གསར་འགྱུར་ལོ་ཙཱ་བྱེད་སྐབས་ཀྱི་མཉམ་འཇོག་བྱེད་དགོས་ས།
རྩོམ་པ་པོ།:བསོད་ནམས་སྒྲོལ་མ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-09-10 09:51:12
ཀློག་གྲངས།:
གསར་འགྱུར་ལོ་ཙཱ་བྱེད་སྐབས་ཀྱི་མཉམ་འཇོག་བྱེད་དགོས་ས་འགའ་རགས་ཙམ་གླེང་བ།
བསོད་ནམས་སྒྲོལ་མ།
ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་ཡིག་སྒྱུར་གྱི་ཚད་གཞི་གཞིར་བཟུང་སྟེ་གསར་འགྱུར་རྩོམ་ཡིག་ལོ་ཙཱ་བྱེད་པའི་སྐབས་སུ་མ་ཡིག་ལ་བརྩི་སྲུང་བྱེད་པའི་རྨང་གཞིའི་སྟེང་ནས། ལོ་ཙཱ་པ་དང་ཆབ་སྲིད་རིག་གནས་བར་གྱི་འབྲེལ་བ། འགྱུར་རྩོམ་ལ་མ་རྩོམ་ལྟ་བུའི་ཉམས་ཐོན་དགོས་པ། དེ་མིན་གཞན་ས་མིང་ཆུ་མིང་ལ་སོགས་པའི་ལོ་ཙཱ་བྱེད་སྟངས་ལ་དོ་སྣང་བྱེད་དགོས་ལུགས་སྐོར་རགས་ཙམ་གླེང་ཡོད།
བརྡ་ཆད་གཙོ་བོ། གསར་འགྱུར་ལོ་ཙཱ། དོན་དང་ཚིག མཉམ་འཇོག
སྤྱིར་ལོ་ཙཱ་ཞེས་པ་ནི་རྒྱལ་ཁབ་དང་མི་རིགས་ཕན་ཚུན་བར་གྱི་འཚོ་བ་དང་དཔལ་འབྱོར། རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་ལོན་དང་། དྲིལ་སྒྲོག སློབ་སྦྱོང་སོགས་བྱེད་པའི་རིག་གནས་ཀྱི་བྱེད་སྒོ་ཞིག་ཡིན་པར་མ་ཟད། ཕྱོགས་ཕན་ཚུན་གྱི་ལེགས་ཆ་དང་ཉམས་མྱོང་ཚུར་ལེན་བྱེད་པའི་ཆེད་དུའང་ཡིན། དེ་བས་ལོ་ཙཱ་པ་ནི་རྒྱལ་ཁབ་དང་མི་རིགས་ལ་མེད་དུ་མི་རུང་བའི་དཔུང་སྡེ་ཞིག་ཡིན་ལ། ལོ་ཙཱ་པའི་འགན་ཁུར་ཡང་དེ་བཞིན་དུ་ལྕི་ཞིང་གལ་ཆེ་བ་ཡིན། གསར་འགྱུར་ལོ་ཙཱ་པར་ཆ་མཚོན་ན། གཙོ་བོ་རྒྱལ་ཁབ་ཀྱི་ཆབ་སྲིད་རིག་གནས་དང་བཅས་པ་ལོ་ཙཱ་བྱེད་པ་ཞིག་ཡིན་པས་དེ་ལ་གཞན་ལས་འཕགས་པའི་བླ་མེད་ཀྱི་འགན་འཁྲི་ལྕི་མོ་ཞིག་ལྡན་ཡོད།
དང་པོ། ལོ་ཙཱ་པ་དང་ཆབ་སྲིད་རིག་གནས་བར་གྱི་འབྲེལ་བ།
ལོ་ཙཱ་པ་ཞིག་ཡིན་ན་ལོ་ཙཱ་བྱེད་ཡུལ་གང་ཞིག་ལ་རྒྱུས་ལོན་དང་བྱང་ཆ་ཡོད་པ་ཞིག་ཡིན་དགོས་པ་མ་ཟད། ལོ་ཙཱ་བྱེད་ཡུལ་དེར་དེ་ལས་ལྷག་པར་དུངས་བ་ཟབ་མོ་ཞིག་ལྡན་དགོས། དེ་ནི་བོད་པའི་ལུགས་ལྟར་ན་ཀུན་སློང་སྔོན་དུ་འགྲོ་བ་ཞེས་པ་དེ་ཡིན། གལ་ཏེ་ལོ་ཙཱ་པ་གང་ཞིག་ལོ་ཙཱ་བྱེད་ཡུལ་དེར་དེ་འདྲའི་དགའ་བོ་མེད་ན། གང་དེས་ལོ་ཙཱ་བྱས་པའི་བརྩམས་ཆོས་དེར་འབྲས་བུ་དེ་འདྲའི་བཟང་པོ་ཞིག་འབྱུང་རྒྱུ་དཀའ་མོ་རེད། དེ་བཞིན་དུ་གསར་འགྱུར་ལོ་ཙཱ་པ་ཞིག་ལ་ཆ་མཚོན་ན། ཆེས་ཐོག་མའི་གནད་ཀྱི་དམ་པ་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་རིག་གནས་ལ་དགའ་བོ་ཡོད་དགོས་པ་དེ་རེད།
མཁས་པའི་གསུང་རབ་ལས། “དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། ཡོན་ཏན་ཐམས་ཅད་འཕེལ་ཅིང་རྒྱས་པར་བྱེད།”ཅེས་པ་ལྟར་ལོ་ཙཱ་བྱེད་ཡུལ་དེར་དད་པ་ལྡན་པ་ལྟ་བུ་ཞིག་གི་ཀུན་སློང་སྔོན་དུ་སོང་ནས་ལོ་ཙཱ་བྱེད་པ་ནི་ཤིན་ཏུ་གལ་ཆེ། ལྷག་པར་ཏུ་ལོ་ཙཱ་པར་ཆབ་སྲིད་རིག་གནས་ཀྱི་བྱང་ཚད་ཅུང་མཐོན་པོ་ཞིག་ལྡན་དགོས་ལ། ལོ་ཙཱ་བྱེད་དུས་སྲིད་ཇུས་ཀྱི་རྩ་བའི་འཕེལ་ཕྱོགས་དང་། སྐབས་དེའི་གནས་བབ། གཞི་རྩའི་རྩ་དོན་དང་། ཚིག་གི་གོ་རིམ་སྒྲིག་སྟངས་སོགས་ལ་རྒྱུས་ལོན་ཟབ་མོ་ཡོད་དགོས་པར་མ་ཟད། གྲོང་ཚིག་དང་ཚིག་རྒྱན་གྱིས་བཅིངས་པ། དགོས་མེད་ཀྱི་ཚིག་ལྷག་སྣོན་པ། རང་ཉིད་ཀྱི་ལྟ་ཚུལ་བརྗོད་པ་སོགས་ཀྱི་སྣང་ཚུལ་འབྱུང་མི་རུང་ལ། དེ་ལྟར་བྱས་ན་ལོ་ཙཱ་བྱེད་པའི་ཆབ་སྲིད་ཀྱི་རྩ་བའི་གཞུང་ལུགས་དང་འགལ་བར་མ་ཟད། ཆབ་སྲིད་རིག་གནས་ལ་བརྩི་མཐོང་དང་གདེང་འཇོག་མ་བྱས་པ་དང་། ཆབ་སྲིད་ཀྱི་བྱང་ཚད་དམའ་བའི་སྐྱོན་དུའང་འགྱུར་བ་ཡིན་པས་གཟབ་རྒྱུ་གལ་ཆེའོ། །
གཉིས་པ། འགྱུར་རྩོམ་ལ་མ་རྩོམ་ལྟ་བུའི་ཉམས་ཐོན་དགོས།
དེང་སྐབས་ལོ་ཙཱ་པ་རྣམས་ཀྱིས་ལོ་ཙཱ་བྱས་པའི་བརྩམས་ཆོས་མང་པོ་ཞིག་ལ་བལྟས་ཡོང་ན། བལྟས་མ་ཉིད་དུ་བརྩམས་ཆོས་དེ་ནི་ལོ་ཙཱ་བྱས་པའི་བརྩམས་ཆོས་ཤིག་ཡིན་པའི་ཚོར་བ་དུས་ཐོག་ཏུ་སྟེར་ངེས་རེད། དེ་དག་གཙོ་བོ་བོད་མི་ཡིག་རྨོངས་པ་ཞིག་ཕར་ཞོག་ཤེས་ལྡན་པ་ཞིག་ཡིན་ནའང་། འགྱུར་རྩོམ་དེ་དག་གི་ཁྲོད་ཀྱི་ནང་དོན་སོགས་ལ་གོ་བ་ལེན་མི་ཐུབ་པའི་གནས་མང་པོ་ཡོད། དེ་ཡང་གཙོ་བོར་ལོ་ཙཱ་པའི་མིང་བརྡའི་འགྱུར་སྐྱོན་དང་། ཚིག་གི་འགྱུར་སྐྱོན་བཅས་སུ་བྱུང་བའི་སྐྱོན་ཆེན་པོ་ཞིག་རེད། དཔེར་ན། “目前”ལྟ་བུར་མཚོན་ན། དེང་སྐབས་མང་ཆེ་ཤོས་ཀྱིས“མིག་སྔར”ཞེས་ལོ་ཙཱ་བྱེད་བཞིན་འདུག་པ་རེད། དེ་ནི་བོད་རང་གི་ཐ་སྙད་ཁྲོད་དོན་ངོ་མར་དེ་ལ་འཚམ་མིན་གྱི་ཐ་སྙད་ཡོད་མེད་ལ་འདང་མ་བརྒྱབ་པ་ཞིག་རེད། སྐད་ཆ་དེའི་ཚིག་གི་ངོ་གདོང་ནས་བསམ་བློ་བཏང་ན། “目”ནི་མིག་དང་། “前”ནི་སྔོན་ཡིན་པས། དེ་ལ་ཐད་ཀར་དུ་མིག་སྔར་ཞེས་ལོ་ཙཱ་བྱས་ན། འདི་ལ་བརྡ་སྤྲོད་ཀྱི་ཆ་ནས་ཀྱང་འགལ་བ་ཡོད་དེ། བོད་ཀྱི་བརྡ་སྤྲོད་ནི་ཚིག་གི་དཀྱིལ་ལ་སྦྱར་ན་དོན་སྟོན་པ་ཞིག་ཡིན་པ་ལས། ཚིག་གི་མཐའ་ལ་སྦྱར་ན་དོན་སྟོན་པ་ཞིག་ག་ལ་ཡིན།
སྤྱིར་ར་སྒྲ་ནི་ལ་དོན་གྱི་ཕྲད་ཡིན་པས་མིག་སྔར་ལྟ་བུ་ལ་མཚོན་ན་མིག་སྔ་ལ་ཞེས་པའི་དོན་དུ་འགྱུར་བ་ཡིན་པས་གོ་དོན་ཅི་ཡང་མི་འདུག དེ་བས“目前”ལྟ་བུ“ད་སྐབས”སམ“དེང་དུས”ཞེས་སུ་ལོ་ཙཱ་བྱས་ན་བོད་སྐད་ཡིག་གི་འགྲོས་དང་མཐུན་པར་མ་ཟད། བོད་མི་སྤྱི་ཡིས་གོ་བ་ལེན་ཐུབ་པར་ཕན་ཐོགས་ཤིན་ཏུ་ཆེ། དེ་བཞིན་དུ“亮点”ལྟ་བུ་ལ་ལྷང་ངེ་བ་ཞེས་ལོ་ཙཱ་བྱས་འདུག་པ་ཡོད་ལ། ཚིག་གི་ངོ་གདོང་ནས་དེ་འདྲ་ཞིག་ཡིན་ཡང་བོད་སྐད་ཡིག་གི་ཐ་སྙད་ལ་འདང་བརྒྱབ་ན། དེ་ལ“འབུར་ཐོན”དང“མངོན་གསལ”ཞེས་ལོ་ཙཱ་བྱས་ན་ཡིག་ངོས་ནས་གོ་བ་ལེན་པར་བོད་སྐད་ཡིག་གི་ཁྱད་ཆོས་ཅུང་ཡོད་པ་ཡིན།
ད་དུང་། དཔེར་ན། “跨越”ལ་ལོ་ཙཱ་པ་ཁ་ཤས་ཀྱིས“འཕུར་མཆོང”ཞེས་ལོ་ཙཱ་བྱས་ཡོད་ཅིང་། དེ་ལ“ཐོད་བརྒལ”ཞེས་ལོ་ཙཱ་བྱས་ན་ཅུང་འཕྲོད་པ་རེད། གསར་བྱུང་གི་བྱ་དངོས་མང་པོ་ཞིག་ལ་དམངས་ཁྲོད་དུ་ཐ་སྙད་དོན་ལ་འབྱོར་ཞིང་རྣ་བར་སྙན་པ་སྦྱར་དང་སྦྱོར་བཞིན་ཡོད་པ་ལགས་ན། ང་ཚོས་མིང་བརྡའི་གཏེར་ཁ་དེ་བེད་སྤྱོད་གང་ལེགས་བྱེད་པ་དང་དེ་ཉིད་གང་ལ་གང་འཚམ་དུ་སྦྱོར་བ་ལས་སླར་ཡང་མིང་གསར་པ་ཞིག་ཏུ་བསྒྱུར་དགོས་པའི་ངེས་པ་མེད་སྙམ།
ཡང་དཔེར་ན། “按摩”ལ“བསྐུ་མཉེ”ཞེས་པ་དང་། “零食”ལ“ཁྱེའུ་སུས”། “煎饼”ལ“སྣོག་ཟན”ལྟ་བུ་ཡང་རིགས་འགྲེའོ། །
གསུམ་པ། ས་མིང་ཆུ་མིང་སོགས་ལོ་ཙཱ་བྱེད་དུས་ཤིན་ཏུ་གཟབ་དགོས།
སྤྱིར་བོད་མི་རིགས་ལ་མཚོན་ན། རི་རབ་ཁང་ཁྱིམ་ལྗོན་ཤིང་དང་། མཚོ་དང་མཚེའུ་སོགས་མང་ཆེ་ཤོས་ཤིག་ལ་འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་འདོགས་སྟངས་སྣ་ཚོགས་ཤིག་ཡོད་ཅིང་། དེ་དག་གི་མིང་འདོགས་སྟངས་ལ་བཤད་རྒྱུན་ཡང་མི་ཉུང་བ་ཞིག་ཡོད་པ་ཡིན། དེ་བས་རྒྱ་ཡིག་གི་སྟེང་ནས་འདི་དག་ལོ་ཙཱ་བྱེད་དུས་ངེས་པར་ཏུ་ཡིག་འབྲུ་རེ་རེ་ཡི་གྲུབ་སྟངས་དང་མིང་དེ་དག་གི་བསྟན་བྱ་དང་འབྱུང་ཁུངས་བཅས་ལ་རྒྱུས་ལོན་གཏིང་ཟབ་མོ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན། གལ་ཏེ་ལོ་ཙཱ་བྱེད་སྟངས་ཕྲན་ཙམ་ནོར་ན་དེ་རྒྱུན་འབྱམས་སུ་སོང་ནས་མཇུག་མཐར་བོད་ཀྱི་ས་མིང་ཆུ་མིང་དེ་ཡང་ར་མིན་ལུག་མིན་གྱི་ཁྱུ་ཞིག་ཏུ་འགྱུར་བར་གདོན་མི་ཟ་སྟེ། དཔེར་ན། “རིག་སྨོན”ཞེས་པའི་ས་ཆ་དེའི་ཁོར་ཡུག་རྣམ་པར་མཛེས་ཤིང་། མཚོ་དང་མཚེའུ་ཡོད་པ། རྩྭ་ཐང་ཡངས་ཤིང་ཆེ་བ། མི་རྣམས་བདེ་ཞིང་སྐྱིད་པའི་ཡུལ་ཁམས་རིག་ན་ཉམས་དགའ་སྨོན་པ་འཆོར་བའི་གནས་ཤིག་ཡིན་པ་གཞིར་བྱས་ཏེ་གནའ་ནས་ད་བར་དུ་མི་རྣམས་ཀྱིས་ཡུལ་ཁམས་དེ་ལ“རིག་སྨོན”ཞེས་མིང་བཏགས་ཡོད་པ་རེད། ཡིན་ནའང་། གསར་འགྱུར་ལོ་ཙཱ་པ་རེ་འགས་དེ་ལྟ་བུའི་བོད་ཀྱི་གདོད་མའི་ས་མིང་ཡག་པོ་མིང་དོན་དང་མཚུངས་བ་དེ་དོར་ནས“རིག་མོ”ཞེས་བསྒྱུར་བའང་ཡོད་པ་རེད། གལ་ཏེ་འདི་ལྟར་རིམ་གྱིས་ཡུན་རིང་འདས་ན་ང་ཚོ་བོད་ཀྱི་ས་མིང་ཆུ་མིང་འདི་ཅི་ལྟ་བུ་ཞིག་ཏུ་འགྱུར་སྲིད་དམ། མཚོ་ལྷོ་ཁུལ་ལ་ཆ་མཚོན་ན། དགོན་པ་གྲྭ་ཚང་། གནའ་ཤུལ་གྲགས་ཅན། རི་ལུང་ཐང་གསུམ། མཚོ་དང་མཚེའུ། ཆུ་དང་ཆུ་མིག་ལ་སོགས་པའི་ས་མིང་བསྡོམས་པས4500ལྷག་ཡོད་པར་བཤད་དེ། ས་ཁུལ་ཆུང་ངུ་ཞིག་ལ་ས་མིང་འདི་འདྲའི་མང་པོ་ཞིག་ཡོད་པ་ཡིན་ན། ལོ་ཙཱ་པས་ངེས་པར་ཏུ་བོད་ཁུལ་གྱི་ས་མིང་ཆུ་མིང་གི་གདོད་མའི་མིང་འདོགས་སྟངས་དང་མིང་དེ་དག་གི་བྱུང་བ་དང་ལོ་རྒྱུས་རྒྱབ་ལྗོངས་སོགས་ལ་རྒྱུས་ལོན་བྱེད་པ་ལས་སྣང་ཆུང་གཏན་ནས་བྱེད་མི་རུང་བ་ཡིན། ས་མིང་ནི་མི་རིགས་ཀྱི་ཤུལ་བཞག་རིག་གནས་ཤིག་ཡིན་པ་མ་ཟད། དེ་ཉིད་མྱུར་སྐྱོབ་དང་རྒྱུན་འཛིན་བྱེད་པ་ནི་ང་ཚོ་རིག་གནས་ཀྱི་ལས་ཀ་གཉེར་མཁན་ཚང་མའི་ཕྲག་ལ་བབས་པའི་འགན་འཁྲི་ལྕི་མོ་ཞིག་རེད། དཔེར་ན། ཀོས་ནན་བྱ་མདོ་ལ་རྒྱ་ཡིག་གི་ངོས་ནས“沙沟”ཞེས་བྲིས་ཡོད་པ་དེ་ལོ་ཙཱ་པ་ལ་ལས་ཐད་ཀར་དུ་ཧྲ་གུག་ཞེས་ལོ་ཙཱ་བྱེད་པ་དང་། ཐ་ན་ཀོས་ནན་ས་ཆའི་བོད་པ་རྣམས་ཀྱིས་ཀྱང“ང་རང་ཀོས་ནན་བྱ་མདོ་ཡི་ཡིན”ཞེས་མི་བཤད་པར“ང་ནི་ཀོས་ནན་ཧྲ་གུག་གི་ཡིན”ཞེས་བཤད་བཞིན་ཡོད། དེ་མིན་ད་དུང་ཐུན་ཏེའི་འབའ་ལུང་བ་ལ་འབའ་གུག“巴沟”ཞེས་རྒྱ་སྐད་ཀྱི་སྒྲ་སོར་བཞག་བྱས་ནས་རྗོད་ཀྱིན་ཡོད་པ་འདི་དག་ནི་ལོ་ཙཱ་པ་ལ་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཚབས་ཆེན་ཞིག་རེད། འདི་དང་འདི་ལྟ་བུའི་གནད་དོན་མི་ཉུང་བ་མང་པོ་གནས་ནའང་རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱས་པ་ཡིན། གང་ལྟར། ལོ་ཙཱ་པས་ས་མིང་ཆུ་མིང་སོགས་ལོ་ཙཱ་བྱེད་དུས་ངེས་པར་ཏུ་གཟབ་དགོས་པ་ཡིན་ལ། འདི་དག་ལོ་ཙཱ་པར་མཚོན་ན་བཟློག་ཏུ་མེད་པའི་འོས་འགན་ཞིག་ཀྱང་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།