དེབ་གསར། «ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ཚིག་འགྲེལ་དོན་གསལ་མེ་ལོང»

རྩོམ་པ་པོ།:པད་བཀྲ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-10-24 13:04:14 ཀློག་གྲངས།:
       ཉེ་ཆར། པད་མ་རྒྱལ་དང་པད་མ་བཀྲ་ཤིས་གཉིས་ཀྱིས་གནའ་བོའི་ཏུན་ཧོང་བོད་ཀྱི་ལོ་རྒྱུས་ཡིག་ཚང་ལ་ཚིག་འགྲེལ་དང་མཆན་འགྲེལ་བརྒྱབ་པའི་རྩ་འགྲེལ་སྦྲགས་མའི་དེབ«ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ཚིག་འགྲེལ་དོན་གསལ་མེ་ལོང»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
       དེ་ཡང་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས། “རྒྱལ་རབས་དངོས་ལ་དཔྱོད་ན། གནད་དོན་ཆེ་ལ་གཞི་རྩ་བརྟན་པ་གསེར་གྱི་ས་གཞི་དང་མཚུངས་པ་ཞིག་ཡིན་ཞིང་། རྒྱལ་པོའི་དུས་ཀྱི་བོད་མི་རང་གིས་བྲིས་ཏེ། བཅོས་སྒྱུར་མཁན་གྱི་སྨྱུ་གུའི་རྩེ་མོས་མ་རེག་པར། ལོ་ངོ་ཆིག་སྟོང་ཉེ་བའི་ཡུན་ལ་རྡོ་དང་བྱེ་མའི་འོག་ཏུ་གཟིམས་པའི་ཡིག་རྙིང་རྒན་པོ་ཀུན་ལ་ངོམ་དུ་རི་བ་དེ་འདྲར་མ་ཟད། རང་ཅག་གི་སྔོན་གྱི་རྒྱལ་རབས་རྣམས་ཚིག་སྦྱོར་གྱི་རྣམ་པ་འདི་འདྲར་ཡོད་སྙམ། ”ཞེས་གསུངས་པ་བཞིན་ཏུན་ཧོང་ནས་ཐོན་པའི་རྒྱལ་རབས་ཡིག་ཚང་དག་ནི་ཚིག་དོན་གཉིས་ཆ་ནས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཉེ་བར་མཁོ་བའི་རྒྱུ་ཆ་རིན་ཐང་བྲལ་བ་ཞིག་ཡིན།
       དུས་རབས་སྔོན་མའི་ལོ་རབས་བཞི་བཅུ་པར་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྡ་རྙིང་ཡིག་ཆ་འདི་དག་རྒྱུ་ཆར་བྱས་ཏེ་རྒྱལ་རབས་དེབ་ཐེར་དཀར་པོ་བརྩམས་ལ། ལོ་རབས་བརྒྱད་ཅུ་ནས་བཟུང་རྒྱལ་ནང་དུ་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་འདི་དག་ལ་བསྒྱུར་འགྲེལ་དང་མཆན་འགྲེལ་བྱས་པའི་བརྩམས་དེབ་མང་དག་ཅིག་ཐོན་ཡོད་ནའང་། ནང་དོན་དང་བསྟུན་ཏེ་དག་སྒྲིག་བྱས་ནས་མ་ཡིག་གི་པར་བཀོད་པའི་རྗེས་ལ་ངོ་བཤུས་དང་། རེ་རེ་བཞིན་ཚིག་འགྲེལ་བྱས་ཡོད་པའི་དེབ་ཅིག་མཐོང་དུ་མེད་པས་ན་དེབ་ཆུང་འདི་ཉིད་སྒྲིག་རྩོམ་བྱེད་པའི་བགྱི་བ་ལྷུར་བླངས་པ་ཡིན། དེབ་ཆུང་འདིའི་སྒྲིག་སྟངས་ནི་མ་ཡིག་གི་པར་བཀོད་པའི་རྗེས་ལ་ངོ་བཤུས་དང་། དེའི་འཕྲོར་ཚིག་འགྲེལ། གལ་ཆེའི་ཐ་སྙད་དང་མི་མིང་ས་མིང་ལ་མཆན་འགྲེལ་བྱས་ཡོད།
        སྔ་ཕྱིར་རྒྱལ་རབས་ཡིག་ཚང་འདི་དག་ལ་ཞིབ་འཇུག་གནང་མཁན་གྱི་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་དང་མཁས་བཙུན་བཟང་པོ། དུང་དཀར་བློ་བཟང་འཕྲིན་ལས། བོད་མིང་དབང་རྒྱལ་དང་བསོད་ནམས་སྐྱིད། གཉའ་གོང་དཀོན་མཆོག་ཚེ་བརྟན། ཧོང་པུའུ་ཧྥན་དང་མ་ཏིག དཔལ་དོན་གྲུབ་རྒྱལ། ཁ་སྒང་བཀྲ་ཤིས་ཚེ་རིང་། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། པ་ཚབ་པ་སངས་དབང་འདུས། རྨེ་རུ་ཡུལ་ལྷ་ཐར་ལ་སོགས་པའི་དཔྱད་འབྲས་སྔོན་མ་དག་གི་ལེགས་ཆའི་རྨང་གཞིའི་སྟེང་དུ་རྩོམ་འབྲི་བྱས་པ་ཡིན། ཡིག་ཚང་དག་བཤེར་དང་རྩོམ་འབྲི། མཆན་བུ་ཟུར་འདེབས། དཔེ་གཟུགས་རྒྱབ་ཤ་ཇུས་འགོད། པར་སྐྲུན་རེ་ཞུ་བཅས་ཀྱི་ལས་ཀའི་དུས་ཡུན་བསྡོམས་ན་བགྲང་བྱ་གསུམ་ཙམ་འདས་ཏེ། ད་ནི་ཀློག་མཁན་ཀུན་གྱི་སྤྱན་སྔར་བསྟར་བའི་སྐལ་བ་མངོན་དུ་ཤར།
       གཞན་ལོ་རྒྱུས་ཡིག་རྙིང་ཤོག་དྲིལ་འདི་དག་ལ་ཚིག་འགྲེལ་བརྒྱབ་པའི་གོ་རིམ་ཁྲོད་དུ་དོན་མི་གོ་བ་འོལ་ཚོད་ཀྱིས་འགྲེལ་མེད་པར་མ་ཡིག་ལྟར་བཞག་ཡོད། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས“ཡིག་ཆ་འདི་དག་གི་བརྒྱ་ཆའི་བཅུ་ཙམ་ནི་ཐེངས་བཅུ་ཕྲག་ཁ་ཤས་བལྟས་ཀྱང་ད་དུང་ཚོད་དཔག་བྱས་པ་ཙམ་ལས་གདེང་ཚོད་ཡོད་པའི་གོ་བ་ལོན་ཐུབ་ཀྱི་མེད་པ་དང་། འགའ་ཞིག་ནི་ཚོད་དཔག་ཙམ་ཡང་བྱེད་ཐུབ་ཀྱི་མེད།”ཅེས་གསུངས་པ་ལྟར་དེབ་ཆུང་འདི་ཉིད་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་བ་ན་དོན་ལ་གོ་བ་ལོན་མེད་པ་དང་ལོག་འགྲེལ་བྱས་པའི་སྣང་ཚུལ་མེད་མི་སྲིད་པས་ན་མཁྱེན་ཡངས་རྣམས་ཀྱིས་དགོངས་འཆར་བསྩལ་ཡོང་བའི་རེ་བ་ཞུའོ། །
ཞར་བཀོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།