སྐར་མ་དགོད་རྒྱུ་དེ་རེད། པདྨ་རྒྱལ་མོས་དེ་རིང་བླངས་པ་དེ་འདྲ་ལེགས་རྒྱུ་མི་འདུག ང་དང་ཡོས་ལན་གཉིས་ཀྱི་ཅི་ནུས་ཀྱིས་དགའ་བསུ་དང་མེ་ཏོག་ཕུལ་ནས་མོ་ལ་རྒྱབ་སྐྱོར་བྱས་མོད། ཡིན་ནའང་མོའི་གར་སྟེགས་སྟེང་གི་མིག་མདའ་བརྟན་མིན་གཡོ་བཞིན་འདུག་པས། བློ་སེམས་གཅིག་བསྒྲིམས་མིན་པའི་སྣང་བ་སྟེར་ཞིང་། བལྟས་བལྟས་ལ་རྩོད་ཟླར་རྒྱལ་ཁའི་གོ་སྐབས་སྤྲོད་པ་དང་མཚུངས། ང་དང་ཡོས་ལན་གཉིས་ཀྱིས་མོའི་ངལ་གསོའི་གོ་སྐབས་དང་བསྟུན་ནས་མོ་ལ་རྟིང་སྐུལ་དང་རེ་བ་འགའ་འདོན་ན་འདོད་མོད། ཡིན་ཀྱང་། མོ་གར་སྟེགས་སྟེང་ཡོད་ལ་ངེད་གཉིས་གར་སྟེགས་འོག་ཡོད་པས་ཁ་བརྡའི་གོ་སྐབས་མེད་པར་སེམས་འཁུར་ཁོ་ནར་ལུས། ཏག་ཏག་ཆེས་མཐའ་མཇུག་གི་འགྲན་རྩོད་ཁྲོད་དུ་མོའི་ནུས་པར་གནད་དོན་བྱུང་སྟེ་ཁས་མི་ལེན་རང་ལེན་སྒོས་ཨང་གཉིས་པའི་གོ་གནས་སུ་འགྲེང་ཞིང་། དམངས་སྒོར་ཁྲི་གཉིས་ཀྱི་དགའ་རྟགས་ལས་རག་མ་ཐུབ།
       མོ་གར་སྟེགས་ལས་བབས་རྗེས། ངས་པདྨ་རྒྱལ་མོར་མོ་ཅིའི་ཕྱིར་དེ་རིང་རྒྱུན་ལྡན་མིན་ཚུལ་དྲིས། མོས། དེ་ནི་རྒྱལ་ཁའི་ཁོ་ནས་སེམས་ཀྱིས། ཇི་ལྟར་རྗེས་ཀྱི་འགྲན་སྐོར་དུ་སླེབས་ཚེ་དེ་ལྟར་བསམ་བློའི་གནོན་ཤུགས་ཇེ་ཆེར་ཕྱིན་པས་གནད་དོན་བྱུང་བར་ངེས་ཟེར། ཡོས་ལན་གྱིས། འདི་ནི་མི་བརྒྱ་ཁ་ལྷག་གི་འགྲན་སྡུར་རེད། ཨང་གཉིས་པ་ལེན་ཐུབ་སོང་ཚེ་ཆོག་འདུག ངས་ཁྱོད་ལ་རྟེན་འབྲེལ་ཞུ་ཟེར་བཞིན་མེ་ཏོག་ཕུལ།
       པདྨ་རྒྱལ་མོས་དགའ་རྟགས་ང་ལ་བྱིན་བྱུང་། ངས། ཅིའི་ཕྱིར་དེ་འདྲའི་གནས་ལུགས་ཤིག་ཡོད་དམ། གལ་ཏེ་ཁྱོད་ཀྱིས་ངས་ཀྱང་དེ་ཁྲོད་དུ་དོན་ཞིག་སྒྲུབ་ཡོད་འདོད་ན། ཆོག་གི། ངས་མགྲོན་བྱེད། ཁྱོད་ཀྱིས་རྩིས་བརྒྱབ་པས་ཆོག་ཅེས་བཤད།
       པདྨ་རྒྱལ་མོའི་ཀླད་པ་དུས་ཐུང་ནང་ཚུར་མ་འཁོར།
       ཡོས་ལན་གྱིས། ཁོའི་ནང་དོན་ནི་ཁྱོད་གཉིས་ཀྱིས་ང་ལ་མགྲོན་བྱེད་ཟེར་བ་ཡིན་ནམ་ཟེར།
       ངས་དེ་མུར། ཡིན་ཡིན་ཡིན། མ་འཆུག་ཐལ་ཞེས་བཤད།
       ངས་དེ་ལྟར་བཤད་པ་ན་ཚང་མ་ཧ་ཧ་ཧ་ཞེས་མཉམ་དུ་བགད་བྱུང་།
༦༧
       ལོ་གཅིག་གི་དུས་ཚོད་དེ་ལྟར་ཕར་འདས། མིག་སྡེབ་དབང་ཙམ་གྱི་རིང་ལ་ཡང་སྟོན་ཀ་སླེབས་བྱུང་། ཞིང་ལས་ནས་ཡང་ལོ་ལེགས་བསྡུས་བྱུང་། རེད་མོད་ཀྱང་ད་ཐེངས་ལོ་སྔོན་མ་ལྟ་བུའི་གནོན་ཤུགས་མེད་པ་རེད། སྤྱི་འབྲུ་ལས་གཞན་པའི་འབྲུ་སྣུམ་ལ་སྔུན་ནས་ཞིང་ཆེན་ཕྱི་ནང་གི་སྒེར་གཉེར་ཁེ་ལས་ཀུན་གྱིས་གན་རྒྱ་བཞག་ཟིན་པས་སེམས་འཁུར་ཅུང་ཙམ་ཡང་མེད། ཞིང་ལས་ཀྱི་ལོ་ལེགས་ཀྱི་རྐྱེན་གྱིས་ཕྱུགས་ཟོག་ལ་སྟེར་བྱའི་རྩྭ་དང་གཟན་ཆས་ཀྱང་འདང་ཚད་ཡོད། ཡུལ་ཚོས་ཉོས་པའི་ལུ་གུ་དེ་དག་ཀྱང་སོ་བཞི་ནས་ཁ་གང་སོང་ལ། བེའུ་དེ་དག་ཀྱང་གཟུགས་སྟོབས་རྒྱས་པར་གྱུར་འདུག་པས་ལོ་མཇུག་ཏུ་བཙོང་ནས་སྒོར་དུ་བརྗེས་ཆོག ལས་བྱེད་པ་རྣམས་ཀྱིས་ལྷས་རར་ཡར་ལྡིང་མར་ལྡིང་བྱེད་བཞིན་པའི་ནོར་ལུག་ལ་བལྟས་ནས་སེམས་སུ་སྔ་ན་མེད་པའི་དགའ་སྤྲོས་ཁེངས་འདུག རེད་མོད་ཀྱང་ཨྱོན་གྱིས་དེ་ལས་ལྡོག་སྟེ་དོན་དག་འདི་འདྲ་ཞིག་མེད་པའམ་ཡང་ན་དོན་དེ་རང་ལ་འབྲེལ་མེད་ཀྱི་ཚུལ་ལྟར་གནས།
       ཉིན་དེར། ཚེ་ལོས་གྲོས་མོལ་སྒོས། ཨྱོན་ཧྲུའུ་ཅི། ཁྱོད་ཀྱིས་ལྟོས་དང་། ནོར་ལུག་འདི་རྣམས་བཙོང་རན་ལ་ཐོན་པས། ང་ཚོས་འཆར་གཞི་ཡོད་པའི་སྒོ་ནས་སྐོར་ཞིག་བཙོང་ན་ཇི་འདྲ་འདུག་གམ་ཞེས་པར།
       ཨྱོན་གྱིས། ཡུལ་དཔོན་ལགས། དོན་འདི་ནི་ང་དང་ཡུལ་དཔོན་སྔོན་མ་གཉིས་ཀྱིས་བསྒྲུབས་པ་ཡིན་པས། ནང་གི་དོན་དག་ལ་ལ་ཞིག་ད་དུང་ཁྱོད་ལ་རྒྱུས་མངའ་མེད། དེ་བས་ཁྱོད་ཀྱིས་ནུས་ཤུགས་ཡོད་རྒུས་ཡུལ་ཚོ་ཡོངས་ཀྱི་ཞིང་ཕྱུགས་ཐོན་སྐྱེད་དམ་འཛིན་བྱོས་དང་། ཕྱོགས་འདིའི་དོན་དེར་ངས་འཆར་འགོད་བཀོད་བསྒྲིགས་བྱས་ཆོག་ཟེར།
       ཚེ་ལོས་ཨྱོན་གྱི་རྣམ་འགྱུར་དེ་མཐོང་རྗེས། སེམས་སུ་ཨྱོན་གྱིས་ཁོ་ཐག་ལས་བྱེད་མི་སྣའི་ཁྲོད་དུ་རང་གི་གྲུབ་འབྲས་འཕྲོག་པར་དོགས་ཤིང་། ཁོའི་གྲུབ་འབྲས་མངོན་མི་ཐུབ་འདོད་དེ་སེམས་འཁུར་བྱེད་པའམ། ཡང་ན་ཕྱོགས་གཞན་གྱི་འདང་བརྒྱག་ས་ཞིག་ཡོད་པས། བསམ་གཟས་ནས་དོན་དེར་མི་གཞན་གྱི་ལག་སྲིང་དུ་འཇུག་བཞིན་མེད་སྙམ་པས་ཅི་ཡང་མ་བཤད། དེ་ནས་ཟླ་གཅིག་འདས་པའི་མཚན་ཞིག ནོར་སྟོང་ཁ་ལྷག་དེ་གློ་བུར་དུ་རྩ་མེད་ཤུལ་མེད་དུ་གྱུར།
       ཡུལ་ཚོའི་ལས་ཁུངས་སོ་སོའི་ལས་བྱེད་པས་དོན་དེ་གླེང་མགོ་བརྩམས་བྱུང་། ཐོག་མར་ཁོ་ཚོས་ད་དུང་རྐུན་མའི་ལག་ཏུ་ཤོར་སོང་སྙམ་ལ། རྗེས་སུ་ཡུལ་ཚོའི་འགོ་ཁྲིད་ཀྱིས་ལས་བྱེད་པ་ལ་ལར་བགོས་བཙོང་བྱས་པ་རེད་ཟེར་བར་ཡང་ཡུལ་ཚོས་མཉམ་དུ་གྲོས་ཐོག་གཅིག་གཅོད་བྱས་པ་རེད་འདོད་ཅིང་། བཙོངས་རྗེས་ཚང་མར་དོན་བཟང་ཞིག་སྒྲུབ་ངེས་སྙམ་ཞིང་རེ་བ་བྱས་མོད། མི་འགྱངས་པར་ཡང་ཨྱོན་རྒྱན་གཅིག་པུས་འགན་འཁུར་ནས་བཙོངས་པ་རེད་ཟེར་བ་ཐོས་རྗེས། མི་ལ་ལའི་རྣར་མི་འགྲོ་བར། སེམས་སུ། དོན་དག་འདི་འདྲའི་ཆེན་པོ་ཞིག་ཇི་ལྟར་རང་གཅིག་པུས་ཐག་གཅོད་བྱེད་དམ་སྙམ་ལ། ཡང་མི་ལ་ལས་སུས་བཙོངས་ཀྱང་ཆོག གཙོ་བོ་ཚང་མར་དོན་བཟང་རེ་བསྒྲུབས་ན་གཅིག་འདྲ་རེད་བསམ།
       ཚེ་ལོའི་སེམས་སུ་དོན་དག་འདི་ནི་བློར་ཤོངས་དཀའ་བ་ཞིག་སྟེ། ཡིན་པ་ནི་ཨྱོན་ལ་ཡུལ་ཚོའི་ནོར་ལུག་གསོ་ར་བཙུགས་པར་བྱས་རྗེས་མེད་པ་ནི་མིན་མོད་ཀྱང་། ཡང་འདི་ནི་ལས་ཁུངས་ཀྱི་མིང་དང་འགོ་ཁྲིད་ཀྱི་ཐོབ་ཐང་སྟེང་ནས་བཙུགས་པ་ཡིན་པ་མ་ཟད། ད་དུང་གསོ་སྐྱོང་གི་གོ་རིམ་གྱི་སྔ་གཞུག་ཏུ་དཀའ་ལས་མྱོང་མཁན་ནི་འོག་གི་ལས་བྱེད་མི་སྣ་ཡིན་པས། ཇི་ལྟར་རང་ཚང་གི་རྒྱུ་ནོར་ཡིན་པ་བཞིན་འཚོང་འདོད་ན་བཙོངས་ཟིན་ངེས་ཡིན་ནམ། གཞན་ད་དུང་སྒོར་མོའང་ཅི་ཞིག་བྱས་མིན་མི་ཤེས། ཚེ་ལོའི་སེམས་སུ་ཁོང་ཁྲོ་སྐྱེས་མོད། འོན་ཀྱང་ཁོས་ཀྱང་ཨྱོན་ལ་རྩད་འདྲི་མ་བྱས། ལས་བྱེད་པའི་ཁྲོད་དུ་འགོ་ཁྲིད་རིམ་པའི་བར་གྱི་མཐུན་སྒྲིལ་མི་ཡོང་བའི་ཤུགས་རྐྱེན་འགེབས་ཆེད། ཁོས་ད་དུང་ཁ་མིག་ཡར་བལྟས་ཀྱིས་ཨྱོན་གྱི་བྱ་སྤྱོད་ལ་བསམ་ཚུལ་གང་ལེགས་སྣ་ཚོགས་སྒོས་ཚོད་དཔོག་བྱེད་ཀྱིན་ཡོད། ཁོའི་སེམས་སུ་ཨྱོན་གྱིས་གོ་སྐབས་ལེགས་པའི་ཚོགས་འདུ་ཞིག་གི་སྟེང་དུ་ཅི་ནས་ཀྱང་ཐད་ལྡན་གྱི་འགྲེལ་བ་ཞིག་བརྒྱག་ངེས་ཡིན་སྙམ།
       ཚེ་ལོས་མིག་སྔར་ཡུལ་ཚོར་གནས་པའི་གནད་དོན་དང་རང་གི་བསམ་ཚུལ་དེ་སྒེར་ནས་གཡང་སྐྱིད་ལ་ཁ་བརྡ་བྱས། གཡང་སྐྱིད་ཀྱིས། ཁྱོད་སྐབས་དེར་ནོར་ལུག་གསོ་བའི་དོན་དེར་དེ་འདྲ་མི་འཐད་པ་ནི་དོན་འདི་འདྲ་འབྱུང་བར་སེམས་འཁུར་བྱས་པ་མིན་ནམ་ཟེར། ཚེ་ལོས། ཡིན། ད་སྐབས་ཡུལ་ཚོའི་ལས་བྱེད་པ་མང་པོ་ཞིག་དོན་འདིར་བསམ་འཆར་བྱུང་འདུག ང་དོན་འདིའི་བར་དུ་བཙིར་ནས་ཇི་ལྟར་བྱེད་དགོས་པའང་མི་ཤེས་ཟེར། གཡང་སྐྱིད་ཀྱིས། ཨྱོན་གྱི་ལས་སྲོལ་ལ་བཙན་སྤྱོད་ཀྱི་རང་བཞིན་ལྡན་ཡང་། གང་ལྟར་ཁོ་ནི་མི་བློ་གྲོས་ཅན་ཞིག་ཡིན་པས། བལྟས་བལྟས་རིག་རིག་ལ་ཡུལ་ཚོའི་ནོར་ལུག་རྣམས་ཟོས་འགྲོ་བ་མི་སྲིད་པས། སྔར་བཞིན་མུ་མཐུད་དུ་ཅུང་ཙམ་ལ་སྒུག་ན་བཟང་ཟེར།
རེ་བརྒྱད་པ།
       ཉིན་འདི་འགའི་རིང་ལ། ཡོས་ལན་གྱིས་ངས་མདུན་ཅོག་སྟེང་ནས་གཅིག་གཅིག་གཉིས་གཉིས་བྱས་ཏེ་རྩོམ་ཡིག་འབྲི་བཞིན་པའི་རྣམ་པ་མཐོང་བས་ང་ལ་ཀློག་ཀླད་སྟེང་དུ་ཕྲིས་ཞེས་སྐུལ། ངས། ངས་ཚོད་ལྟ་བྱས་མྱོང་། ཀློག་ཀླད་སྟེང་དུ་གསར་འགྱུར་ལ་ལྟ་བའམ་རིག་རྩལ་ལེ་ཚན་ལ་ལྟ་བ། ཡང་ན་གཞུང་ཡིག་འདྲ་བྲིས་ན་ཆོག་མོད་ཀྱང་། གསར་རྩོམ་བྱས་ན་ད་དུང་ང་ལ་ཚོར་བ་མེད་དེ། ཕྱོགས་གཅིག་ནས་ཡི་གེ་གཏགས་དགོས་པ་དང་། ཕྱོགས་གཅིག་ནས་བྱུང་རིམ་བཀོད་བསྒྲིགས་བྱེད་དགོས་པས། བསམ་གཞིགས་རྗེས་མི་ཆོད་ཟེར་བར། ཡོས་ལན་གྱིས། དེ་ནི་གོམས་གཤིས་ཀྱི་གནད་དོན་ཞིག་རེད། དུས་ཡུན་ངེས་ཅན་ཞིག་ལ་སྦྱོང་བརྡར་བྱས་ན་གོམས་ཐུབ་ཅིང་། གོམས་ལོབས་སུ་གྱུར་ན་རྗེས་སུ་སྟབས་བདེ་རུ་འགྲོ་བ་ཡིན་ཟེར། ཁོ་མོའི་སྐུལ་ལྕག་དང་རོགས་རམ་འོག་ཏུ། ང་རིམ་བཞིན་གློག་ཀླད་ཐོག་གསར་རྩོམ་བྱེད་པར་གོམས་པར་མ་ཟད། ད་དུངQQཐོག་མི་གཞན་དང་གང་འདོད་དུ་ཁ་བརྡ་བྱེད་ཐུབ་པར་གྱུར།
       དོན་གྲུབ་གནང་སྐབས་ཀྱང་ཁྱིམ་དུ་མ་ལོག ཁོསQQསྟེང་ནས་ང་དང་གླེང་མོལ་བྱས། ཁོས་ང་དང་ཁོའི་ཨ་མ་གཉིས་ཁ་བྲལ་བའི་རྒྱུ་རྐྱེན་ཤེས་ནའང་། སྔར་བཞིན་སེམས་སུ་མི་འདོད་པ་དང་སེམས་སྡུག་གི་རྣམ་འགྱུར་མངོན་འདུག ངས་ཁོ་ལ། དེ་རིང་གི་གནས་ཚུལ་འདི་འདྲ་བྱུང་བ་ནི་ངས་ཀྱང་མཐོང་འདོད་པ་ཞིག་མིན་མོད། འོན་ཀྱང་མི་འཇིག་རྟེན་སྟེང་གསོན་ཚེ་མི་ཤེས་པའི་གྲངས་ཀ་ཧ་ཅང་མང་པོ་ཞིག་ཡོད་པ་རེད། དེ་ནི་རང་ཉིད་ཀྱིས་དཀའ་སྤྱད་དོན་གཉེར་བྱས་པ་ནི་ཕྱོགས་གཅིག་ཡིན་ལ། ལས་དབང་གིས་བཀོད་སྒྲིག་བྱེད་པ་ནི་ཡང་ཕྱོགས་གཅིག་རེད། ལས་དབང་ལ་ཁ་གཏད་ཚེ། རང་ཉིད་ནི་ནམ་ཡང་ནུས་མེད་ཅིག་ཡིན་པ་རེད། དེ་ལྟར་མིན་ཚེ་བྱིས་པ་བློ་རིག་ཅན་སུའང་ཁྱིམ་ཚང་དབུལ་པོ་ནས་སྐྱེས་མི་སྲིད། དེའི་རྐྱེན་གྱིས། དོན་ལ་ལ་ཞིག་གི་མདུན་ནས་ང་ཚོས་སྔར་བཞིན་ཕམ་ཁ་ཁས་ལེན་དགོས་ཞེས་བཤད། བུ་ཡིས་ངའི་ལྟ་བ་ཁས་བླངས་པས་ང་ལ་འཁང་ར་ཅི་ཡང་མ་བྱས། འོན་ཀྱང་ཁོ་སྔར་བཞིན་སློབ་གྲྭར་བསྡད་ནས་ཕྱོགས་གཅིག་ནས་སློབ་སྦྱོང་བྱེད་འདོད་པ་དང་། ཕྱོགས་གཞན་ཞིག་ནས་ཕ་མ་གཉིས་ཁ་བྲལ་བ་དང་དགའ་རོགས་གཅེན་གཅུང་དུ་གྱུར་པའི་རྙོག་འཛིང་གི་དོན་དངོས་ལ་གཟུར་གཡོལ་གང་ཐུབ་བྱེད་འདོད་པ་དེ་རེད།
       དོན་གྲུབ་ཁྱིམ་དུ་ལོག་མི་འདོད་པའི་བསམ་ཚུལ་དེ་རང་གི་ཨ་མར་ཡང་བཤད་པ་ན། ཁོའི་ཨ་མ་དོན་དེར་ཧ་ཅང་མི་དགའ་། ང་དང་སྒྲོལ་མ་གཉིས་བསམ་ཡུལ་ལས་འདས་པའི་སྒོ་ནས་འཕྲད་དུས་དེར། མོས་ང་ལ་བུ་ཁྱིམ་དུ་ལོག་མི་འདོད་པ་ནི་ངས་བཏོན་པའི་བསམ་ཚུལ་ཡིན་ནམ་ཞེས་དོགས་འདྲི་བྱེད། ངས། མིན་ཏེ། བུ་ཡིས་ང་ཚོའི་ད་ལྟའི་གནས་ཚུལ་འདི་མཐོང་མི་འདོད་པས་ད་གཟོད་གཟུར་གཡོལ་གྱི་བྱེད་ཐབས་སྤྱད་པ་སྟེ། ཁོ་ཉིན་གཅིག་ལ་གཡོལ་ཐུབ་ན་དེ་ལྟར་ཉིན་གཅིག་ལ་གཡོལ་ངེས་ཡིན་པས། ང་ལ་ཐབས་ཅི་ཡོད་ཅེས་སྨྲས། སྒྲོལ་མས། ངས་དོན་གྲུབ་ཤིན་ཏུ་དྲན་པས་པེ་ཅིང་དུ་ཁོ་ལ་ལྟ་རུ་འགྲོ་བར་གྲ་སྒྲིག་བྱེད་དགོས་ཟེར། ངས། ད་ལྟ་ཁྱོད་ནི་མི་གཞན་གྱི་མི་ཡིན་པས་འགྲོ་འདོད་ན་སོང་ཞིག་ཅེས་པར། སྒྲོལ་མས་ང་མོའི་སྟེང་དུ་བརྩེ་དྲོད་ཅི་ཡང་མེད་པའི་རྣམ་འགྱུར་མཐོང་བས། མགོ་ཡང་ཕྱིར་མི་འཁོར་བར་བུད་སོང་།
༦༨
       ཚེ་ལོ་གཟའ་འཁོར་འགར་ཡུལ་དུ་མ་ལོག གཡང་སྐྱིད་ཀྱིས་ཁ་པར་ཡོང་ནས་ཁང་པའི་ནང་གི་གནམ་གཅལ་སྟེང་དུ་ཙི་གུ་ཡོད་པ་དང་། དགོང་མོར་ཙིག་ཙིག་གི་སྒྲ་སྒྲོག་ཅིང་གང་འདོད་དུ་རྒྱུག་པས་གཉིད་ནའང་ཤིན་ཏུ་སྐྲག་སྟེ། སེམས་སུ་ཙི་གུ་གནམ་གཅལ་གྱི་ཕྲ་ཁུང་ལས་མར་མལ་སའི་ནང་དུ་ལྷུང་ཨེ་འགྲོ་སྙམ་པའི་སྣང་བ་སྟེར་རྐྱེན། ཚེ་ལོ་ཡོང་ནས་བདག་གཉེར་བྱེད་དགོས་ཚུལ་སྨྲས། ཚེ་ལོ་ཁྱིམ་དུ་ལོག་ནས་སྔོན་ཆད་ཀྱི་ཤོག་བཟོས་གནམ་གཅལ་གྱིས་བརྒྱན་པའི་ཁང་ཀླད་ལ་བལྟས་པ་ན། མིག་ལ་མི་མཛེས་པའི་ཕྲ་ཁུང་རེ་གཉིས་ལས་ཕྱོགས་གཞན་ལ་གནོད་པ་ཐེབས་མེད། ཁོས་ཕྲ་ཁུང་ཡོད་པའི་གནམ་གཅལ་དེ་དག་བླངས་ཏེ་གསར་བར་བརྗེས་རྩིས་བྱས། གཡང་སྐྱིད་ཀྱིས། འདི་ནི་མི་འདུག་ས་ཡིན་པས་ལྷན་པ་བརྒྱབ་ན་ཇི་འདྲའི་བཙོག་པ་ལ། དེ་བས་ཚང་མ་བརྗེས་ཞོག་ཟེར། ཚེ་ལོས་ཡང་ཡང་འདང་བརྒྱབ་རྗེས། དེ་ཡང་འགྲིག་སྙམ་ཞིང་གཡང་སྐྱིད་ལ་ནང་གི་ཅ་དངོས་བདག་གཉེར་བྱེད་དུ་བཅུག་རྗེས་ལྕགས་ཁེམ་བཟུང་ནས་གནམ་གཅལ་ཞིག གློ་བུར་དུ་གདུང་མའི་སྲུབས་ནས་དངོས་པོའི་ཁུག་མ་ཞིག་སར་ལྷུང་། གཡང་སྐྱིད་ཀྱིས་ཙི་གུ་རེད་འདོད་དེ་ཨ་ཞེས་སྐད་བརྒྱག་བཞིན་སྒོར་མཆོངས།
       ཚེ་ལོས་དེ་ནི་ཀོ་པགས་སྲབ་མོས་བཟོས་པའི་ཁུག་མ་ཆུང་ཆུང་ཞིག་ཡིན་པ་མཐོང་རྗེས། གཡང་སྐྱིད་ནང་ལ་བོས་ཡོང་སྟེ་མཉམ་དུ་དལ་གྱིས་དེའི་ཁ་ཕྱེས། ནང་དུ་ཆེ་ཆུང་མེད་པའི་ནར་དབྱིབས་ཅན་གྱི་རུས་བྱང་བཅུ་གཉིས་འདུག་ཅིང་། སྟེང་དུ་འདྲ་མཚུངས་མིན་པའི་མི་སྣའི་རི་མོ་བརྐོས་འདུག མི་སྣ་འདི་དག་གིས་ཉམས་འགྱུར་སྣ་ཚོགས་ཀྱིས་ཕོ་བསུ་མོ་དགའི་ཚུགས་ཀ་དོད་ཡོད་ལ། རུས་བྱང་གི་གོང་རོལ་དུ་ད་དུང“མིང་ཆིང་དཔྱིད་སྒོམ་བྱེད་སྟངས་བཅུ་གཉིས”ཞེས་པའི་ཡིག་འབྲུ་གསལ་བོར་མངོན་ཡོད། གཡང་སྐྱིད་ཀྱིས་ལྟ་བཞིན་ལྟ་བཞིན་དེས་ངོ་མཚར་དང་ཟུག་གཟེར་སློང་ཡོང་སྟེ་བསྟུད་མུར་ཨ་ལ་ལ་ཞེས་སྐད་བརྒྱབ། གནས་འདི་ནི་སྔོན་ཆད་མཱ་ཚང་གི་དམག་སྒར་ཞིག་ཡིན་པས། རུས་བྱང་འདིའང་དེའི་དུས་ཀྱི་དམག་དཔོན་ཞིག་གིས་བདག་ཉར་བྱས་པའི་གཅེས་ནོར་ཤིག་ཡིན་པ་སྨོས་མ་དགོས་མོད། ཡིན་ཡང་དམག་འཁྲུག་ཕམ་སྟེ་བྲེལ་འཚུབ་ངང་འབྲོ་བའི་དུས་སུ་འཁྱེར་ཁོམ་མ་བྱུང་བ་ཙམ་དུ་སྲིད།
       གཡང་སྐྱིད་ཀྱིས། དངོས་པོ་འདི་བཙོངས་ཚེ་སྒོར་འགར་འགྲོ་ཡང་སྲིད་ཟེར།
       ཚེ་ལོས། བསྐྱུར་ཞོག ངས་ཡ་མཚན་སྐྱུག་མེར་ཅན་གྱི་དངོས་པོ་འདི་འདྲ་བཟུང་སྟེ་མི་ལ་རིན་གོང་གཏམ་མི་འདོད་ཟེར།
       གཡང་སྐྱིད་ཀྱིས། དེ་ཡང་རེད། དེས་ན་བར་སྐབས་སུ་བསྐྱུར་ཞོག་ཟེར་བཞིན་དཔེ་སྒྲོམ་ཆུང་ཆུང་ཞིག་གི་བརྒྱབ་ཏུ་བཞག
       དངོས་པོ་དེ་བཞག་རྗེས། ཚེ་ལོས་ཡང་སེམས་ཆུང་གིས་གནམ་གཅལ་གཞན་འཇིག་གིན་འདུག་ལ། སྟབས་ལེགས་ན་ད་དུང་དངོས་པོ་གང་ཞིག་ལ་འཕྲད་སྲིད་སྙམ། མཇུག་མཐར་ཙི་གུ་ཤི་རོ་ཞིག་ལས་ཅི་ཡང་མ་བྱུང་།
       བཤིགས་སླ་ཡང་བསྒྲིགས་དཀའ་ཟེར་བ་བཞིན། ཚེ་ལོས་གྲོགས་པོ་འགའ་བོས་ཡོང་ནས་ཉིན་གཅིག་གི་ཉི་མ་བཀོལ་བས་ད་གཟོད་ཁང་པར་གནམ་གཅལ་སྤྲད་ཚར།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།