རྔོག་བུ་བདུད་མགོན་ཚེ་རིང་གི་རྩོམ་གསར།

རྩོམ་པ་པོ།:རྔོག་བུ་བདུད་མགོན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-09-28 09:10:20 ཀློག་གྲངས།:
ཉིན་གཅིག་གི་ཟིན་ཐོ་ཆལ་ལེ་ཆོལ་ལེ།
རྔོག་བུ་བདུད་མགོན་ཚེ་རིང་།

       སྒྲོན་མེ་གཟིམས་ཤུལ་དུ། གདོན་གཟུགས་འདྲེ་ཚོགས་ཀྱི་རུ་དཔུང་འཚུབ་ཀྱི་ལེར་སྐད་ངན་འདོན་ཞིང་ཞབས་བྲོ་རྒྱག ཟངས་ཀྱི་མཆུ་ཏོ་བྱུ་རུའི་མིག་ཅན་གྱི་འདྲེ་དཔོན་དང་འདྲེ་ཕྲུག འདྲེ་འབངས་ཚོས་ཅ་ཅུར་སྒྲོགས་ཏེ་ལྗང་མདོག་གི་མེ་ཕུང་ཞིག་གི་མཐའ་བསྐོར་ནས་སྨག་ནག་པའི་འཇིག་རྟེན་འདིའི་ལུང་པའི་གྲུ་ག་མང་པོ་ནས་དགའ་སྟོན་ལ་རོལ་བཞིན་ཡོད། རྩ་འཛུགས་དང་ཐབས་ཇུས། དམིགས་ཡུལ་གསལ་བོ་ཡོད་པ་འདྲ་ལ་མེད་ཀྱང་སྲིད་པའི་འདྲེ་ཚོགས་འདི་དག་གིས་ང་གློ་བུར་དུ་གཉིད་ལས་བསླངས་ཤིང་རྨི་ལམ་དེའི་མཇུག་འཕྲོ་བཅད་སོང་།
       ཡར་ལངས་ནས་ཤུག་བསང་ཞིག་གཏོང་དགོས་བསམ། བསང་དུད་ལྷོག་ལྷོག་ཏུ་འཕྱུར་བཞིན་བར་སྣང་ལ་ཟུག་ཅིང་ཐིམ་པའི་དུས་དེར། མདའ་གཞུ་མདུང་གསུམ་ཐོགས་ཤིང་སྟག་སེང་དྲེལ་རྐྱང་ལ་བཅིབས་པའི་དམག་དཔུང་ཕྱོགས་བཞི་ནས་ཡོང་བཞིན་པ་མཐོང་། སྤྱན་བགྲད། ཁ་གདངས། སོ་གཙིག ངའི་མཐའ་འཁོར་ལ་གཟིགས་ཤིང་མདུང་རྩེ་རུ་ཕ་ལམ་གྱི་འོད་ཟེར་ཁ་དོག་བརྒྱ་སྟོང་འཕྲོ་ཞིང་ངའི་གདོང་ལ་གཏད་དེ་ང་ཚོས་ཁྱོད་ལ་སྲུང་སྐྱོབ་བྱེད་ངེས་ཡིན་ཞེས་སྨྲས་བྱུང་། ཚ་ལམ་ལམ་གྱི་བསང་མེ་མཆེད་ཕྱོགས་ཤིག་གིས་ང་གློ་བུར་དུ་འཚེར་སྣང་དེ་ལས་བསླངས་ཤིང་འཆར་ཡན་དེའི་མཇུག་འཕྲོ་གཏུབ།
       དུས་རྒྱུན་འདང་རྒྱག་རྒྱུར་དགའ་བའི་རྐྱེན་གྱིས་ཡིན་ནམ། ཡང་ན་དོན་དག་བྱེ་བྲག་པ་ཞིག་གི་སྣེ་ནས་བཟུང་ཉིན་ནས་མཇུག་འཁྱོལ་ཐབས་ལ་གོམས་པའི་གཤིས་ཀ་འདིས། ང་གཉིད་ཀྱང་སད་ཀྱང་། འཐོམས་ཀྱང་སངས་ཀྱང་། ལྷ་སྒྲུང་དང་འདྲེ་སྒྲུང་གི་ཁོར་ཡུག་ཅིག་ནས་ནམ་ཡང་རང་ཉིད་ཀྱི་སེམས་ཁུར་ལྷག་མ་དེ་ལས་ཐར་ཐུབ་ཀྱི་མི་འདུག ཉིན་དཀར་ལྷ་མཆོད། མཚན་མོ་འདྲེ་སྲུང་། ཉིན་མཚན་བར་ནས་ཁྱིམ་ཐབ་ཅིག་སྐྱོང་བའི་སྣེ་གསུམ་གྱི་མི་ཚེ་འདི་རྨི་ལམ་དང་དངོས་ཡོད། དགོས་མཁོ་ཞིག་གི་ངང་ནས་འདུར་བཞིན་འདུར་བཞིན་སོང་། ཐང་མ་ཆད་ཀྱིས་བསྡད། གཉིད་མ་སད་ཀྱིས་ཉལ། དོན་ངོ་མར་བཤད་ན་ངས་སེམས་ཁུར་བྱ་འོས་པ་དང་མི་འོས་པའི་ལྷག་མ་དེའི་མཐའ་མཚམས་གཅོད་ཤེས་ཀྱི་མི་འདུག
       རླངས་འཁོར་བསྐོར་ནས་སྒོར་བུད་མ་ཐག་བཞི་མདོའི་གློག་དམར་པོ་དང་ཁེལ། བསྒག་ཟ་སྡོམ་དགོས་བྱུང་། འདི་ནི་འགྲུལ་བཞུད་ཀྱི་ཁྲིམས་ལུགས་ཡིན་པས་བརྩི་སྲུང་མི་བྱེད་ག་མེད་རེད། དེ་ནས་གྲོང་གསེབ་ཀྱི་རྒྱབ་རིའི་མཆོད་རྟེན་བསྐོར་ནས་འགྲོ་དུས་ཞྭ་ཕུད་རྒྱུ་བརྗེད་མི་སྲིད། དེ་ནི་ངའི་གོམས་སྲོལ་ཞིག་ཡིན། ལས་ཁུངས་ཀྱི་སྒོ་ཁར་ཐོན་པ་དང་ཀྲུའུ་རིན་ལ་ཕྲད་པས་དྲིན་ཆེན་གྱི་ཕ་མར་ཕྲད་པ་ལྟ་བུའི་མཛུམ་མདངས་དེ་རང་བཞིན་གྱིས་ཀྲུའུ་རིན་ཕྱོགས་སུ་བསྟན། ཡང་ཁ་སང་གི་ལས་བགོས་དེ་དོ་མི་མཉམ་པ་དྲན་ཚེ་ཀྲུའུ་རིན་དང་ཀྲུའུ་རིན་ཕྱོགས་ནས་ཁོམ་བསྡད་ཡོད་པའི་གསོ་ཕག་དེ་ཚོ་དྲན། བཤའ་ཁང་ཞིག་ལ་རིན་མེད་དུ་སྤྲོད་དགོས་བསམ་བྱུང་།
       གོང་རིམ་གྱི་ཡིག་ཚགས་དེ་དག་རེ་རེ་བཞིན་བཤུ་འབྲི་ཐེངས་གཅིག་བྱས་རྗེས་གཞུང་ཐེལ་རྒྱབ་ཏེ་གཞི་རིམ་ལ་ལམ་འཇུག་བྱས། ཐབས་ཤེས་འདི་ནི་གནའ་ནས་ད་བར་རྒྱུན་བསྐྱངས་ཡོང་བའི་དུས་རབས་སོ་སོའི་སྐྱབས་འགྲོ་བྱ་སྟངས་ཤིག་རེད། ལོ་རྒྱུས་ལྡན་པའི་གོམས་སྲོལ་ཞིག་ཏུ་ཆགས། རྒྱ་བོད་ལ་ཁྱད་པར་མེད་པར་ཡོན་བདག་གི་གདོང་ལ་བལྟ་བཞིན་ཇ་མཆོད་སྐད་གསང་མཐོན་པོས་གསོལ་བ་དང་གཅིག་མཚུངས་ཡིན། དེ་དང་དེ་ལྟ་བུའི་དོན་སྙིང་ཡོད་མེད་ཀྱི་ཙག་ཙིག་དེ་ཚོས་སྔ་གཞུག་ལ་བུད་ནས་ཉི་མ་འཁྱོལ་ཐབས་བྱས། འདི་ནི་ངའི་ཉིན་གང་གི་མི་ཚེའི་རིན་ཐང་ཡིན། སྤྱི་ཚོགས་དང་དཔལ་འབྱོར་ལ་བསྔོ་ཐོགས་ཀྱང་མ་ཐོགས་ཀྱང་འདི་ལྟར་ཉིན་གང་སྐྱེལ་དགོས་པ་ང་གཅིག་པུའི་ལས་དབང་མིན་པར་གཞུང་ལས་ཁང་གི་མི་གཞན་དག་གིས་ཀྱང་འདི་བཞིན་ཆ་མ་འཚལ་བའི་མི་ཚེའི་མ་འོངས་པ་ལ་སྒུག་བཞིན་བསྡད་ཡོད།
       ཉིན་གུང་ལས་གྲོགས་ཚོ་དང་ལྷན་དུ་ཟ་མ་ཟོས། བུད་མེད་ཚོས་ཟས་བཅུད་ཀྱི་རིག་གནས་དང་སྐྱེས་གཟུགས་ཀྱི་མཛེས་དཔྱོད་དེ་བརྗོད་བྱའི་དཀྱིལ་སྙིང་དུ་བཟུང་ནས་འབྲི་རིགས་སྣ་ལྔའི་འཚོ་བཅུད་ནས་ཏུན་ཧོང་གི་བྲིས་རིས་ཁྲོད་ཀྱི་ལྷ་དང་ལྷ་མོའི་སྐུ་གཟུགས་ཀྱི་སྦོམ་ཕྲ་དང་སྐྱེ་མཆེད་བར་བགྲོ་གླེང་བྱས། སྐྱེས་པ་ཚོས་བཟའ་ཚང་གི་མཐུན་སྒྲིལ་ནས་འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་ཁྱིམ་གཞི་གཅིག་པའི་འཆམ་མཐུན། ཛ་དྲག་གི་འབྲེལ་ལམ། མི་རིགས་ཀྱི་ལ་རྒྱ་ནས་སློབ་གསོའི་ལམ་ལུགས་ལ་རང་ཉིད་ཀྱི་ལྟ་བ་དང་ཞིབ་འཇུག་གི་དཔྱད་འབྲས་བཀོད། ངས་ཀྱང་དུ་སྣེར་མེ་ཞིག་བགོས་ཏེ་སྔོ་ལྷོག་ལྷོག་རང་གི་དྲན་ཚུལ་དེ་ཚོ་རེ་རེ་བཞིན་ཕྱི་ནང་མེད་པར། ཁ་ཕྱོགས་མེད་པར། ལངས་ཕྱོགས་ཀྱང་མེད་པར་གཟུ་བོ་ཡིན་ཁུལ་གྱིས་གཅེར་བུར་ཅོག་ཙེ་ཟུར་ཞིག་ལ་བཤམས། བགྲོ་གླེང་བྱས་བྱས་མཐར་ཞབས་ཞུ་མ་ཡོང་ནས་ཟས་ལྷག་འཐུང་ལྷག་དང་ལྷན་དུ་ང་ཚོའི་ལྟ་བ་དེ་དག་གད་སྙིགས་ཀྱི་གྲས་སུ་ཕྱི་བདར་བྱས།
       འཛོམས་པ་གྲོལ་ཁར་ངས་ལས་གྲོགས་ཚོའི་གདོང་གི་ཁ་དོག་གསལ་བོར་མཐོང་། ཤ་མདོག་དམར་པོ་ཅན། དཀར་པོ་ཅན། སྨུག་སེང་དང་སེར་པོ་སོགས་སྣ་ཚོགས་མཆིས་པ་ལས། ངའི་ཡིད་དུ་འོང་བའི་ངོ་གདོང་དེ་གཏན་ནས་མི་འདུག ང་ལ་སུན་སྣང་དང་ཁེར་རྐྱང་གི་ཚོར་བ་ཞིག་གློ་བའི་གསེང་ནས་སྐྱེས། མིའི་རིགས་ཀྱི་ངོ་མདོག་འདི་དག་ལ་དོགས་པ་གསར་བ་ཞིག་གཞི་ནས་བསླངས། ངོ་མདོག་འདི་དག་གིས་ཅི་ཞིག་མཚོན་གྱིན་ཡོད་དམ། རིགས་རུས། གྲལ་རིམ། དཔལ་འབྱོར། གྲུབ་མཐའ། ཡུལ་ལུང་སོགས་ནས་རྩྭ་རའི་མཐའ་སྐོར་གྱི་ལྕགས་གདང་བར་དུ་ཡིད་ལ་འཁོར་བྱུང་། ཐུན་མོང་གི་སྤྱི་ཚོགས་ནས་མི་སྒེར་བ་རེ་རེའི་སེམས་ཁམས་ཀྱི་ཁེ་དབང་བར་དུ་ཡིད་ལ་དྲན། ད་དུང་སྒེར་བའི་ཁེ་དབང་དེ་དག་ལ་རྒྱལ་ཁྲིམས་ཀྱིས་སྲུང་སྐྱོབ་དང་རྒྱབ་རྟེན་ཡོད་པའང་ཡིད་ལ་དྲན། གློ་བུར་དུ་རང་ཉིད་སྨྱོས་འདུག་སྙམ་པའི་དྲན་ཚུལ་ཞིག་ཚ་ཤུར་ཤུར་བྱུང་། རྣམ་ཐར་དང་རྟོགས་བརྗོད་དེ་དག་གི་ཤུལ་དུ་རང་ཉིད་སྨྱོས་འདུག་པ་འདྲ།
       ཕྱི་དྲོ་ལས་ཚོགས་གྲོལ་རྗེས། ལས་ཁུངས་ཀྱི་མི་རྐྱང་རྣམ་པ་གཉིས་དྲ་ཁང་ལ་ཆས། ཀྲུའུ་རེན་གྱི་ཆུང་མས་གྲོགས་མོ་གཉིས་ཁྲིད་དེ་ཚོང་ཁང་ལ་སོང་། ཀྲུའུ་རེན་དང་དེའི་ཕྱོགས་ཀྱི་གསོ་ཕག་ཚོ་ཉིན་འདི་དག་གི་རིང་ཀུན་གྱི་གཞུག་ལ་བསྡད་ནས་ལས་ཀར་ཁ་སྣོན་བྱེད་རྒྱུ་ཞིག་ལོབས་ཡོད། དེ་ནི་མི་དམངས་ལ་ཞབས་འདེགས་ཞུ་སྲོལ་ཁྱད་པར་བ་ཞིག་རེད་སྙམ། ཡང་ན་གསང་བའི་ཆབ་སྲིད་ཀྱི་རྩ་དོན་ཞིག་ཡིན་ཀྱང་སྲིད། ནམ་རྒྱུན་གོང་རིམ་ནས་མངགས་པའི་ལས་གཞི་དེ་དག་ཕྱི་ཉིན་སྔ་སེ་ནམ་ལངས་པ་ན་ཐག་བཅད་ཟིན་ཡོད་པར་གཞིག་ན་ཁོ་ཚོའི་རྩ་དོན་དེའི་རྒྱབ་ལྗོངས་དང་མདུན་ལམ། དམིགས་ཡུལ། གོ་རིམ་སོགས་ཕལ་ཆེར་རྟོགས་ཡོང་།
       ངས་རླངས་འཁོར་གྱི་རྐྱལ་བ་ལ་ལྷན་པ་རྒྱག་ས་ཞིག་ནས་དེ་ལྟར་བསམ་བློ་མང་པོ་བཏང་རྗེས་རང་ཁྱིམ་དུ་ལོག ལས་ཀའི་ཁུར་ལྕི་བའི་རྐྱེན་གྱིས་ཡིན་ནམ། མནོ་བསམ་གཏོང་དྲགས་པའི་ཤུགས་ཀྱིས་མནར་བ་གང་ཡིན་མ་ཤེས་ཀྱང་། ཉིན་བཞིན་ཡུལ་ལ་ཐོན་དུས་ངལ་དུབ་ཅིག་གིས་ཐང་ཐང་དུ་དུབ་འདུག བྱིས་པའི་དཔེ་ཁུག་ནང་གི་རིམ་གྲོ་ལྟ་བུའི་ལས་བྱ་དེ་དག་ཕ་བུ་མཉམ་འབྲེལ་གྱིས་སྒྲུབ་ཚར་རྗེས་ཉི་མའང་ནུབ་འདུག ཉིན་གཅིག་གི་དུས་ཚོད་དེ་ལྟར་རྫོགས་སོ། །

སྤྱི་ལོ༢༠༢༥ལོའི་ཟླ༠ཚེས༢༤ཉིན་ཟི་ལིང་ནས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།