ཏེ་སེའི་ལམ་ཡིག གཡུ་རྔོག་ཚེ་བཀྲ།
རྩོམ་པ་པོ།:གཡུ་རྔོག་ཚེ་བཀྲ།
ཡོང་ཁུངས།:༢༠༢༥ལོའི«མི་རིགས་ཀྱི་རྩོམ་རིག»དེབ་ལྔ་པ།
དུས་ཚོད།:2025-09-26 08:56:20
ཀློག་གྲངས།:
ཏེ་སེའི་ལམ་ཡིག
གཡུ་རྔོག་ཚེ་བཀྲ།
སྲིད་པ་ཆགས་པའི་ལྷ་དགུ་དང་རྗེ་བོའི་མགུལ་ལྷ་བཅུ་གསུམ། བོད་སྐྱོང་བརྟན་མ་བཅུ་གཉིས། གངས་ཆེན་བརྒྱད་སོགས་གངས་ཀྱི་རི་གྲགས་ཅན་དེ་དག་གི་གྲས་སུ་མེད་ཅིང་། འཛམ་བུ་གླིང་གི་གངས་ཀྱི་རི་བོ་མཐོ་ཤོས་དེ་ཡང་མིན་མོད། གངས་རི་ཐམས་ཅད་ཀྱི་རྒྱལ་པོ་ཞེས་པའི་མཚན་དེ་རང་རེའི་ཡུལ་ན་གནས་པའི་གངས་ཀྱི་མཆོད་རྟེན་འདི་ལ་ཐོགས་ཡོད་དེ། སྔོན་གྱི་བན་བོན་ཡིག་ཆ་མང་ཆེ་བར། གངས་རི་ཐམས་ཅད་ཀྱི་རྒྱལ་པོ། ཆུ་བོ་བཞི་འདུས་ཀྱི་མགོ་བོ། ཞེས་བྲིས་སྣང་། དེ་ལྟ་བུའི་གནས་མཆོག་གངས་དཀར་ཏི་སེ། འཛམ་གླིང་མཛེས་པའི་རྒྱན་གཅིག་དེ་ཉིད་ལ་ཐེངས་གཅིག་མཇལ་སྙིང་ནི་ངེས་པར་ཐམས་ཅད་ལ་ཡོད་པ་བཞིན་ལགས་པས། ན་ནིང་ཙམ་ཞིག་ཕ་མ་གཉིས་ལ་ལོ་འདི་དག་རིང་གངས་མཇལ་ཞིག་ལ་ངེད་ཅག་ཅི་ནུས་འགྲོ་ཞུས་པར། དང་པོ་ཁ་ཐག་ལེ་དབར་སྟོང་ཕྲག་གིས་ཆོད།གཉིས་པ་ས་བབ་མཚོ་འཕགས་ལྔ་སྟོང་གིས་ཆོད་ཕྱིར། ཁོང་གཉིས་ནས་ཀྱང་དེ་དཀའ་སེ་བ་ཨེ་ཡོད་དགོངས་པར་འདུག རེད་དེ། དུས་ཕྱིས་ཁོ་གཉིས་ལ་ཤ་ཉེའང་ཡིན་པ། གྲོགས་པོའང་ཡིན་པ། ལོ་ཚོད་ཀྱང་མཉམ་པ། ད་ཆ་ཆོས་གྲོགས་ལྟ་བུར་ཡང་གྱུར་ཡོད་པའི་ཆུང་སྐྱེས་ཁྱོ་ཤུག་ཅིག་ཡོད་པ་དེས་ཀྱང་གྲོས་འགོ་བཏོན་འདུག་པས། ད་རེས་དབྱར་གསེང་ཕ་ཡུལ་དུ་འབྱོར་དུས། གངས་སྐོར་ལ་འགྲོ་བའི་ཆོད་སེམས་མ་ཟད། འཆར་གཞི་ཡང་གང་འཚམས་བཀོད་འདུག་རྐྱེན། གྲོགས་པོ་ཟེར་བ་དེའི་ཤུགས་རྐྱེན་ལ་ཡ་མཚར་བ་ཞིག་བྱུང་། ལས་ཅི་ལའང་དང་པོ་ཆོད་སེམས། གཉིས་པ་འཕྲལ་གྱི་ལག་ལེན་ཡོད་ཚེ། འཇིག་རྟེན་ཟང་ཟིང་གི་བར་ཆད་ཀྱིས་མི་ཁོགས་པར་མངོན་འགྱུར་ཡོང་ནུས་པ་ཡིན་པས། ངེད་ཅག་ནས་འཕྲལ་མར་འགྲོ་ཐག་བཅད་དེ། དབུས་ལྷ་ལྡན་ལ་འགྲོ་བའི་གྲབས་ཚགས་སུ་ཆུད་པ་བྱས། དེ་བཞིན་ལམ་ཡིག་ཞིབ་ཚགས་ཅུང་ཆ་ཚང་བ་ཞིག་ཡོད་ན་སུས་ཀྱང་དེར་ཟུར་ལྟོས་ཀྱིས་འགྲོ་བདེ་བར་ཡོད་རྐྱེན། གངས་སྐོར་རྗེས་ལ་ཁོ་བོས་ལམ་ཡིག་ལྷུག་རྩོམ་འདི་བྲི་བའི་བགྱི་བ་ཡང་ལྷུར་བླངས།
ལྷ་ས་ནས་དར་ཆེན་བར།
དེང་སང་ལམ་བདེ་བས་རླངས་འཁོར་ལ་བསྡད་ཚེ་ལྷ་ལྡན་ནས་ཆུ་ཚོད་བཅུ་བདུན་ཙམ་གྱིས་གངས་རྩར་འབྱོར་ཐུབ་ཀྱི་ཡོད་འདུག་ཅིང་། སྤྱི་སྤྱོད་རླངས་འཁོར་དུ་ཞུགས་ཀྱང་ཤིན་ཏུ་སྟབས་བདེ་བར་འདུག་མོད། འགྲོ་རོགས་མི་བཞིའི་ཡན་ལོངས་པ་ཡིན་ན། སྒེར་འཁོར་ཞིག་གླས་ནའང་འགྲོ་སོང་ཐད་བར་ཁྱད་ཆེན་པོ་མི་འདུག་པའི་ཁར། གར་འགྲོ་གར་འདུག་གི་རང་དབང་ཆེ་ཙམ་ཡོད་པས་ངེད་ཅག་ལྷ་ས་ནས་གཞིས་ཀ་རྩེ་ལ་མེ་འཁོར་དུ་སྡོད་རྒྱུ་དང་། གཞིས་ཀ་རྩེ་ནས་དར་ཆེན་བར་ཉིན་གཉིས། དེ་ནས་གངས་སྐོར་ཉིན་གཉིས། མཐར་དར་ཆེན་ནས་སླར་གཞིས་ཀ་རྩེའི་བར་ཉིན་གཉིས་ལྟར་བྱས་ཏེ། ཁྱོན་ཉིན་དྲུག་པོའི་རིང་ལ་རླངས་འཁོར་ཞིག་གླ་རྒྱུའི་འཆར་གཞི་འཐེན། གཞིས་རྩེར་སླེབས་རྗེས་བཀྲ་ཤིས་ལྷུན་པོར་ནང་མཇལ་དང་ཕྱི་སྐོར་སོགས་བྱས་ནས་དེར་ཞག་གཅིག་བསྡད། ཕྱི་ཉིན་ནས་བཟུང་གངས་མཇལ་གྱི་ལམ་ཐིག་གི་མགོ་དངོས་སུ་ཚུགས་པ་ཡིན་ཏེ། ཉིན་དང་པོར་སླེབས་སའི་དམིགས་ཡུལ་ནི་གཞིས་རྩེ་ནས་ལམ་ཐག་སྤྱི་ལེ450ཙམ་ཡོད་པའི་ས་དགའ་རྫོང་ཡིན། ལམ་བར་སྤྱི་ལེ150ཡི་མཚམས་སུ་ཅུང་ཟད་ནུབ་ཏུ་དཀྱོགས་ཏེ་སྤྱི་ལེ25ལ་སོང་ན་ས་སྐྱ་དགོན་བཞུགས་པས། ཉིན་དང་པོར་ལམ་བར་ནས་ས་སྐྱ་དགོན་ལ་མཇལ་བའི་ལས་ཀ་ལས་མེད། ངེད་ཅག་ཞོགས་པ་ཆུ་ཚོད་བདུན་ཙམ་ལ་གཞིས་ཀ་རྩེ་ནས་ལམ་དུ་ཆས། དེས་ན་ཉིན་དང་པོའི་ལམ་ཐིག་ནི་འདི་ལྟར།གཞིས་ཀ་རྩེ།—ལྷ་རྩེ་རྫོང་།—ས་སྐྱ་རྫོང་།—ས་སྐྱ་དགོན།—ངམ་རིང་རྫོང་།—བཟང་བཟང་ཤང་།—ས་དགའ་རྫོང་།
ས་སྐྱ་ལ་ཕྲན་བུ་ལོ་དྲུག་ཙམ་གྱི་སྟེང་དྲིན་ཅན་ཕ་མས་ཁྲིད་ནས་མཇལ་མྱོང་ཡོད་ཅིང་། དེ་དུས་སྤྲང་པོ་མང་ཞིང་། ལྷག་པར་བྱིས་པ་ཁྱུ་ཁྱུ་བྱས་ནས་སློང་མོ་དང་། ལན་རེར་སྐོར་ལམ་སོགས་སུ་ལམ་པ་བྱས་ནས་གླ་ཆ་ལེན་པ་སོགས་དྲན་ཡུལ་དུ་འདུག ད་རེས་ས་སྐྱའི་ཆོས་བརྩིགས་བྲག་རི་མར་གྲགས་པ་ལ་དམིགས་བསལ་མཇལ་སྙིང་ཆེ་བས། ཞིབ་མཇལ་བླངས་པར། གསུང་རབ་ཀྱི་གླེགས་བམ་རྩིག་པ་བཞིན་དུ་གནམ་ལ་ཐུག་ཡོད་པས་རྔམས་བརྗིད་ནི་ཅི་བས་ཆེ་བ་འདུག་མོད། འཐོབ་འོས་ཀྱི་སྲུང་སྐྱོབ་ཡག་པོ་བྱེད་ཐུབ་ཡོད་མེད་ལ་དོགས་པ་འདུག་སྟེ། དཔེ་སྒྲོམ་ཤེལ་གྱི་སྒོ་ཅན་དུ་བཅུག་པས་ཕྱི་བལྟས་བདག་ཡག་པོ་བརྒྱབ་འདུག་པའི་ཁུལ་ཡོད་ཀྱང་། ཞིབ་ཏུ་བལྟས་ཚེ། དུམ་པ་མང་པོར་གླེགས་ཤིང་ལས་དཔེ་ཐུམ་མེད་པ་མང་དུ་མཆིས་ཤིང་། གླེགས་ཤིང་ལ་སའི་རྡུལ་ཆགས་པ་དང་། སྐབས་མང་པོར་རྡུལ་ཙམ་ཡང་མ་ཡིན་པར་ས་མཐུག་པོ་དུམ་པའི་སྟེང་དང་བར་བར་ལ་འཐོར་འདུག་པས། ཆུ་ཐིགས་ཟགས་ཀྱི་ཡོད་མེད། ཙི་གུ་དང་ཤིང་འབུས་བཟའ་ཡི་ཡོད་མེད་སོགས་ལ་ཞིབ་བཤེར་ཐུབ་ཀྱི་མེད་པར་སྣང་སྟེ། དེ་སྔ་མཁས་དབང་དགེ་འདུན་ཆོས་འཕེལ་ནས་རྒྱ་དཔེ་འཚོལ་ཞིབ་སྐབས“གཟིགས་དཔེ་རྣམས་ལ་ཡང་ཞབས་ཏོག་ཅི་བས་ཞན། དེ་མཚུངས་ས་སྐྱའི་སྒོ་རུམ་ལྷ་ཁང་དུ་ཡན་ལག་གཅིག་དཔེ་ཆ་ལ་རྡུལ་དཀྲུག་བྱས་པས་རྒྱ་དཔེ་པོད་ལྔ་ཙམ་འཁྲུག དེར་ཆོས་སེམས་ཅན་འགའ་ཞིག་གིས་དཔེ་འཁྲུག་པ་ཉར་ན་བཀྲ་མི་ཤིས་པ་ཡོང་ཟེར་ནས་འོག་ཁང་གི་ཕྱག་དར་ཁྲོད་དུ་འཕངས་པས་ཐམས་ཅད་ཆུད་ཟོས”ཞེས་བྲིས་གནང་པ་ལྟར་ད་དུང་ཡང་དེ་བཞིན་ལུས་ཡོད་སྣང་ཨང་སྙམ་ནས་སྐྱོ་ཤས་དུངས་དུངས་པ་རེའང་སྐྱེས། ཤོད་ཚུལ་ལ། ས་སྐྱའི་གཙུག་ལག་ཁང་གི་ཕྱིའི་ས་ཡི་གྱང་ལྡེབས་འཇིག་ཀྱང་། ནང་གི་ཆོས་ཀྱི་གྱང་ལྡེབས་མི་འཇིག་ལྟ་བུའི་ཤོད་རྒྱུན་ཡོད་མོད། དེ་ནི་ཤོད་ཚུལ་ཙམ་དུ་ཟད། ལར་དེང་སང་སེ་ར་དང་གཙུག་ལག་ཁང་མཉམ་འབྲེལ་ཐོག་བྱས་པའི་སེར་གཙུག་དཔེ་རྙིང་ཁང་དང་། གནས་ནང་དགོན་གནའ་དཔེ་ཁང་སོགས་མིག་དཔེར་བལྟ་ས་ཡང་མང་བར་འདུག་པས། དེའི་ཐད་དོན་གཉེར་ཅན་གྱིས་ངེས་པར་ཐུགས་བསམ་བཞེས་རོགས་ཞེས་གསོལ་བ་འདེབས་པ་ལགས།
དེར་མ་རྒན་ཞིག་གིས་བུ་ཆུང་ལོ་བདུན་ཙམ་པ་ཞིག་ཁྲིད་ནས་འགྲོ་བཞིན་འདུག་ཅིང་། ས་སྐྱ་པཎྜིཏའི་སྐུ་ཞིག་ལ་ཐོད་པ་གཏུག་ཞོར།“བུ། ཞལ་ལ་ཡག་པོ་ལྟོས་ཨ། ངོ་ཤེས་དགོས་གི་རེད་དཱ།”ཟེར་ནས་ཁྲིད་འགྲོ་བཞིན་པ་དང་ཕྲད་པས་ཤིན་ཏུ་ཡིད་སེམས་འགུལ་བ་ཞིག་བྱུང་།
ས་དགའ་རྫོང་ནི་མཚོ་འཕགས་རྨིད4513ན་ཆགས་པ་ཞིག་སྟེ། ས་བབ་དེ་འདྲའི་མཐོ་ཚོད་ཀྱིས་གཞི་རྒྱ་ཤིན་ཏུ་ཆེ་བའི་རྫོང་ཞིག་རེད་འདུག ངེད་ཅག་ནས་མགྲོན་ཁང་རེ་འགའ་བཙལ་མཐར་ཁང་པའི་དྲོ་འཁྱགས་དང་རིན་གོང་། ཆེ་ཆུང་གང་ཐད་ནས་བློར་འབབ་པའི་བྱང་སྐྱིད་པོ་ཟེར་བའི་མགྲོན་ཁང་ཞིག་ཏུ་བསྡད། དེར་ཕྱི་གླིང་བའང་མང་པོ་འཁོར་ས་ཞིག་རེད་འདུག་ཕྱིར། གློག་སྐས་ནང་ལྟ་སྐོར་ལ་ཡོང་བའི་ཡོ་རོབ་པ་དང་ལྷ་དབང་ཕྱུག་གི་ཕོ་བྲང་ལ་མཇལ་སྐོར་དུ་ཡོང་བའི་རྒྱ་གར་བ་སོགས་ཕྱི་གླིང་བ་མང་པོར་ཕྲད་དེ། ཡུལ་སྐོར་བྱེད་ས་གྲགས་ཅན་ཞིག་ལ་སླེབས་པའི་སྣང་བ་ཅིག་ཅར་བྱིན། ཉིན་གཉིས་པར། ས་དགའ་རྫོང་ནས་གངས་རིན་པོ་ཆེའི་མདུན་གྱི་དར་ཆེན་གྲོང་བརྡལ་ལ་འགྲོ་དགོས་སྟེ། ཁྱོན་སྤྱི་ལེ492ཡོད་ལ། ལམ་ཐིག་རགས་བསྡུས་ནི།
ས་དགའ་རྫོང་།—ཡ་རུ་ཤང་།—ལྷག་ཚང་ཤང་།—མཐོ་བརྒྱུད་ལ།(4920M)—པྲ་དུམ་རྩེ་གཙུག་ལག་ཁང་།—འབྲོང་པ་རྫོང་།—བར་ཡངས་གྲོང་བརྡལ།—ཧོར་བྲོ་ཡོད་སྤང་ཆེན།—ཀུན་བཟང་གཙང་པོའི་ཟམ་པ།—བར་ཁ་ཤང་།—མ་ཡུམ་གཙང་པོ།—མངའ་རིས་མ་ཡུམ་ལ།(5211M)—གུང་རྒྱུད་མཚོ།—མ་ཕམ་གཡུ་མཚོ།—ཧོར་པ་ཞང་།—དར་ཆེན།
ས་དགའ་རྫོང་ནས་བཟུང་ས་བབས་ཇེ་མཐོ་ལ་འགྲོ་མགོ་ཚུགས། ས་བབ་མཐོ་དྲགས་པས་ལམ་སྐབས་མཐོང་ཚད་དུ་རི་སྐེད་ནས་བཟུང་སྟེ་རི་མགོ་ཐམས་ཅད་རྩྭ་མེད་པར་སྐྱ་ཐལ་ལེར་མཆིས་ཤིང་། སྔོན་གངས་ཀྱིས་གཡོགས་པ་དག་གི་གངས་ཞུ་ནས་སྔོ་ཟིང་ངེར་འདུག་པས་ལན་རེར་ཡིད་སྐྱོ་བྱོང་ངེར་གཏོང་དུ་འཇུག ཤོད་རྒྱུན་ལ། གངས་རི་དུང་དང་འདྲ་དུས་རྒྱལ་ཁམས་བདེ། །གངས་རི་མཆོང་དང་འདྲ་དུས་རྒྱལ་ཁམས་རྒྱགས། །གངས་རི་གཡུ་དང་འདྲ་དུས་རྒྱལ་ཁམས་ཕུངས་ཟེར་བར་འདུག་སྟེ་རྒྱལ་ཁམས་ཕུངས་ལྟས་ཤིག་ཨེ་ཡིན། དེ་ལྟ་ནའང་། རྩྭ་ཆུ་འཛོམས་པའི་ན་སྤང་ཡངས་པོ་རེ་ཡང་ཡོད་ཅིང་། ན་རྩྭ་ན་ཆུ་ལ་རོལ་བའི་རྟ་ནོར་ལུག་གསུམ། བར་བར་ཁྲུང་ཁྲུང་དང་། རྐྱང་གི་ཁྱུ། དགོ། གཙོད། སྤྱང་སོགས་ཀྱང་མཐོང་དུ་འདུག་ཕྱིར། དེ་འདྲའི་སྐྱོ་ཉམས་ཀྱིས་ཁེངས་པ་ཞིག་ཀྱང་མིན་པར་འདུག ལམ་བར་རིམ་པ་བཞིན་ཇོ་བོ་གྱོང་གངས་རི། སྤུན་གསུམ་རི་ཁྲོད། ཡ་རུ་ཤང་། ཤྲི་དར་རྒྱས་གླིང་དགོན། ལྷག་ཚང་ཤང་། མཐོ་བརྒྱུད་ལ།(4920M)སོགས་བརྒྱུད་དགོས་ཀྱི་ཡོད་ལ། ས་དགའ་ནས་སྤྱི་ལེ145ལྷག་གི་མཚམས་སུ་ཡང་འདུལ་གྱི་གཙུག་ལག་ཁང་བཞི་ལས་པྲ་དུམ་རྩེ་གཙུག་ལག་ཁང་ལམ་གྱི་གཡོན་འགྲམ་ཏག་ཏག་ལ་མཆིས་པས། ངེད་ཅག་ཆེད་དུ་མཇལ་བར་ཆས། འདི་ལ་དཔྲལ་མདུན་དང་། སྐྲ་བདུན་དགོན་ཞེས་ཀྱང་གསལ་ལ་དེ་བཞིན་གྱི་བཤད་ལུགས་ཀྱང་སྣང་མོད། པྲ་དུམ་མམ་པྲ་དན་ཙེ་ཞེས་པ་དོན་དམ་པར་ཞང་ཞུང་སྐད་ཡིན་ལས་ཆེ་སྟེ། སྔོན་ས་ཕྱོགས་དེ་ནི་སྤུ་རྒྱལ་གྱིས་ཆབ་འོག་ཏུ་བཅུག་པའི་ཞང་ཞུང་གི་ས་ཆ་ཡིན་ལ། མཐའ་འདུལ་ཡང་འདུལ་ཞེས་ཐོགས་དོན་ཡང་སྤུ་རྒྱལ་མངའ་རིས་ཀྱི་མཐའ་ལ་གོ་བ་ཡིན། དེ་ལ་རང་རེའི་གྲགས་པ་ཆེ་བའི་སྲིན་མོ་གན་རྐྱལ་དུ་འགྱེལ་བའི་ས་བཀྲ་ལས་གཙུག་ལག་ཁང་འདི་ཉིད་སྲིན་མོའི་པུས་མོ་གཡོན་པར་བཏབ་ཡོད་ལུགས་དཔའ་བོ་གཙུག་ལག་ཕྲེང་བས་བཞེད། གཙུག་ལག་ཁང་འདི་དུས་འགྱུར་ཟིང་འཁྲུག་སྐབས་ལ་གཏོར་བརླག་ཆེན་པོ་བྱུང་འདུག་ཅིང་། ད་ཆ་གཙོ་སྐུ་སྟོན་པ་བཅོམ་ལྡན་འདས་དང་སློབ་དཔོན་པད་འབྱུང་། རྗེ་བཙུན་སྒྲོལ་མའི་སྐུ་སོགས་བཞུགས་ཤིང་། འདུ་ཁང་གཙོ་བོ་དེའི་སྒོ་ཐེམ་རིམ་པ་གཉིས་ཅན་དང་གཤམ་མ་དེ་ལ་ཁུང་བུ་ཞིག་འདུག་པར། དེར་མི་ཞིག་པུས་ཚུགས་སུ་བསྡད་ཅིང་མར་བསྒུར་ནས་ནང་ལ་གཡས་ལག་བསྲིངས་ཤིང་རྣ་གཡས་པས་ཐེམ་ཐོག་དེར་ཉན་གྱིན་འདུག ཅི་བྱེད་ཀྱི་ཡོད་དྲིས་པར། རླུང་ལ་ཉན་གྱིན་ཡོད་ཟེར། ཁོའི་རྗེས་སུ་མི་གསུམ་ཙམ་གྲལ་བསྒྲིགས་འདུག དེར་རླུང་སྒྲ་ཐོས་ཐུབ་ཏེ། གཙུག་ལག་ཁང་འདི་ནི་འབྱུང་བ་རླུང་གི་ཁ་གནོན་དུ་བཞེངས་པས་ཡིན་སོགས་ཟེར་མོད། ཁོ་བོ་མ་ཐེམ་དེར་རླུང་རྒྱུ་ཡི་ཡོད་མེད་སོགས་ལ་སྤྲོ་བ་ཅང་མ་འཕེལ།
དེ་ནས་རྟ་མཆོག་གཙང་པོ་བརྒྱུད་མུ་མཐུད་བྱང་དུ་ཆས་ཚེ། འབྲོང་པ་རྫོང་ཁོངས་སུ་གཏོགས་པའི་བར་ཡངས་གྲོང་བརྡལ་ལ་སླེབས་ཐུབ་ཅིང་། གྲོང་བརྡལ་དེ་བརྒལ་མ་ཐག ན་སྤང་ཤིན་ཏུ་ཡངས་མོ་རྩྭ་ཆུས་ཕྱུག་པ་ཞིག་མཆིས་ཏེ། དེར་ལམ་བྱང་ཞིག་བཀལ་འདུག་པར་སྟེང་ལ་ཧོར་བྲོ་ཡོད་རྩྭ་ཐང་ཆེན་མོ་ཞེས་གསལ་ལ་མིང་དོན་མཚུངས་པ་ཞིག་ཏུ་སྣང་། ལམ་འགྲམ་གཡས་གཡོན་ལ་བསྡུར་ཚེ། ས་སྐྱ་དང་ངམ་རིང་། འབྲོང་པ་གསུམ་ལས་འབྲོང་པའི་ས་བཟང་བར་འདུག
དེའི་རྗེས་ཀུན་བཟང་གཙང་པོའི་ཟམ་པ་བརྒྱུད་བར་ཁ་ཤང་ལ་སླེབས། དེ་ནས་མ་ཡུམ་གཙང་པོ་བརྒྱུད་ཟིན་དུས་འབྲོང་པ་རྫོང་ལས་ཐོན་ཟིན་པ་ཡིན་ལ། དེ་ནས་བཟུང་མངའ་རིས་ས་ཁུལ་ལ་འབྱོར་བ་སྟེ། རང་རེའི་སྐོར་གསུམ། རུ་བཞི། སྒང་དྲུག་ཅེས་རིས་སུ་གཅོད་ལུགས་ལྟར་ན་སྐོར་གསུམ་ལས་སྤུ་ཧྲེང་གངས་ཀྱིས་བསྐོར་བ་ཞེས་བྱ་བ། འཇིག་རྟེན་མིག་གཅིག་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོའི་ཕ་ཡུལ་དུ་འབྱོར་བ་ཡིན་ནོ། །
མངའ་རིས་སྤུ་ཧྲེང་ལ་སླེབས་པའི་ལ་རྩེ་དང་པོ་ནི་མ་ཡུམ་ལ་ཞེས་པ་སྟེ།“མར་ཡུག་ལ”ཞེས་ཀྱང་གསལ། མཚོ་འཕགས་ལ་རྨིད5211འདུག ལ་དེ་བརྒལ་ནས་ཤོད་དུ་བབས། དེ་ནས་གུང་རྒྱུད་མཚོ་ཞེས་པའི་འགྲམ་བརྒྱུད་མུ་མཐུད་སྤྱི་ལེ75ཙམ་སོང་ཚེ་གཞི་ནས་མ་ཕམ་གཡུ་མཚོའི་མགྲམ་ལ་སླེབས་ཀྱི་འདུག་སྟེ། མ་ཕམ་གཡུ་མཚོ་ནི་ཕར་གངས་སྐོར་ལ་ཆས་ལམ་གྱི་གཡོན་འགྲམ་དུ་ཡོད་ཅིང་། མཚོ་ཁར་འགྲོ་སའི་གཞུང་ལམ་གྱི་གཡས་གཡོན་དུ་མཚོ་རྡོ་སྣ་ཚོགས་དང་། གངས་སྤོས། མཚོ་སྤོས་སོགས་འཚོང་སའི་ཐང་ཚོང་མང་པོ་བསྒྲིགས་ཡོད་པ་མཐོང་ཐུབ་ལ། ཐང་ཚོང་དེ་དག་དང་ཉེ་བར་བཅར་ཚེ། སྐམ་དུ་བཅུག་པའི་ཉ་ཤ། ཆེ་ཆུང་ལ་བྱིས་པའི་ལག་ངར་ཙམ་པ། མདོག་སྔོ་ནག་དང་སེར་ཤ་འཐིམ་པ་དེ་དག་མཐོང་ཐུབ་པས། བོད་ཡུལ་ནས་བོད་པ་ཚོས་ཉ་ཤ་བཤམས་ནས་འཚོང་བཞིན་པ་དེ་མཐོང་དུས་དང་པོའི་ཆར་བག་མི་བདེ་བ་ཞིག་འབྱུང་མོད། མ་ཕམ་གཡུ་མཚོའི་ཉ་ཤ་བཟས་ཚེ་བྱིས་པ་བཙའ་དཀའ་བ་ལ་སོགས་པའི་ནད་ལ་ཕན་ཟེར་བ་དང་། མ་ཕམ་ཉས་དམར་ཟས་མི་བཟའ་བར་དཀར་ཟས་བཟའ་བས་ཡ་སོ་ཡོད་མ་རེད། ནད་ལ་ཕན་ཐོགས་དོན་ཡང་དེ་ཡིན་སོགས་ཟེར་དུས་བོད་པ་ཉ་ཟ་མ་མྱོང་བ། ཉ་ཟ་བར་འཛེམ་པ་དག་ནས་ཀྱང་ཉ་སྐམ་ཉོ་བའི་སྟ་གོན་ཨང་གསར་བྱེད་དོ། །
ང་ཚོས་ལམ་ཁ་དེ་བརྒྱུད་ནས་ཕར་གཡུ་སྔོན་ཞུན་མ་ཐང་ལ་འཁྱིལ་འདྲའི་མཚོ་མ་ཕམ་གྱི་མཚོ་འགྲམ་དུ་ཕྱིན། དེར་མི་མང་པོས་མཆོད་འཕེན་པ་དང་པར་ལེན་པ་སོགས་བྱེད་ཀྱི་འདུག་ཅིང་། དེ་དུས་གནམ་ངོ་ཐང་། རླུང་བུ་འཇགས། མཚོ་ཆུ་དྭངས། ནང་དགོས་ཆེས་རྒྱང་རིང་པོའི་སར་གངས་དཀར་ཏི་སེའང་མཇལ་ཐུབ་པར་འདུག་ལ། མཚོ་མ་ཕམ་ནི་གངས་རིན་པོ་ཆེ་ལ་མཆོད་པ་ཕུལ་བ་དང་འདྲ་ཕྱིར། ཡུལ་ལྗོངས་མཛེས་པའི་སྟེང་ལ་དང་དད་ཀྱི་དགའ་ཚོར་ཆེན་པོ་སྐྱེས་ཏེ། སྙིང་ལ་འདར་ཤ་སྟེར་ནུས་པ་ཞིག་འདུག་ཅིང་། རང་རེའི་ལོ་རྒྱུས་ཐོག་གྲགས་པ་ཆེ་བའི་རླངས་ཀྱི་གདུང་རྒྱུད་ཐོག་མ་ནི་མཚོ་མ་ཕམ་པའི་འགྲམ་དུ་བཙས་པར་གྲགས་པའང་དོན་ལ་གནས་སྙམ་པ་བྱུང་། དེ་ལྟར་མཚོ་མཇལ་ཡིད་ཚིམས་པ་བླངས། རང་རེའི་ཤོད་རྒྱུན་ལ་མཚོ་འདི་གཅིག་པུར་ཡན་ལག་བརྒྱད་ལྡན་གྱི་ཡོན་ཏན་ཆ་ཚང་བར་གྲགས་པས་མཚོ་ཆུའང་ཡང་ཡང་བཏུང་། མ་ཕམ་མཚོ་འདི་ཉིད་སྤྱི་ཟླ་བཅུ་གཉིས་པའི་དཀྱིལ་ཙམ་ནས་མཚོ་དར་ཆགས། སྤྱི་ཟླ་བཞི་པའི་དཀྱིལ་ཙམ་ལ་མཚོ་དར་ཞུ་ནས་མཚོ་ཞལ་ཕྱེ་བ་ཡིན་ཟེར་ཏེ། མཚོ་སྐོར་ལ་སྤྱི་ལེ84ཡོད་འདུག་པས། རྐང་ཐང་ལ་ཉིན་གསུམ་ནས་བཞི་དང་བརྐྱངས་ཕྱག་མཚལ་བར་ཉིན28ཙམ་དགོས་པར་བཤད། མཚོ་མ་ཕམ་པའི་ནུབ་ཕྱོགས་ཀྱི་འགྲམ་དུ་མཚོ་ཞིག་འདུག་པ་ལ་ལང་ཀ་མཚོ་ཟེར་ཞིང་། ལང་ཀ་སྲིན་པོའི་མཚོ་ཡིན་པས་གངས་མཇལ་མཁན་དག་གིས་བསམ་བཞིན་དེའི་ཕྱོགས་ལ་མི་ལྟ་མཁན་ཡང་ཡོད་པར་གྲགས་ལ། མིང་གཞན་ཏུ་ལ་ངག་གསེར་མོ་མཚོ་ཞེས་ཀྱང་གྲགས་པར་འདུག དེ་ནས་ཏི་སེའི་ཕྱོགས་ཀྱི་གཞུང་ལམ་དུ་སླར་ལོག ཧོར་པ་ཞང་བརྒྱུད་མུ་མཐུད་སྤྱི་ལེ26ཕྱིན་ན་གཞི་ནས་ཏི་སེའི་མདུན་ཕྱོགས་སུ་ཆགས་པའི་དར་ཆེན་གྲོང་ལ་སླེབས་ཐུབ་པར་འདུག་གོ །
གངས་སྐོར།
དར་ཆེན་གྲོང་ནི་མཚོ་འཕགས་རྨིད4810ཙམ་ལ་ཆགས་ཤིང་མགྲོན་ཁང་ཆེ་ཆུང་མང་པོས་གང་བའི་གྲོང་བརྡལ་ཆུང་ངུ་ཞིག་སྟེ། ལོ་རེའི་སྤྱི་ཟླ་བཞི་པ་ནས་སྤྱི་ཟླ་བཅུ་པའི་བར་ནི་གངས་སྐོར་དུས་ཚོད་ཡག་ཤོས་ཡིན་པས་དེའི་རིང་ལ་མགྲོན་ཁང་གི་ཁང་མིག་མང་ཆེ་ཤོས་རིན་གོང་ཉིས་བརྒྱ་ལྔ་བཅུ་ཡན་དུ་འདུག་ཅིང་། རེ་ཟུང་མ་གཏོགས་སྦྱིན་བདག་ཆ་ཚང་རྒྱ་མི་རེད་འདུག་རྐྱེན། ས་གནས་ཀྱི་བོད་པ་དག་གིས་ས་ཡག་པོ་དེ་འདྲའང་ཟིན་མི་འདུག་སྙམ་པའི་ཕངས་སེམས་ཤོར། དེར་བོད་ཟས་ཁང་ཞིག་ཏུ་ནུབ་ཇ་བཏུང་རྗེས། བོད་མིས་གཉེར་བའི་མགྲོན་ཁང་སྟབས་བདེ་ཞིག་ཏུ་གནས་ཚང་བཟོས།ཕྱི་ཉིན་ཞོགས་པར་ཆུ་ཚོད་བཞི་ཕྱེད་ལ་ཡར་ལངས་ཤིང་ལྔའི་སྟེང་ནས་ལམ་དུ་ཆས་པར། སྐོར་བ་བྱེད་མཁན་རེ་འགའ་དེ་སྔ་ནས་ལམ་དུ་ཆས་ཟིན་འདུག་ཅིང་། ཡུན་གྱིས་གློག་ཞུ་དང་འཁར་བ་ཐོགས་མཁན་དག་གཅིག་རྗེས་གཉིས་མཐུད་ཀྱིས་ཇེ་མང་དུ་འགྲོ། དབྱིན་སྐད་དུ་ལི་གྷྀ(league)ཞེས་པའི་ཐ་སྙད་ཅིག་ཡོད་དེ། དེས་རིང་ཚད་སྟོན་པའི་སྐབས་ལི་གྷྀ་གཅིག་ནི་མི་དར་མ་ཞིག་དུས་ཚོད་གཅིག་རིང་ལ་འགྲོ་ནུས་པའི་ཚད་སྤྱི་ལེར་བསྒྱུར་ན་སྤྱི་ལེ4.8ཙམ་ཡིན་ལ། རང་རེའི་བརྩི་ཚོད་ལྟར་བྱས་ན་ཏག་ཏག་དཔག་ཚད་གཅིག་གི་རིང་ཐུང་རེད་འདུག དེས་ན་སྐོར་ལམ་རིང་ཐུང་ལ་ཁྱོན་སྤྱི་ལེ52(km)ཡོད་པས་ལི་གྷྀའམ་དཔག་ཚད་བཅུ་གཅིག་མ་སོན་ཙམ་སྟེ། མི་དར་མ་ཞིག་ཡིན་ཚེ་དུས་ཚོད11གིས་སྐོར་ཁ་འགྲུབ་ནུས་པ་ཡིན་ཕྱིར། ཉིན་གཅིག་རིང་སྐོར་མཁན་ཡང་ས་དེ་གར་མང་པོ་འདུག ངེད་ཅག་ནས་ཉིན་གཉིས་བྱས་ཡོད་དེ། ཉིན་གཉིས་རིང་གི་ལམ་ཐིག་ནི་གཤམ་ལྟར་བཀོད་སྒྲིག་བྱས་ཆོག་པར་འདུག
ཉིན་དང་པོ: དར་ཆེན་གྲོང་།—ཕྱག་མཚལ་སྒང་ངམ་དར་མོ་ཆེ་ཡོད་ས།—ཆོས་སྐུ་དགོན[(9km)ཇ་ཚིགས་དང་པོ]—འབྲི་རྭ་དགོན[(20km)ཇ་ཚིགས་གཉིས་པ]—སྒྲོལ་མ་ལའི་ལ་སྐེད[(26km)ཇ་ཚིགས་གསུམ་པ་དང་ཞག་སྡོད་བྱེད་གནས]
ཉིན་གཉིས་པ: སྒྲོལ་མ་ལའི་ལ་སྐེད།—དུར་ཁྲོད།—སྒྲོལ་མ་ལའི་ལ་རྩེ།—སྒྲོལ་མ་ལའི་ལ་རྩ[(31km)ཇ་ཚིགས་བཞི་པ)—རྫུ་འཕྲུལ་ཕུག་དགོན[(42km)ཇ་ཚིགས་ལྔ་པ—ཉིན་གསུམ་ལྟར་བཀོད་སྒྲིག་བྱེད་ན་འདིར་ཞག་སྡོད་བྱས་ཆོག]—དར་ཆེན་གྲོང་།(52km)
སྤྱི་ལེ་གཉིས་ཙམ་སོང་མཚམས་སུ་སྐོར་མཁན་མི་རྒན་པ་ཞིག་གིས“སྐོར་གླ་བྱེད་དུ་འགྲོ་ཨེ་དགོས། མིའི་ཚབ་ལ་སྐོར་བ་བྱེད་དུ་འགྲོ་ཆོག ངེད་ཕ་བུ་གཉིས་ཡོད”ཟེར་ནས་ངེད་ཚོའི་མདུན་ཕྱོགས་ན་འགྲོ་བཞིན་པའི་གསར་བུ་ལྭ་བ་ནག་པོ་ཅན་དེ་བསྟན།
ཐོག་མའི་ཆར་ངེད་ཚོས་ཁོས་ཅི་ཟེར་གྱི་ཡོད་ཧ་མ་གོ་མོད། དེ་ནས་དོན་གོ་སོང་། ངས་དངུལ་ག་ཚོད་དགོས་དྲིས་པར། “སྐོར་བ་གཅིག་ལ་སུམ་བརྒྱ་ཡིན”ཟེར།
ཕ་ལ་དེ་སྐད་ལབ་ནས་རྨོ་མོ་ལོ་དགུ་བཅུ་ཅན་གྱི་ཚབ་ལ་བྱེད་དུ་བཅུག་ན་ཇི་འདྲ་དྲིས་པར། ཁོང་ནས“དེ་འགྲིག ངས་སྟེར”ཟེར་ནས་སུམ་བརྒྱ་བླངས་ཏེ། མི་རྒན་པ་དེའི་མིང་དང་ཡུལ་དྲིས།“ཉི་མ་དབང་འདུས། ངམ་རིང་རྫོང་གི་ཡིན”ཟེར། དེ་ནས་ཕ་རྒན་ནས་ཁོའི་ཕ་མའི་མིང་གསལ་བོར་སྨྲོས་ཏེ། ཕ་མ་གཉིས་ཀྱི་ཚབ་ལ་ངམ་རིང་རྫོང་གི་ཉི་མ་དབང་འདུས་ལགས་ཁྱེད་རང་ནས་སྐོར་བ་གཅིག་རྒྱག་རོགས་ཞུ། ཁ་དྲོ་བཀྲ་ཤིས་ཟེར་ཞོར་དངུལ་ཁོའི་ལག་ལ་སྤྲད། ཉི་མ་དབང་འདུས་ཁོང་ནས་ཀྱང་སོ་སོས་བསྒྲུབ་འགྱུར་གྱི་དགེ་བའི་རྩ་བ་གང་ལགས་པ་དེ་མི་ཁྱོད་ཀྱི་ཕ་མ་གཉིས་ལ་འཐོབ་པར་ཤོག་ཅེས་པའི་སྨོན་ལམ་བརྒྱབ། ཁོ་བོས་གངས་སྐོར་རྗེས་ནས་རྒྱུས་ལོན་བྱུང་བ་ནི། ཧུ་པེ་ཡི་རྒྱ་མི་ཞིག་གིས་ཀྱང་དྲ་ལམ་ཁག་ཏུ་སྐོར་གླ་བྱེད་ཀྱི་ཡོད་ལུགས་སྒྲོག་གིན་འདུག་པར། རྒྱུས་ལེན་ཆེད་དུ་སྐད་ཆ་བྱས་པར། ཁོས་སྐོར་ལམ་གྱི་བརྙན་དང་པར་འགའ་བསྐུར་ནས་།“ཆོས་གྲོགས་ལགས། ངས་སྐོར་ལམ་ནས་ཁྱོད་ལ་དངུལ་ཡོན688ཅན་གྱི་དར་ལྕོག་ཅིག་འདོགས། དགེ་རྩ་སླར་འཁོར་དར་ལྕོག་ཅིག 388ཅན་གྱི་མཆོད་མེ་ཞིག་སྒྲོན། ཉིན་ཞག་བཞི་འབར་ཐེ་ཚོམ་མེད། 128ཅན་གྱི་ཁ་བཏགས་ཤིག་འབུལ། བཀྲ་ཤིས་བདེ་ལེགས་ངེས་པར་མཚོན། འབྲི་རྭ་དགོན་ནས188ཀྱིས་སྲུང་ཁུར་ཞིག་བླུ། མྱུར་སྐྱེལ་བརྒྱུད་ཚེ་ངེས་འབྱོར་ཡིན”ཟེར། སྐྱེ་བ་འདིའི་རིང་ལ་དར་ལྕོག་དེ་འདྲ་ཞིག་འདོགས་མྱོང་མེད། རིན་གོང388ཡིན་པའི་མཆོད་མེ་ཞིག་ཡོད་པའང་ཐོས་མྱོང་མེད། 128ཅན་གྱི་ཁ་བཏགས་ཤིག་དར་ཟབ་ཀྱིས་བཟོས་པ་ཨེ་ཡིན། འབྲི་རྭ་དགོན་སྲུང་ཁུར་ཆེད་ཚོང་ཁང་ཡིན་ནམ། རྒྱུ་ནོམ་པ་རིག་དུས་ཁ་དཔག་ཚད་ཀྱིས་ཇེ་ཆེར་གྱུར་འགྲོ་བ་འདི་སྲོག་ཆགས་རིགས་གང་ལ་གཏོགས། ཁོས་ད་དུང་ད་སྔོན་སྐོར་བ37བླངས་ཟིན། ཁྱེད་ལ་གཅིག་བྱས་ཚེ། དེ་སྔོན་གྱི་སྐོར་བ37པོའི་དགེ་རྩ་ཡང་ཁྱོད་ལ་ཐོབ་ཡོང་བ་ཡིན་ཟེར། ཁྱོད་ལ་ནུས་མཐུ་ཆེ་བ་ལ། དག་སྣང་ཆེ་བ་ལ། རྗེ་མར་པའང་སེམས་འགུལ་ཐེབས་ནས་ཁྲི་ལས་བབས་ཡོང་བ་འདྲ། ངས་གད་མོ་དང་ཁོང་ཁྲོ་བསྲན་ཚུགས་པར་བྱས་ནས་གོ་སོང་། སྐོར་བ་རྐྱང་པ་བྱས་ན་ག་ཚོད་ཡིན་དྲིས་པར། སྟོང་གཅིག་ཏག་ཏག་ཡིན། ཆོས་གྲོགས་ལགས་ཟེར། ད་དུང་ཞོར་ལ་མ་ཕམ་མཚོའི་བརྙན་དུམ་ཞིག་ཀྱང་བསྐུར་བྱུང་། འདི་ཚོ་ཞེ་མེར་བ་ལ། འདི་ལྟར་སྐོར་གླ་འགྲོ་མཁན་གྱི་རྒྱ་མི་རེ་འགའ་དྲ་ལམ་ནས་མཐོང་། སྤྱིར་ན་སྐོར་གླ་ཟེར་བ་འདི་མི་དར་བ་ཞིག་མིན་ཀྱང་། འདི་ལ་དད་པ་དག་སྣང་གིས་མ་ལོངས་ན་དགེ་ཕན་ཨེ་ཡོད། ཚོང་གཉེར་ནའང་རྒྱུ་འབྲས་དྲང་བཞག་གིས་མི་གཉེར་བ། ལྷག་དོན་གཞན་གྱི་དད་པ་དང་རེ་འདུན་བེད་སྤྱད་ནས་ཚུལ་མིན་གྱིས་རྒྱུ་འབྱོར་འཚོལ་བ་འདིའི་རིགས་ལ་ཁ་བ་རི་བའི་སྤུན་ཟླ་དག་ནམ་ཡང་མི་འཇུག་པར་འཚལ་འཚལ།
དེ་ནས་མུ་མཐུད་ཁྱོན་སྤྱི་ལེ་དྲུག་ཙམ་སོང་ཚེ། བར་ཐག་ལ་གོམ་པ་བཅུ་ཙམ་གྱི་མཆོད་རྟེན་དཀར་ཆུང་གཉིས་ཀྱི་བར་ནས་འགྲོ་དགོས་ཤིང་། དེ་ནས་མུ་མཐུད་གོམ་པ་ལྔ་བརྒྱ་ཙམ་སོང་ཚེ། མཆོད་རྟེན་ཅུང་ཟད་ཆེན་པོ་གཤམ་འོག་ཏུ་དྲིལ་བུ་ཆེན་པོ་དྲིལ་ལྕེ་ནས་བཟུང་སྟེ་བདུངས་ཞོར་སོང་ཆོག་པ་ཞིག་འདུག་ཅིང་། མཆོད་རྟེན་དེའི་འོག་བརྒྱུད་མུ་མཐུད་སོང་ཚེ། ལག་པ་གཡོན་པའི་བྲག་གི་ལྡེབས་ངོས་སུ་ལྷ་ཁང་ཉུང་ངུ་འགའ་ཤས་བཞུགས་པ་དེ་ནི་ཆོས་སྐུ་དགོན་རེད་འདུག དེར་ཇ་ཚིགས་དང་པོ་བྱས་ཆོག་སའི་བོད་ཟས་ཁང་ཞིག་མཆིས། སྤྱིར་དབུས་གཙང་མངའ་རིས་དང་བཅས་པའི་ཆོས་ཀྱི་ཆོལ་ཁ་འདིར་མཆིས་བོད་ཟས་ཁང་ཆ་ཚང་ནས་ཇ་དེམ་ཞིག་ཉོས་རྗེས་རང་གིས་ཁྱེར་བའི་ཤ་མར་ཐུལ་རྩམ་དང་སྟབས་ཐུག་གི་རིགས་ཅི་དགར་བཟས་ཆོག་པར་འདུག་སྟེ། ངེད་ཀྱི་ཁང་པ་འདི་ཟ་ཁང་ཡིན་པས་ཟ་མ་ཁྱེར་ཡོང་ན་མི་འགྲིག་སོགས་དང་ཡང་ན་མྱུར་ཙམ་ཟོ་དང་། མགྲོན་པོ་གཞན་པས་ཀྱང་བསྒུག་བསྡད་འདུག་སོགས་ནི་ཧ་ལམ་གཏན་ནས་མི་འབྱུང་བར་འདུག
སྐོར་ལམ་དུ། རྒན་དར་གཞོན་གསུམ། རྒྱ་བོད་སོག་གསུམ་ཕྱི་གླིང་བ་སོགས་ནས་བན་སྐོར་བོན་སྐོར་སོ་སོའི་ལུགས་ལྟར་ཆད་མེད་དུ་རྒྱུ་བར་འདུག་ཅིང་། མིག་དབང་འགུགས་ཤིང་ཤིན་ཏུ་རྗེས་སུ་ཡི་རངས་བྱེད་ས་ནི་རྡོ་རུག་དང་རད་རོད། བྱེ་འདམ། བཞུར་ཆུ་ལ་སོགས་པར་ཅུང་ཟད་ཀྱང་མི་གཡོལ་བར་བརྐྱངས་ཕྱག་མཚལ་མཁན་དག་རེད་དེ། ཁོང་ཅག་མཐོང་ནས་ཁོ་བོའི་མེས་པོར་གཏོགས་པ་མིང་ལ་འཇམ་དབྱངས་དང་ངེད་ཅག་ནས་ཨ་ད་འཇམ་དབྱངས་ཞེས་སུ་འབོད་པ་ཞིག་ཡོད་པ་དེ་ཕྲན་བུའི་ཡིད་དུ་ཡང་ཡང་ཤར། ཁོང་ཉིད་མི་ཤིན་ཏུ་རྒོད་པོ། ཁམས་དང་དབུས་གཙང་གི་ལུང་པ་ཁག་བཤད་མ་དགོས་ཀྱི་དེ་སྔ་བཅིངས་འགྲོལ་སྔོན་ནས་རྒྱ་གར་ཀ་ལོན་སྦུག ཀ་ལི་ཀ་ཏ་སོགས་ལ་ཐེངས་གསུམ་ཙམ་འགྲོ་མྱོང་ཡོད་པར་གྲགས་ཤིང་། ཁོང་གིས་དུས་རབས་གོང་མའི་ལོ་རབས་དགུ་བཅུ་བའི་ནང་ལ་གངས་རིན་པོ་ཆེར་བརྐྱངས་ཕྱག་གིས་བསྐོར་མྱོང་འདུག་སྟེ། ཁོང་ནས་གངས་ཏི་སེར་རྡོ་ལ་ཐུག་ན་རྡོ། འདམ་ལ་ཐུག་ན་འདམ། ཆུ་ལ་ཐུག་ན་ཆུ་བྱས་ནས་ཕྱག་བསྐོར་བྱས་ཚུལ་དང་། ལམ་བར་ལུས་པོ་ན་ནས་འཆི་གྲབས་བྱས་པ་ལ་ཁོང་གིས་དུར་ཁྲོད་དང་ཐག་ཇེ་ཉེར་བཏང་སྟེ། གལ་སྲིད་ཤི་བྱུང་ཚེ། ང་རང་དུར་ཁྲོད་དུ་འདྲུད་མཁན་ཞིག་ཡོད་སྙམ་ནས་ཉལ་བསྡད་པར། དེར་བན་བོན་གྱི་ཕྱག་སྐོར་བྱེད་མཁན་མང་པོས་ལ་ལས་སྨན་དང་ལ་ལས་ཟས་བྱིན། དང་པོའི་ཆར་ངེད་ཅག་གི་གྲུབ་མཐའི་ཕྱོགས་ཞེན་གྱི་ནད་རྙིང་གིས་ཁོང་གིས་ཀྱང་བོན་པོས་བྱིན་པའི་ཟས་མི་བཟའ་བསམ་མོད། ཡུན་གྱིས་ཁོ་ཚོས་བྱིན་པའི་ཟས་བཟས། སྨན་འཐུང་མཐར་དྲག་སྐྱེད་བྱུང་ནས་ཕྱག་སྐོར་ལེགས་པར་གྲུབ་ཟེར། སྤྱིར་ན་མི་རབས་གསར་པ་དག་ལ་གྲུབ་མཐའ་དང་ཆོལ་ཁའི་དབྱེ་ཕྱོགས་ཀྱི་ནད་རོ་ཡོད་ན་མི་འོས་པ་ལ། ཕྲན་རང་ལ་དེའི་ཐད་རྣམ་རྟོག་ཅུང་ཟད་ཀྱང་མེད་པ་ཞིག་ཡིན་པ་དང་། ཡང་རང་རེར་བོན་བསྟན་ལ་དད་པ་བྱེད་མཁན་ཉུང་ངུ་ཞིག་ལས་མེད་པ་དེ་དག་གིས་ཉུང་ཁ་མང་གིས་ཁྱེར་བའི་འཐེན་འཁྱེར་དམའ་འབེབས་དང་། རྣམ་རྟོག་འཕྱ་དམོད་ལ་ཅི་མི་སྙམ་པར་རང་ལུགས་འཛིན་པ་ནི་གཟི་བརྗིད་ཅིག་ཏུ་མཐོང་རྐྱེན། བོན་སྐོར་བྱེད་པ་ཞིག་སྔོན་ནས་ཚུར་ཡོང་ཚེ་གོ་སྐབས་ཅི་འགྲིག་གིས་ཕར་བཀྲ་ཤིས་བདེ་ལེགས་ཞུས། ཁོ་ཚོས་ཀྱང་ཚུར་བཀྲ་ཤིས་བདེ་ལེགས་ཞེས་འཛུམ་དང་བཅས་ལན་ཡོང་བར་འདུག
ལམ་བར་དུ་ཨ་མ་རྒན་མོ་ལོ་བདུན་ཅུ་ལྷག་ཙམ་ཞིག་འགྲོ་ཡི་འདུག་པར། ཕར་འཛུམ་ཙམ་བྱས་པར། ཕ་ཡུལ་ག་ནས་རེད། ཅེས་དྲིས་བྱུང་། ངས་ཨ་མདོ་ནས་ཡིན། ལབ་པར། ཡ་ཡ། ཡག་པོ་འདུག་ཟེར། ཁྱེད་ག་ནས་རེད་དྲིས་པར། འབའ་ལི་ཐང་གི་རེད། འབའ་ལི་ཐང་ཧ་ཨེ་གོ་ཟེར། གོ་གོ་ལབ། མོས་འབའ་ལི་ཐང་རྐུན་མའི་ས་ཆ་རེད་ཟེར་བ་རེད། དེ་གོ་མྱོང་ངམ་ཟེར། དེ་གོ་མ་མྱོང་མོད། འབའ་ལི་ཐང་ཧ་གོ་བྱས། མོས་འབའ་ལི་ཐང་རྐུན་མའི་ཕ་ས་རེད། ཟེར་མི་ཉན་སྐྱབས་མགོན་འཁྲུངས་ཡུལ་རེད་ཅེས་ཟེར་བ་རེད། དེ་གོ་མྱོང་ཨེ་འདུག་ཟེར། དེ་གོ་མ་མྱོང་ཞེས་བཤད་པར། ཧེ་ཧེ། དེ་ཟེར་གི་རེད་དཱ། ང་ཚོ་འབའ་ལི་ཐང་མི་རྒོད་པོ་ཡོད་རེད་ཟེར། མོའི་ཟེར་བའི་སྐྱབས་མགོན་ནི་སྐྱབས་མགོན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་འབའ་ལི་ཐང་ནས་འཁྲུངས་པ་དེར་གོ་བའམ། ཡང་ན་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ལ་གོ་ཡི་ཡོད་ས་རེད། སྐབས་དེར་ངས་དེའི་སྐོར་དྲི་བ་བྱེད་ལོངས་མ་བྱུང་།
ངེད་གཉིས་ཀྱི་མདུན་ཕྱོགས་དེར་འབྲོག་པ་མི་ཚང་། ནོར་ལྷས་སུ་མཛོ་མོ་གཉིས་བཏགས་པ་ཞིག་འདུག་སྟེ། མོས་དེ་མཐོང་རྗེས། མོ་རང་ཡང་འབྲོག་པ་ཡིན་མོད། ལོ་ཉེར་གཅིག་སྟེང་རོང་གི་སར་མནའ་མར་སོང་བ་ཡིན་ཟེར། མོས་ད་དུང་ཁྱོད་རང་ངའི་ཚ་བོ་ཞིག་དང་ཤིན་ཏུ་འདྲ་བོ་འདུག་ཟེར་ནས་ཤིན་ཏུ་དགའ་དགའ་བྱས་ཤིང་། མི་རིང་བར་ཇ་ཚིགས་དང་པོ་བྱེད་ཆོག་ས་ཞིག་འདུག་པ་དེར་སླེབས་པས། དེར་ཡང་རྩམ་པ་དང་མར་ཕྱུར་ཤ་སྐམ་སོགས་མཉམ་སྤྱོད་བྱས་ནས་མཉམ་དུ་ཇ་འཐུང་།
དེ་ནས་མུ་མཐུད་སྤྱི་ལེ5ཙམ་སོང་ཚེ་སྒྲོལ་མ་ལའི་ལ་རྩར་འབྱོར་ཐུབ་ཅིང་། དེར་ལམ་ཕྲན་གཉིས་འདུག་པ་ལས་གཅིག་ནི་གཡོན་ཕྱོགས་ཀྱི་ཆུ་བོ་ལྕགས་ཟམ་ཅན་དེ་བརྒྱུད་གཡོན་གྱི་རི་བོའི་འདབ་སྦྲེལ་ནས་མདུན་དུ་བསྲིངས་ཤིང་། མུ་མཐུད་སོང་ཚེ་སྤྱི་ལེ་གཅིག་ཕྱེད་ཙམ་གྱིས་འབྲི་རྭ་དགོན་པར་སླེབས་ཐུབ་ལ། གཡས་ཕྱོགས་ཀྱི་ལམ་དེད་ནས་ཡར་འགོས་ཚེ་སྒྲོལ་མ་ལའི་ལ་སྐེད་ཇ་ཚིགས་གཉིས་པ་ཡོད་ས་དེར་འབྱོར་ཐུབ།
ངེད་ཅག་འབྲི་རྭ་དགོན་ལ་མཇལ་འདོད་ཡོད་ཕྱིར། ཆུ་ཟམ་བརྒྱུད་གཡོན་ཕྱོགས་ཀྱི་ལམ་དེའི་ནང་ཞུགས་ཏེ་སོང་། འབྲི་རྭ་དགོན་པའི་གཡས་གཤམ་དེར་སླེབས་རྗེས་གཞི་ནས་ཐོག་དང་པོར་གངས་གསལ་ལེར་མཇལ་ཐུབ་བྱུང་བས། གསོལ་སྨོན་ཡང་ཡང་བྱས་ཤིང་གངས་བསྟོད་ཀྱི་ཚིག་ཐུང་ངུ་རེའང་ཞེ་ལ་འཁོར་བར་ཟིན་ཐོ་རགས་པ་ཞིག་བཏབ་པ་དང་ཕྱིས་སུ་གཤམ་ལྟར་བཅོས།
ནམ་མཁའི་མཚོ་མོ་ལ། །
ཟེར་མའི་གཞའ་འོད་འཁྱུག །
སྤྲིན་གྱི་ངང་ངུར་ལྡིང་། །
སྨུག་པའི་མཚོ་རླངས་འཐིབས། །
རི་བོའི་གྲོང་ཁྱེར་གྱིས། །
གངས་ཀྱི་ཕོ་བྲང་བསྐོར། །
གངས་ཀྱི་ཕོ་བྲང་དེ། །
དབུ་རྩེ་ཤེལ་དཀར་བྱས། །
སྐེད་པ་གཟི་ཁྲ་བྱས། །
རྩ་བ་གསེར་ནག་བྱས། །
ནང་རོལ་ལྷ་གནས་བྱས། །
གཙུག་ན་རིན་ཆེན་ཀྱང་། །
ཀླུ་ཡི་ཕོ་བྲང་བསྐྱུར། །
ཞེས་དང་།
ཟེར་མའི་གཞའ་འོད་འཁྱུག །
སྤྲིན་གྱི་ངང་ངུར་ལྡིང་། །
སྨུག་པའི་མཚོ་རླངས་འཐིབས། །
རི་བོའི་གྲོང་ཁྱེར་གྱིས། །
གངས་ཀྱི་ཕོ་བྲང་བསྐོར། །
གངས་ཀྱི་ཕོ་བྲང་དེ། །
དབུ་རྩེ་ཤེལ་དཀར་བྱས། །
སྐེད་པ་གཟི་ཁྲ་བྱས། །
རྩ་བ་གསེར་ནག་བྱས། །
ནང་རོལ་ལྷ་གནས་བྱས། །
གཙུག་ན་རིན་ཆེན་ཀྱང་། །
ཀླུ་ཡི་ཕོ་བྲང་བསྐྱུར། །
གངས་ཀྱི་རྒྱལ་པོ་ཏི་སེ་དེ། །
གསེར་ནག་བྲག་གི་གདན་ལ་བཞུགས། །
རབ་དཀར་དུང་གི་ཟུར་ཕུད་ལ། །
འོད་གསལ་ཉི་ཟླའི་རྣ་ཆ་གཡོ། །
ལྷོ་སྤྲིན་དཀར་པོའི་ན་བཟའ་ལ། །
ཐིག་ལེ་གཟི་ཡི་རི་མོ་བཀྲ། །
མུ་ཏིག་བསིལ་ཆར་དོག་པ་འབབ། །
ཅེས་ཀྱང་བྲིས།གསེར་ནག་བྲག་གི་གདན་ལ་བཞུགས། །
རབ་དཀར་དུང་གི་ཟུར་ཕུད་ལ། །
འོད་གསལ་ཉི་ཟླའི་རྣ་ཆ་གཡོ། །
ལྷོ་སྤྲིན་དཀར་པོའི་ན་བཟའ་ལ། །
ཐིག་ལེ་གཟི་ཡི་རི་མོ་བཀྲ། །
མུ་ཏིག་བསིལ་ཆར་དོག་པ་འབབ། །
ལར་རི་བོའི་གྲོང་ཁྱེར་གྱིས། །གངས་ཀྱི་ཕོ་བྲང་བསྐོར། །ལ་སོགས་པའི་མཐོང་སྣང་ནི་མི་ལ་བཞད་པའི་རྡོ་རྗེ་ནས་འཇིག་རྟེན་བྱིས་པའི་སྣང་བ་ཡིན་ཟེར་ཏེ། ཁོང་ནས་ཏི་སེ་རྒྱལ་པོ་གདན་བཞུགས་ལ། རི་ཕྲན་བློན་པོས་བསྐོར་བ་འདྲ། །འཇིག་རྟེན་བྱིས་པའི་སྣང་ངོ་ལ། །ཕྱི་ལྟར་དེ་འདྲའི་རྣམ་པ་ཡོད། །གསུངས་ཤིང་། ལམ་ལ་སློབ་པའི་གང་ཟག་གི་མཐོང་སྣང་ལ་དཔལ་འཁོར་ལོ་སྡོམ་པ་བཞུགས་པའི་གནས་ཏེ། ལྷ་བདེ་མཆོག་གི་ཕོ་བྲང་ཡིན་ལུགས་མཐོང་གསུངས་མོད། གུས་པ་ལམ་ལ་སློབ་པའི་གང་ཟག་དེ་འདྲ་མ་ཡིན་པས་མོས་གུས་དང་དག་སྣང་ཙམ་སྦྱངས་པའི་ཁུལ་ལས་དེའི་ཐད་ཅི་ཡང་ནུས་མ་སོང་།
འབྲི་རྭ་དགོན་ནི་གངས་རིན་པོ་ཆེའི་རྒྱབ་ཕྱོགས་ཏག་ཏག་ན་ཡོད་ཅིང་། དེའི་གཤམ་གཡས་གཡོན་གཉིས་སུ་དར་ལྕོག་གི་ལྕོག་བུ་ལྕགས་ཀྱི་སྐས་ཅན་དར་ལྕོག་ཤིན་ཏུ་འདོགས་བདེ་བ་གཉིས་མཆིས་པས། དར་ལྕོག་རིགས་འདོགས་ཚེ་འདོགས་བདེ་བ་ནི་བཤད་མ་དགོས་ཀྱི་སྒྲོལ་མ་ལའི་ལ་རྩེ་ལས་ཀྱང་གངས་མཐོང་ས། རླུང་གིས་བསྐྱོད་ས་རེད་འདུག་ཕྱིར་དར་ལྕོག་ལ་དད་པ་དམིགས་བསལ་ཡོད་མཁན་ཚོའི་ཐུགས་ལ་དེ་ལུགས་ཀྱང་འཇགས་པར་ཞུ།
འབྲི་རྭ་དགོན་ནི་རྒྱལ་བ་རྒོད་ཚང་བ་གནས་སྒོ་འབྱེད་དུ་ཕེབས་སྐབས་འབྲི་རྭ་ཕུག་གི་རྒྱབ་རི་དེ་བསྐལ་བཟང་སངས་རྒྱས་སྟོང་གི་ཕོ་བྲང་ཡིན་པར་འདུག་པས་དེ་སྐོར་ལམ་དུ་ཆུད་ན་དགོངས་ནས་བྱོན་པའི་ཚེ་གློ་བུར་དུ་འབྲོང་འབྲི་ཞིག་སྐུ་མདུན་དུ་བྱུང་བས། དེ་ཅི་ཡིན་དགོངས་ཏིང་ངེ་འཛིན་གྱི་ངང་ནས་གཟིགས་པས་འབྲི་དེ་སེང་གདོང་མའི་སྤྲུལ་པར་མཁྱེན་ཅིང་ལམ་སྟོན་ཡིན་པར་དགོངས། དེ་ནས་འབྲི་རྗེས་དེད་ནས་བྱོན་པ་ལ། ད་ལྟའི་ཕུག་པ་ཡོད་ས་ལས་འབྲི་དེ་གར་སོང་ཆ་མེད་དུ་གྱུར་བས། ཞིབ་ཏུ་བཙལ་བར་འབྲི་དེ་ཕུག་པའི་རྡོ་ལ་འཐིམས་ཤུལ་དུ་འབྲི་རྭ་ཡི་རྗེས་བྱུང་བས་འབྲི་རྭ་ཕུག་ཅེས་པའི་མཚན་ཐོགས་པར་གྲགས་ཤིང་། འབྲོང་འབྲི་མཐོང་ས་ཡིན་ཕྱིར་ལུང་པ་དེ་ལ་འབྲོང་ལུང་ཡང་ཟེར་བར་འདུག
ད་ལྟའི་འབྲི་རྭ་དགོན་ནི་དགོན་པ་ཆུང་ངུ་ཞིག་ཡིན་ཞིང་། སུམ་ཐོག་བར་ལ་མཆོད་མཇལ་ཡོད་ལ། ལྷ་སྐུ་རྣམས་བྱོན་ལེགས་ཤ་སྟག་དང་ས་དགེ་བཀའ་རྙིང་གི་བླ་མ་གཙོ་ཆེ་ཁག་ལས་གཙོ་བོ་བཀའ་བརྒྱུད་པའི་མར་མི་དྭགས་གསུམ་གྱི་སྐུ་མང་དུ་བཞུགས་ཤིང་། རྒྱུན་བཞུགས་གྲྭ་པ་བཅུ་གསུམ་ལས་མི་འདུག ཁོ་བོས་དེར་གཡས་སྐོར་གྱིས་ཁ་གྱེས་སྐབས། འདུ་ཁང་རྒྱབ་ཀྱི་བྲག་སྐེད་དུ་ཆུ་རགས་ཀྱི་རྩིག་པ་མཐོན་པོ་ཞིག་འཕྲེད་དུ་འདུག་པའི་སྟེང་ཁ་དོག་སྣ་ལྔས་གསལ་བྱེད་སུམ་ཅུ་བོ་བྲིས་འདུག་པ་མཐོང་། གལ་སྲིད་དབྱིན་ཡིག་གི་གསལ་བྱེད་དམ་ཡང་ན་རྒྱ་ཡིག་གི་སྒྲའི་གསལ་བྱེད་དག་འདི་ལྟར་བྲིས་ཡོད་ན་དགོད་རྒྱུ་ཡོང་བ་ཞིག་ཡིན་ངེས་སྙམ་མུར། རང་རེའི་ཡི་གེར་མངའ་བའི་དད་མོས་ངོས་ཀྱི་ཐུན་མིན་ཁྱད་ཡོན་དང་ཡི་གེ་ལ་བཟུང་བའི་ལྟ་སྟངས་ཐད་ལའང་བསམ་གཞིག་ཐུང་ངུ་རེ་ཤོར།
དེར་ཇ་ཚིགས་གཉིས་པ་བྱས་ཆོག་པར་འདུག་སྟེ། ཇ་ཁང་དང་ལྷག་པར་དགོན་པའི་མགྲོན་ཁང་མལ་ཁྲི་གཉིས་ཅན་གསུམ་ཅན་བཞི་ཅན་ལྔ་ཅན་སོགས་འདུག་ཅིང་། དགོན་པ་ཆགས་ས་དེ་རིའི་སྐྱིབས་ལྟ་བུར་འདུག་པའི་སྟེང་། མཚོ་འཕགས་རྨིད5080ལས་མི་འདུག་རྐྱེན། ཁང་པ་དག་ལྟོས་བཅས་ཀྱིས་དྲོ་ཞིང་གཉིད་ཡང་ཡག་པོར་ཁུག་ཐུབ་ཀྱི་ཡོད་འདུག་གཤིས། ངལ་གསོ་ས་ཡག་པོར་འདུག་སྣང་སྟེ། གངས་སྐོར་བ་མང་པོས་གནས་འདི་ཞག་མ་དང་པོ་བྱེད། འོན་ཀྱང་། ངེད་ཅག་ཞོགས་པ་སྔ་པོར་སོང་བ་ཡིན་པས། འབྲི་རྭ་དགོན་ལ་སླེབས་དུས་ཉིན་གུང་ཆུ་ཚོད་བཅུ་གཉིས་ཙམ་ལས་སོན་མེད་སྟབས། མུ་མཐུད་ཡར་སྒྲོལ་མ་ལར་འགོས།
འབྲི་རྭ་དགོན་ནས་སྒྲོལ་མ་ལའི་ལ་སྐེད་དུ་སྤྱི་ལེ3ཙམ་འགོས་པའི་ཚེ། དེར་ཇ་ཚིགས་གསུམ་པ་བྱས་ཆོག་པའི་ས་འདུག་སྟེ། ལམ་གཡས་གཡོན་ལ་མགྲོན་ཁང་ཁང་ཤར་རེ་དང་ཇ་ཁང་རེ་མཆིས་ཤིང་། ཇ་ཁང་ནང་དྲོད་ལམ་མེར་འདུག་པས་ཚ་དྲོད་འདི་ལྟ་བུ་གང་ལས་བྱུང་སྙམ་ནས་ལྕགས་ཐབ་འཚོལ་དགོས་པ་ཞིག་འབྱུང་སྟེ། ལྕགས་ཀྱི་ཐབ་ཀ་རིང་པོ་སྒང་ལ་བ་མ་དཀར་པོ་བཞི་དང་རྫ་མ་གཉིས་བསྐྱོན་པ་ཞིག་ཇ་ཁང་གི་དཀྱིལ་དུ་མཐོང་ཐུབ། དེར་མདོ་དབུས་ཁམས་གསུམ་རྒྱ་དང་སོག་པོ། ཕྱི་གླིང་བ་ཡང་མང་པོ་མཆིས་ཏེ། མྱུར་དུ་སྡོད་ས་བཙལ་ནས་གུང་ཇ་འཐུང་བའི་སྟ་གོན་བྱས། དེ་དུས་ཆུ་ཚོད་གཉིས་ཕྱེད་ལ་སླེབས་འདུག་ཅིང་། ད་དུང་མུ་མཐུད་སྤྱི་ལེ4སོང་ཚེ། མཐོ་ཚད་ལ་རྨིད5648ཡོད་པའི་སྒྲོལ་མ་ལ་བརྒལ་དགོས་ཀྱི་ཡོད་ལ། ཕ་རོལ་ལ་འདབས་སུ་མགྲོན་ཁང་ལག་ལ་ཡོང་དཀའ་བར་བཤད་རྐྱེན། དེར་ཞག་འདུག་བྱེད་རྩིས་ཀྱིས་ཁང་པ་བླངས། མགྲོན་ཁང་གི་ཁང་པའི་གོང70ཅན་དང་། བརྒྱ་ཅན་འདུག་ཅིང་། བརྒྱ་ལྔ་བཅུ་ཅན་ནི་ཟ་ཁང་ནང་གི་འབོལ་ཁྲི་རེད་འདུག་སྟེ། ངེད་ཀྱིས་ནུབ་ཇ་འཐུང་སྐབས་གམ་དུ་ཡོད་པའི་ནག་ཆུ་ནས་ཡིན་པའི་བླ་མ་ཞིག་གིས་འབོལ་ཁྲི་དེ་བླངས་འདུག་ལ། ཇ་ཁང་ཡིན་པའི་དབང་གིས་ཁོང་ཅག་ཆུ་ཚོད་དགུ་པའི་སྔོན་ལ་ཉལ་མི་ཐུབ་པར་འདུག དེ་བས་ཞག་སྡོད་བྱེད་ཚེ་ཇ་ཁང་ནང་མི་ལེགས་པར་འདུག་སྙམ། མགྲོན་ཁང་གི་ཉལ་ཐུལ་མཐུག་པའི་ཁར་མི་རེ་ལ་བལ་ཐུལ་ཤིན་ཏུ་ལྗིད་མོ་རེ་འདུག་རྐྱེན། གྲང་ནི་མི་གྲང་མོད། དེང་སང་འཚོང་དུ་ཡོད་པའི་སྤྱད་རྗེས་འདོར་ཆོག་གི་གདན་དང་སྔས་ཤུབས་སོགས་ནི་ཤིན་ཏུ་མཁོ་ཆེ་བར་འདུག ངེད་ཅག་ནས་སྐོར་ལམ་གཡས་འགྲམ་གྱི་མགྲོན་ཁང་ཉོས་པས། སྒེའུ་ལས་བལྟས་ཚེ། སྨུག་པས་བཏུམ་པའི་གངས་རིན་པོ་ཆེ་མཐོང་ཐུབ་ཀྱི་འདུག ཅུང་ཟད་ནས་ཆར་བ་བཏང་བས། མགྲོན་ཁང་ནང་ཇེ་འཁྱག་ཏུ་གྱུར། ངེད་ཅག་སླར་ཡང་ཇ་ཁང་དུ་འཛུལ་ནས་ཇ་བཏུང་། དེར་ལ་ལས་ཁ་ཏོན་དང་། ལ་ལས་ཁ་པར། རེ་འགས་དབྱངས་རླུང་བརྔུབས། རེ་འགས་སྒེའུ་ལས་སྨུག་པའི་ཡོལ་བ་ཕྱེས་པའི་གངས་མཐོང་ནས་སྐད་ཅོར་རྒྱག་ཅིང་པར་ལེན། ངེད་ཅག་ཀྱང་སྒོར་བུད་ནས་པར་སྣ་ཚོགས་བླངས།
ཕྱི་ཉིན་ཞོགས་པར་ཆུ་ཚོད་ལྔ་པའི་སྟེང་ཡར་ལངས། ལྔ་དང་ཕྱེད་ཀའི་སྟེང་ལམ་དུ་ཞུགས། ནམ་མ་གསལ་གོང་ལམ་དུ་ཆས་པའི་སྐྱོན་ནི་མཐའ་འཁོར་གྱི་རི་ཆུ་བྲག་གསུམ་སོགས་ཀྱི་ལྟད་མོ་མི་མཐོང་བ་དེ་ལོས་ཡིན་མོད། བཟང་ཆ་ཆེ་ཤོས་ནི་ཡུན་རིང་བོར་འགྲོ་ཐུབ་པ་དེ་རེད། དེ་ཡང་ཞོགས་པའི་དུས་ལུས་ཤུགས་གསོག་ཡོད་པའི་རྐྱེན་ཡང་མིན་པར་གཙོ་བོ་མདུན་ཕྱོགས་ཀྱི་ལམ་རྒྱང་རིང་བོ་མཐོང་མི་ཐུབ་པས་ཡིད་ཐང་ཆད་མི་སླ་བ་དེ་ཡིན་འདུག
སྒྲོལ་མ་ལའི་ལ་རྩེ་ལ་མཚོ་འཕགས་རྨིད5648ཡོད་ཅིང་། དེ་ནི་གངས་སྐོར་ལམ་གྱི་ས་གནས་ཆེས་མཐོ་ཤོས་རེད་འདུག ལ་རྩེའི་གཡས་གཡོན་ཡོངས་སུ་ས་ངོས་སུ་བསྙལ་བའི་དར་ལྕོག་གིས་གཡོགས་འདུག་སྟེ། འབྲི་རྭ་དགོན་པའི་གཤམ་གྱི་དར་ལྕོག་དེ་ལྟ་བུའི་ཡིད་ཚིམས་པའི་འདོགས་ས་ཞིག་ནི་མི་སྣང་། དེ་སྔ་ཁོ་བོ་ཚོགས་འདུ་ཞིག་གི་ཆེད་པེ་ཅིན་ནས་ལྷ་ལྡན་ལ་གནམ་གྲུར་བསྡད་ནས་སླེབས་རྗེས། མཚོ་འཕགས་རྨིད་བརྒྱ་ཡས་མས་ལས་མེད་པ་ཞིག་ནས་སུམ་སྟོང་དྲུག་བརྒྱ་ལྷག་ལ་དུས་ཐུང་ངང་སླེབས་པས་མིན་འགྲོ ཅུང་ཟད་མགོ་ན་ཞིག་བྱུང་སྟེ། ཧ་ལམ་རྫ་དུག་གི་རྟགས་ཤིག་ཡིན་འདྲ། དེ་བས་ད་རེས་ཀྱང་མགོ་ན་བ་སོགས་ངེས་པར་འབྱུང་ངེས་སྙམ་མོད། ད་ལན་རྨིད་ལྔ་སྟོང་དྲུག་བརྒྱ་ལྷག་ལ་འགོས་ཀྱང་ན་བའི་རྟགས་ཅུང་ཟད་ཀྱང་མ་བྱུང་།
དེ་ནས་རིམ་པ་བཞིན་མར་བབས་ཚེ། ལམ་གྱི་གཤམ་ཕྱོགས་སུ་མཚོ་ཆུང་ཞིག་མཆིས་ཏེ། སྙིང་རྗེའི་མཚོ་ཟེར་བར་འདུག་ལ། མཐའ་འཁོར་དུ་དར་ལྕོག་གིས་གཡོགས་ཤིང་། རེ་འགའ་མཚོ་འགྲམ་དུའང་འགྲོ་བཞིན་འདུག དེ་ནས་རིམ་བཞིན་མར་མར་འབབ་དགོས་ཀྱི་ཡོད་ལ། བན་སྐོར་བྱེད་པ་དག་འདི་ནས་བཟུང་སྟེ་ཡར་འགོ་ས་ཞིག་ཧ་ལམ་མི་སྣང་བས་ཚེགས་ཤིན་ཏུ་ཡང་བར་འདུག་མོད། སྐབས་འདི་ནི་བོན་སྐོར་བྱེད་མཁན་དག་གི་དཀའ་གནས་ཏེ། ཁོ་བོའི་གྲོགས་པོ་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཡིན་པ་དེས་དེ་སྔ་ཕྱི་གླིང་བ་ཡང་མང་པོ་ཚུད་པའི་གངས་ཏི་སེ་ལྟེ་བ་བྱས་པའི་ཞིབ་འཇུག་དང་གསར་རྩོམ་ལས་གཞི་ཞིག་ཏུ་ཞུགས་པར་གཡས་སྐོར་གཡོན་སྐོར་གཉིས་ཀ་བྱེད་དགོས་ཀྱི་འདུག་སྟེ། གཡས་སྐོར་ཉི་མ་གཅིག་གིས་ཕྱིན་མོད། གཡོན་སྐོར་ལ་ཉི་མ་གསུམ་དགོས་སོང་ཟེར་ཏེ། སྒྲོལ་མ་ལར་བོན་སྐོར་གྱིས་འགོ་བ་ནི་བན་སྐོར་གྱིས་འགོ་བ་ལས་མ་མཐའ་ཡང་ལྡབ་གཅིག་གིས་དཀའ་བར་སྣང་།
སྒྲོལ་མ་ལ་ནས་མར་ལ་རྩ་རུ་སླེབས་ས་དེར་ཇ་ཁང་ཆུང་ངུ་རེ་མཆིས་ཤིང་། དེར་ཇ་བཏུང་བ་དང་ཆར་གཡོལ་སོགས་བྱེད་ཆོག་ལ། སྤྱི་ལེ16རྗེས་སུ་གངས་ཀྱི་གཡོན་ཕྱོགས་ཏག་ཏག་ཏུ་ཆགས་པའི་རྫུ་འཕྲུལ་ཕུག་དགོན་དུ་འབྱོར་ཐུབ། དེ་ནས་དར་ཆེན་བར་སྤྱི་ལེ10ཡོད་ཅིང་། དེར་དགོན་པའི་ཇ་ཁང་དང་མགྲོན་ཁང་མ་ཟད། ཁྱིམ་ཚང་སྒེར་གྱི་མགྲོན་ཁང་དང་ཇ་ཁང་རེ་འགའ་མཆིས་པ་དང་། ལྷག་དགོས་སྡེ་སྤྱི་ནས་བཙུགས་པའི་མགྲོན་ཁང་ཁང་མིག་མང་པོ་ཅན་ཉིས་ཐོག་ཅིག་ཡོད་ལ། ཆ་རྐྱེན་ཡང་ལྟོས་བཅས་ཀྱིས་ལེགས།
ངེད་ཅག་གངས་སྐོར་ཉིན་གཉིས་པའི་ཉིན་གུང་ཆུ་ཚོད་གཉིས་པ་ཙམ་ནས་རྫུ་འཕྲུལ་ཕུག་ལ་སླེབས་པས། ཉིན་དེར་ལས་སླ་བོས་དར་ཆེན་ལ་འབྱོར་ཐུབ་མོད། འགྲོ་རོགས་ལས་རྒན་པ་གཅིག་གི་དཔྱི་མིག་ན་ཡི་འདུག་རྐྱེན། རྫུ་འཕྲུལ་ཕུག་ཏུ་སྡོད་རྒྱུ་བྱས། རྫུ་འཕྲུལ་ཕུག་ནི་རྗེ་མི་ལ་བཞད་པའི་རྡོ་རྗེ་དང་ན་རོ་བོན་ཆུང་གཉིས་རྫུ་འཕྲུལ་ཐེངས་མང་པོ་འགྲན་པར་གྲགས་པ་ལས་རྫུ་འཕྲུལ་འགྲན་ས་གཅིག་སྟེ། དེར་རྗེ་བཙུན་ཆོས་སྐོར་དང་བོན་ཆུང་བོན་སྐོར་དུ་བྱོན་ནས་མཇལ་སྐབས་ཆར་བབས་པ་ལ། རྗེ་བཙུན་གྱིས་ཕྱག་ཡ་གཅིག་གིས་རྡོ་ལེབ་ཆེན་པོ་ཞིག་བླངས་ནས་དེར་ཡོད་ཕུག་པ་ཞིག་ཡོད་པའི་ཐོག་ཕུབ། དམའ་འདུག་གསུངས་ནས་འོག་ནས་བཏེགས་པས་སྟེང་རྡོ་ལ་དབུ་རྗེས་དང་ཕྱག་རྗེས་བྱུང་། ཡང་མཐོ་འདུག་གསུངས་ནས་ཞབས་ཀྱིས་བརྫིས་པས་ཞབས་རྗེས་བྱུང་སྟེ། རྗེ་བཙུན་རྒྱལ་བས་ཕུག་པ་དེར་རྫུ་འཕྲུལ་ཕུག་ཅེས་གྲགས་ཟེར། རྗེ་བཙུན་དང་ན་རོ་བོན་ཆུང་གཉིས་ཀྱིས་རྫུ་འཕྲུལ་འགྲན་པའི་སྒྲུང་ནི་དོན་ལ་བན་བོན་གཉིས་ནས་གནས་འགངས་ཆེན་འདི་བརྩད་ཚུལ་ཡིན་ཕྱིར། མཚོ་མ་ཕམ་ཕྱག་སོར་གྱི་རྩེ་ལ་བླངས་པ་དང་ཏི་སེའི་རྩེར་གཤེགས་པ་སོགས་ཀྱི་ངག་རྒྱུན་མང་ཙམ་འདུག་སྟེ་ངོ་མ་དེ་ལྟར་བྱུང་མིན་ནི་ཞིབ་འཇུག་པའི་དཔྱད་གཞིར་ལུས། དེ་བཞིན་དུ་གེ་སར་རྒྱལ་པོ་དང་། འདན་མ། ཤན་པ། འབྲུག་མོ་སོགས་མདོ་ཁམས་པ་གླིང་བ་རྣམས་ཀྱང་འདི་ཕྱོགས་ལ་ཕེབས་ལུགས་ཀྱི་བཤད་རྒྱུན་མཆིས་པར་མ་ཟད། ཡུལ་ལུང་གཞན་ལྟར་དུ་རྗེས་ཤུལ་བཞག་པའི་གྲངས་ཡང་མང་པོ་བརྩི་རྒྱུ་འདུག
ཕྱི་ཉིན་ཞོགས་པར་ཆུ་ཚོད་དྲུག་སྟེང་ལམ་དུ་ཆས། སྒྲོལ་མ་ལའི་ལ་མཐོ་བའི་སྟབས་ཀྱིས་ལ་རྩེ་ནས་བཟུང་དར་ཆེན་གྲོང་མཐོང་བའི་ལུང་མདོ་བར་དུ་ཡར་འགོ་དགོས་ས་ཧ་ལམ་མི་སྣང་བར་ཐུར་ལམ་རྐྱང་རྐྱང་ལ་འགྲོ་དགོས་ཀྱི་ཡོད་པས། ཚེགས་མི་ཆེ་བར་འདུག་ཀྱང་ལུང་པ་འདིའི་ཕུ་ཐག་ཤིན་ཏུ་རིང་། ལུང་མདོར་སླེབས་ཚེ། མདུན་ཕྱོགས་ནི་ཆེས་ཤིན་ཏུ་ཡངས་པའི་ཐང་ཆེན་པོ་ཞིག་སྟེ། ཐང་ཆེན་པོ་དེ་ཏི་སེའི་ཤར་གྱི་ཆ། མཚོ་མ་ཕམ་པ་བཞུགས་སའང་ཡིན་སྟབས། འདི་ཙམ་གྱིས་ཀྱང“ས་ཁ་རྒྱ་ཆེ། ལུང་པ་ཕུ་ཐག་རིང༌། ཤར་ཕྱོགས་ཡངས་ཤིང་ཉི་ཟླ་འཆར་བ་སྔ།”ལ་སོགས་པའི་སའི་ཡོན་ཏན་ཀུན་ནས་འཛོམས་འདུག་སྙམ་པ་བྱུང་། དེ་ནས་གཡས་སུ་དཀྱོགས་ནས་རྨིད་ཉིས་བརྒྱ་ལྷག་སོང་ཚེ་མིག་ལམ་དུ་དར་ཆེན་གྲོང་མཐོང་ཐུབ་ལ། ལུང་མདོ་ནས་དར་ཆེན་བར་སྤྱི་ལེ་བཞི་ཙམ་འདུག་སྟེ། རྒྱ་མི་དག་ནས་དེར་རླངས་འཁོར་གླ་ས་འདུག་ཅེས་དགའ་སྤྲོ་བྱེད་ཀྱི་འདུག་ཅིང་། ངེད་ཅག་ནི་རང་རེའི་ལུགས་ལྟར་སྔར་ཉིན་གྱི་སྐོར་མགོ་བརྩམས་ས་དེ་ཏག་ཏག་ལ་སོང་། ཧ་ལམ་གོམ་པ་གཅིག་ཀྱང་ཆད་མེད་པ་ལྟར་བྱས་ནས་སྐོར་མཇུག་བསྒྲིལ་བ་ཡིན་ནོ། །
དེ་ལ་ང་ཚོ་སྤྱི་ལེ་སྟོང་ཕྲག་གསུམ་གྱི་ཕ་རོལ་མདོ་སྨད་ནས་ཡོང་བའི་མཇལ་སྐོར་བ་ཡིན་པས། ལ་ཐོད་དཀར་པོ་ཅན་གྱི་རྒྱལ་པོ་གདན་ལ་བཞུགས་འདྲ་བ་དེར་ཆེས་མཐའ་མར་ཕྱིར་ལྟ་ཐེངས་གཅིག་བྱེད་འདོད་ཀྱི་འདུན་པ་དྲག་ཏུ་འདུག་པས། དར་ཆེན་གྲོང་ནས་ང་ཚོས་གླས་པའི་རླངས་འཁོར་ལ་བསྡད་དེ་རླངས་འཁོར་འགྲོ་ཆོག་སའི་སྐོར་ལམ་དེད་ནས་གཡས་སྐོར་གྱིས་སྤྱི་ལེ་དྲུག་ཙམ་གྱི་བར་ཐག དེ་སྔའི་མཆོད་རྟེན་དཀར་ཆུང་གཉིས་ཀྱི་བར་ནས་འགྲོ་དགོས་ས་དེ་དང་། མཆོད་རྟེན་ཅུང་ཟད་ཆེན་པོ་གཤམ་འོག་ཏུ་དྲིལ་བུ་ཆེན་པོ་དྲིལ་ལྕེ་ནས་བཟུང་སྟེ་བདུངས་ཞོར་སོང་ཆོག་པ་ཞིག་འདུག་པ་དེའི་བར་ཕྱིན། མཆོད་རྟེན་དེའི་གཡས་འགྲམ་ནི། དཀྱིལ་དུ་དར་ཤིང་མཐོ་ཚད་ལ་གོམ་པ་བརྒྱ་ལྔ་བཅུ་ཙམ་པ་ཡོད་པའི་དར་མོ་ཆེ། མཐར་དར་ལྕོག་བཏགས་ཆོག་པའི་ལྕོག་བུ་ཉེར་གསུམ་གྱིས་བསྐོར་བ། དར་ལྕོག་ཁྲི་ཕྲག་དུ་མ་བཏགས་འདུག་པའི་དར་ཆེན་ཐང་ཞེས་པ་ཡོད་ཅིང་། དར་ཆེན་ཐང་གི་གཡོན་ཕྱོགས་ཀྱི་ནམ་རྒྱུན་སོང་མི་ཆོག་སའི་རླངས་འཁོར་གྱི་ལམ་ཕྲན་དེ་དེད་ནས་མུ་མཐུད་གོམ་པ་བརྒྱད་བརྒྱ་ཙམ་སོང་ཚེ། གཞི་ནས་བྲག་དམར་པོའི་ཐེམ་པ་ཆེན་པོ་ཤིན་ཏུ་ཡངས་པ་ཞིག་ཏུ་འབྱོར་ཐུབ་ལ། དེ་ནི་སྐད་གྲགས་ཆེ་བའི་དགྲ་བཅོམ་ལྔ་བརྒྱའི་དུར་ཁྲོད་དུ་འབོད་པ་དེ་རེད་འདུག་ཅིང་། བེམ་པོ་བྱ་ལ་གཏོར་ས་ནི་ཐེམ་པའི་དབུས་ཕྱོགས་སུ་འདུག བློ་ཡུལ་ལས་འདས་པ་ཞིག་ལ་བྱ་སྦྱིན་བྱེད་ས་དེར་བེམ་པོ་ཞིག་གི་ཡན་ལག་དང་ཉིང་ལག་ཀྱང་ཕྱོགས་ཕྱོགས་སུ་འཐོར་འདུག་པ་མཐོང་། བལྟས་ཚོད་ཀྱིས་ཉིན་གཉིས་གསུམ་ཙམ་འགོར་བར་སྣང་། བྱ་བབས་མི་འདུག་པས་མགོ་དང་རྐང་པ་ལག་པ་ད་དུང་ཉིང་ལག་རེ་ཟུང་ཤུལ་དུ་ལུས་འདུག ཨ་ཁ་དེ་འདྲའི་བདག་པོ་རྒྱག་མི་ནུས་པའི་མི་རྩ་མི་བདག་ཀྱང་བྱུང་འདུག་ཨང་སྙམ་ནས་དེར་བསྔོ་བ་སྨོན་ལམ་མང་དུ་བྱས། སྐྲ་ལོ་རིང་ཞིང་འཛིང་བའི་མི་མགོ་དེ་མིག་ལམ་དུ་ཡང་ཡང་ཤར་བ་ཞིག་བྱུང་། དུར་ཁྲོད་ཡོད་སའི་ཐེམ་ཐོག་དེར་གནམ་ངོ་ཤིན་ཏུ་དྭངས་ཚེ་གངས་རིན་པོ་ཆེ་ཤིན་ཏུ་གསལ་བོར་མཇལ་ཐུབ་པར་འདུག་པས། དེར་ཆེས་མཇུག་མཐའི་གངས་མཇལ་ཞིག་བླངས་རྗེས་སླར་ཡུལ་དུ་ལོག་པའི་ལམ་ལ་ཆས།
དེ་ལྟར་སྐོར་བ་གཅིག་ལེགས་པར་གྲུབ་པ་ཡིན་ཏེ། སྐོར་བ་བྱས་པའི་ཕན་ཡོན་ནི། སྐོར་བ་ལན་གཅིག་བསྐོར་བ་ན། སྐྱེ་བ་གཅིག་གི་སྒྲིབ་པ་འདག དེ་བཞིན་རིམ་པ་བཅུ་བསྐོར་ན། བསྐལ་པ་གཅིག་གི་སྒྲིབ་པ་འདག་སོགས་ཟེར་ཏེ་གངས་རིའི་གནས་ཡིག་ཁག་ལས་ཤེས་པར་བྱའོ། །
ལར་གངས་རི་ལ་ནང་སྐོར་གྱི་ལུགས་ཤིག་ཀྱང་འདུག་སྟེ། ནང་སྐོར་ནི་ཕྱི་སྐོར་བཅུ་གསུམ་བྱས་ཚེ། གཞི་ནས་ནང་སྐོར་བྱེད་ཆོག་ཟེར། མདོ་སྨད་ཀྱི་མི་ཚང་ཞིག་གིས་དེ་སྔ་ཕྱི་སྐོར་གཅིག་དང་དེ་ནས་འབྲི་རྭ་དགོན་པར་སྐོར་བ་བརྒྱ་དང་བརྒྱད་བླངས་ནས་ནང་སྐོར་བྱེད་ཆོག་མིན་དགོན་པའི་གྲྭ་པར་དྲིས་ཤིང་དེ་ནས་སོང་ཚུལ་གོ་རྒྱུ་འདུག འོན་ཀྱང་རྒྱ་མི་དག་ནི་དེ་འདྲའི་བཤད་རྒྱུན་ལ་ཡིད་མི་ཆེས་པས་ཐད་ཀར་ནང་སྐོར་སྐོར་ལམ་དུ་སོང་ནས་པར་དང་བརྙན་ལེན་པ་སོགས་བྱེད་ཀྱིན་པ་དྲ་བ་ལས་མཐོང་ཐུབ། དྲ་བ་བརྒྱུད་གཞི་ནས་ཁོ་བོས་ཀྱང་ཏི་སེའི་མདུན་དུ་ཆགས་པའི་རྒྱང་གྲགས་དགོན་མཐོང་བ་ཡིན་ཏེ། བཀའ་བརྒྱུད་པའི་དགོན་པ་འདི་འདེབས་མཁན་ནི་འབྲི་གུང་སྐྱོབ་པ་རིན་པོ་ཆེའི་བུ་སློབ་རྡོར་འཛིན་གྷུ་ཡ་སྒང་པ་ཡིན་འདུག་སྟེ། དགོན་པ་བཏབ་ཚུལ་ལ་གཏམ་རྒྱུད་འདི་ལྟ་བུ་ཞིག་མཆིས་སྣང་། ཐེངས་ཤིག་རྡོར་འཛིན་གྷུ་ཡ་སྒང་པ་སྒོམ་ལ་བཞུགས་སྐབས། ཏི་སེའི་ཞིང་སྐྱོང་ཛྭ་ཀི་བདུན་དུ་སྤྲུལ་ནས་གུས་པའི་ཕྱག་བཅས་གསེར་ཤྭ་བའི་མགོ་ཙམ་ཞིག་ཕུལ་བར། རྡོར་འཛིན་ནས། བྱ་བ་བཏང་བའི་རྣལ་འབྱོར་བར། གསེར་ས་རྡོའི་དགོས་པ་ཅི་ཡང་མེད་གསུངས་ནས་མ་བཞེས་པར་བརྟེན། ཁོང་གི་མདུན་གྱི་ནམ་མཁར་བླ་མ་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་ཉིད་སེང་གེ་དཀར་མོ་ལ་བཅིབས་ནས། བུ་ཐེ་ཚོམ་སྤོངས་ཤིག་རྣལ་འབྱོར་པ། །ལྷ་དམ་ཚིག་ལྡན་པའི་ཞིང་སྐྱོང་གིས། །ཡོན་འབུལ་བའི་རྟེན་འབྲེལ་དང་དུ་ལོངས། །དགོན་རྒྱང་དུ་གྲགས་པ་འདེབས་པར་གྱིས། །ཞེས་གསུངས་པས་རྒྱང་གྲགས་དགོན་བཏབ་ཟེར་ཏེ། གངས་ཏི་སེའི་མཐའ་འཁོར་ལས་དགོན་པ་ལ་སྔ་བ་དེ་ཡིན་པར་འདུག
ད་རེས་དུས་ཚོད་དང་དམིགས་ཡུལ་ཐ་དད་པའི་དབང་གིས་ཁ་འབབ་ཀྱི་ཆུ་བོ་བཞིའི་མགོ་ཁུངས་རེ་རེ་བཞིན་འཚོལ་མ་ཐུབ་མོད། ཤེས་རིག་གི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་འཕེལ་རིམ་ངོས་ནས་བལྟས་ཚེ། ཁ་འབབ་ཆུ་བོ་བཞིའི་ཁུངས་དང་ཆུ་རྒྱུད། ཆུ་ལག་སོགས་ལ་རེ་རེ་བཞིན་ཉམས་ཞིབ་བྱེད་འོས་སུ་མཆིས་ཏེ། ཏི་སེའི་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་ཆེན་པོ་འདི་བཞིས་ཨེ་ཤེ་ཡ་ལྷོ་མའི་ཕྱོགས་ཀྱི་ཤེས་རིག་གལ་ཆེན་འགའ་ཤས་གྲུབ་ཡོད་ཚུལ་ནི། ཤར་ནས་འབབ་པའི་རྟ་མཆོག་ཁ་འབབ་ནི་ཡར་ཀླུང་གཙང་པོའི་མགོ་ཁུངས་ཡིན་ལ། ཡར་ཀླུང་གཙང་པོའི་འགྲམ་རྒྱུད་དུ་སྤྱི་ལོ་སྔོན་གྱི་དུས་རབས་བཞི་པ་ནས་སྤྱི་ལོ་དུས་རབས་བཅུ་པའི་བར་གྱི་ཡར་ཀླུང་ཤེས་རིག་ད་ལྟ་ཡང་རྒྱུན་མ་ཉམས་པར་གནས་པ་འདི་དར་བ་ཡིན་ཞིང་། ལྷོ་ཕྱོགས་ཀྱི་རྨ་བྱ་ཁ་འབབ་ནི་ཤར་ལྷོའི་ཕྱོགས་སུ་ཁ་གཏད་དེ་བལ་ཡུལ་གྱི་ནུབ་ཕྱོགས་བར་དང་། དེ་ནས་རྒྱ་གར་དུ་བཞུར་ཏེ་ཆུ་བོ་གངྒའི་རྒྱུན་ལ་ཞུགས་པ་ཡིན་ཞིང་། གངྒ་ནི་རྒྱ་གར་ཤེས་རིག་གི་མ་ཡུམ་ལྟ་བུར་གྱུར་ཡོད། ནུབ་ཕྱོགས་ཀྱི་གླང་ཆེན་ཁ་འབབ་ནི་མངའ་རིས་ཞང་ཞུང་ཤེས་རིག་གི་ལྟེ་བ་ལྟ་བུ་ཡིན་ལ། ཆུ་བོ་འདི་མཐར་བལ་ཡུལ་དུ་བཞུར་བ་ཡིན་ཏེ། གནའ་བོའི་ཤོད་སྲོལ་ལ། གླང་ཆེན་མཁའ་བབས་གོར་ཥ་ཡུལ་ལ་རྒྱུག གོར་ཥ་སྟོབས་འབྱོར་རྒྱས་པ་དེ་ནས་བྱུང་། ཞེས་གྲགས་པ་ལྟར་དང་། བྱང་གི་སེང་གེ་ཁ་འབབ་ནི་རྒྱ་གར་ཆུ་བོའི་མགོ་ཁུངས་ཡིན་ཏེ། སེང་གེ་ཁ་འབབ་རྒྱ་གར་གཞུང་ལ་རྒྱུག རྒྱ་གར་དམ་ཆོས་དར་བ་དེ་ནས་བྱུང་། ཞེས་གྲགས་ཤིང་། ཕ་ཀི་སི་ཐན་གྱི་ཆུ་རྒྱུད་གཙོ་བོའང་འདི་ལས་ཆད་པ་ཡིན་འདུག དེས་ན་ཆུ་བོ་ཆེན་པོ་འདི་བཞིས་ཨེ་ཤེ་ཡ་ལྷོ་མའི་ཤེས་རིག་ངོ་མཚར་བ་འགའ་ཤས་འགྲུབ་བྱེད་ཀྱི་རྐྱེན་དུ་གྱུར་ཡོད་ཕྱིར། ཨེ་ཤེ་ཡ་ཙམ་མ་ཟད་མིའི་རིགས་ཀྱི་ཤེས་རིག་གི་ལོ་རྒྱུས་ཁྲོད་བཞག་ཚེའང་གོ་གནས་གལ་ཆེན་ཟིན་ཡོད་པས། ཆུ་བཞིའི་མགོ་ཁུངས་སུ་གྱུར་བའི་གངས་དཀར་ཏི་སེ་ནི་གངས་རི་ཐམས་ཅད་ཀྱི་རྒྱལ་པོ་མ་ཟད། འཛམ་གླིང་རི་ཆེན་ཁག་གི་གྲལ་དུ་ཞུགས་ཀྱང་གཙོ་བོ་དང་དང་པོ། གཙུག་རྒྱན་ལྟ་བུ་ངེས་པར་ཡིན་ནོ། །
དེ་ལྟར་ཤིང་འབྲུག་ཤོལ་ཟླ་དྲུག་པའི་ཚེས་བཞི། འབྱུང་འཕྲོད་མེ་རླུང་ལ། ཁོ་བོ་དྲིན་ཅན་ཕ་མ་གཉིས་ལྷན་རང་རེའི་གངས་ཀྱི་ལྗོངས་ཆེན་པོ། ལེགས་པར་སྦྱར་བའི་སྐད་དུ་མ་ཧ་བྷོ་ཊ་ཞེས་གྲགས་པའི་ཡུལ་གྱི་འཛམ་གླིང་ས་ཡི་ལྟེ་བ། གངས་རི་ཐམས་ཅད་ཀྱི་རྒྱལ་པོ། ཆུ་བོ་བཞི་འདུས་ཀྱི་མགོ་བོ། དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་། གནས་མཆོག་གངས་དཀར་ཏི་སེའི་གངས་ཞལ་མཇལ། གངས་ཆུ་ཡང་ཡང་མཆོད་ཅིང་ངོམས་མེད་འཐུང་། དེ་བཞིན་མཚོ་མ་ཕམ་པ་དྭངས་གཙང་བསིལ་འཇམ་བསུང་ཞིམ་བདེ་ལྡན་ངོམས་པ་མེད་པ་གང་དེར་ཡང་ཡིད་ཚིམས་པའི་བར་དུ་མཇལ་ཞིང་། རྗེའི་མགུལ་ལྷ་བཅུ་གསུམ་དང་བོད་སྐྱོང་བརྟན་མ་བཅུ་གཉིས། བོད་ཡུལ་མཚོ་ཆེན་བཞི་སོགས་སྲིད་པ་ཆགས་པའི་ལྷ་ཆེན་དག་ལ་དཔངས་བསྟོད་གསོལ་སྨོན་སོགས་ཀྱང་ལེགས་པར་གྲུབ་བོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།