རྒྱ་བོད་གསར་འགྱུར་ལོ་ཙཱའི་འཇོན་ནུས་སྦྱོང་ཐབས་གླེང་བ།
རྩོམ་པ་པོ།:གསང་བདག་རྒྱལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-11-19 09:05:44
ཀློག་གྲངས།:
སྤྱིར་རྒྱ་བོད་གསར་འགྱུར་ལོ་ཙཱ་ལ་སྤྱི་ཚོགས་ཀྱི་རིན་ཐང་དང་སྐད་བརྡའི་རིན་ཐང་། གསར་གཏོད་ཀྱི་རིན་ཐང་། ལོ་རྒྱུས་ཀྱི་རིན་ཐང་སོགས་ལོ་ཙཱ་ཐུན་མོང་གི་རིན་ཐང་ལྡན་པར་མ་ཟད། དམིགས་བསལ་གྱི་རིན་ཐང་ཡང་འགའ་ཞིག་མཆིས་ཏེ། སྲིད་ཇུས་སྒྲོག་སྤེལ་གྱི་རིན་ཐང་དང་དམངས་ཕན་ཞབས་ཞུའི་རིན་ཐང་། གྲུབ་འབྲས་དྲིལ་སྒྲོག་གི་རིན་ཐང་སོགས་ཀྱང་གང་ལ་དེ་འཚམ་ཞིག་མངའ། ཁྱད་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བ་དང་འདུ་ཤེས་འཛིན་སྟངས་ཀྱི་བྱ་བར་རམ་འདེགས་བྱེད་པ་སོགས་ཀྱི་ཐད་ལའང་རིན་ཐང་ཆེན་པོ་བདོག རིན་ཐང་དེ་དག་ཡང་དག་ཅིང་ཇི་ལྟ་བ་བཞིན་མངོན་དུ་འགྱུར་དགོས་ན། རྒྱའི་སྐད་ཡིག་གི་ལམ་གྱི་འབྲེལ་ཡོད་གསར་འགྱུར་རྣམས་ཚད་དང་ལྡན་པར་བོད་སྐད་ཡིག་ཏུ་ལོ་ཙཱ་བྱེད་ཐུབ་མིན་དེ་ཧ་ཅང་གལ་ཆེན་དུ་གྱུར་ཡོད་གཤིས། ལོ་ཙཱ་བ་འཇོན་ཐང་ཅན་མང་པོ་ཡོད་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་པའི་སྔོན་འགྲོའི་ཆ་རྐྱེན་ཉག་གཅིག་པུ་དེ་ཡིན་མོད། དེང་སྐབས་རྒྱལ་ནང་གི་རྒྱ་བོད་གསར་འགྱུར་གྱི་ལོ་ཙཱ་བའི་སྡེ་ལ་ཞིབ་ཏུ་བལྟས་ན། ཆེད་ལས་ལོ་ཙཱ་བ་ཉུང་ཞིང་།བརྒྱ་ལ་རེ་འགའ་ཡོད་པ་དག་ཀྱང་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ལ་བྱང་ཆ་ལྡན་པ་དང་། གནའ་དེང་ཕྱི་ནང་གི་རིག་གནས་རྒྱབ་ལྗོངས་ཀུན་ལ་རྒྱུས་མངའ་ཟབ་པ་ཤིན་ཏུ་དཀོན། དེ་བས་རྒྱ་བོད་གསར་འགྱུར་གྱི་ལོ་ཙཱ་བ་རྣམས་ཀྱིས་དོན་དངོས་གནས་ཚུལ་འདི་ལྟ་བུ་ངོས་ཟིན་པར་བྱས་ནས། དུས་རྒྱུན་དུ་བསླབ་པ་སློབ་གཉེར་ལ་གཙིགས་འཛིན་བྱ་དགོས་ཏེ། «རྣམ་པར་བཤད་པའི་རིགས་པ»ལས། “མ་ཐོས་པ་ཐོས་པར་འགྱུར་བ་དང་། ཐོས་པ་ཡོངས་སུ་བྱང་བར་འགྱུར་བ་དང་། སོམ་ཉི་སྤོང་བ་དང་། ལྟ་བ་དྲང་པོར་བྱེད་པ་དང་། ཤེས་རབ་ཀྱིས་ཚིག་དང་དོན་ཟབ་མོ་རྟོགས་པར་འགྱུར་བའོ། །”①ཞེས་འབྱུང་བ་ལྟར། དུས་རྟག་ཏུ་ཤེས་བྱའི་གནས་ལ་སློབ་གཉེར་བྱས་ན། མི་ཤེས་པའི་གནས་རྣམས་ཤེས་པར་འགྱུར་བ་དང་། ཐེ་ཚོམ་སེལ་བ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ། རིན་ཐང་ལྟ་ཚུལ་བཅས་ཡང་དག་པར་གནས་པ། ཚིག་དོན་ཟབ་མོ་རྣམས་ཀྱི་མཐིལ་རྟོགས་ཤིང་དངོས་པོའི་དེ་ཉིད་མཐོང་བར་འགྱུར་བ་སོགས་དགེ་མཚན་བླ་ན་མེད་པ་མཆིས་པས། སློབ་གཉེར་གྱིས་རྒྱ་བོད་གསར་འགྱུར་ལོ་ཙཱ་བའི་འཇོན་ནུས་མཐོ་རུ་འདེགས་པར་ཕན་རླབས་ཆེན་པོ་འབྱུང་བ་བསྙོན་དུ་མེད། དེའི་རྒྱུ་མཚན་གྱིས་རྒྱ་བོད་གསར་འགྱུར་ལོ་ཙཱ་བ་རྣམས་ཀྱིས་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ལ་དང་དོད་བྱེད་པ་དང་། སྡེབ་ལེགས་ལྷུ་འགྲིག་གི་ཕ་སྐད་རྣལ་མའི་ལམ་དུ་ལོ་ཙཱ་བྱེད་ཐུབ་པར་འབད་པ། ལྷག་པར་དུ་གསར་འགྱུར་ལ་སྲིད་ཁྲིམས་དང་ཚན་རྩལ། སློབ་གསོ་དང་ལོ་རྒྱུས། གནམ་རིག་སྐར་རྩིས། ཞིང་ཕྱུགས་བཟོ་ལས་སོགས་ཤེས་བྱའི་ཁེབས་རྒྱ་ཧ་ཅང་ཆེ་བར་བརྟེན། ཤེས་བྱ་སྣ་མང་ལ་རྒྱུས་མངའ་ཡོད་དགོས་ལ། མི་རིགས་སྣ་མང་གི་རིག་གནས་རྒྱབ་ལྗོངས་ཀྱང་གང་འཚམ་རྟོགས་དགོས། དེའི་ཕྱིར་མ་མཐར་ཡང་རང་ཉིད་གསར་འགྱུར་ལོ་ཙཱའི་ཆེད་ལས་མཁས་པ་ཞིག་ཆགས་མི་ཐུབ་རུང་། རྩ་བའི་ཚད་གཞི་དང་ལྡན་པའི་རྒྱ་བོད་གསར་འགྱུར་གྱི་ལོ་ཙཱ་བ་ཡག་པོ་ཞིག་ཏུ་འགྱུར་བར་འབད་རྒྱུ་ནི་གཞི་རྩའི་བླང་བྱ་ཡིན་པ་རྟོགས་པར་བྱས་ཤིང་། དུས་དང་རྣམ་པ་ཀུན་ཏུ“རིག་པ་ནངས་པར་འཆི་ཡང་བསླབ”②ཅེས་པའི་སྙིང་སྟོབས་དང་འདུ་ཤེས་ཡིད་ལ་དམ་པོར་བཟུང་སྟེ། སློབ་གཉེར་གྱི་གོ་སྐབས་ཕྲ་མོ་ཙམ་ཡང་དོན་མེད་དུ་མི་གཏོང་བར་རྟག་སྦྱོར་གྱི་བརྩོན་པ་བསྟེན་དགོས། དེས་ན་དེ་ལྟ་བུའི་གོ་རྟོགས་ཅན་དང་འདུ་ཤེས་མངའ་མཁན་ཞིག་གིས་རྟག་སྦྱོར་གྱི་བརྩོན་པ་བསྟེན་དུས། སློབ་གཉེར་གྱི་གནད་གང་ལ་འཇུག་པ་དང་ཚུལ་ཇི་ལྟར་འཇུག་པ། ཞུགས་ནས་ཚད་ཇི་ལྟ་བུ་ཞིག་ལ་བསླེབ་པར་བྱ་བ་བཅས་ཀྱི་ཐད་ནས་རང་གི་མྱོང་བ་དང་སྦྱར་ཏེ་བསམ་ཚུལ་ཅུང་ཙམ་ཞུ་བར་བྱའོ། །
དང་པོ། ཚད་ཐིག་མཐོན་པོར་དམིགས་པའི་ཚད་གཞི་ཡང་དག་ངོས་ཟིན་པ།
དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཞལ་ནས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་དུ་བླང་བར་གྱིས། །③ཞེས་གསུངས་པ་ལྟར། རྒྱ་བོད་གསར་འགྱུར་ལོ་ཙཱ་བ་རྣམས་ཀྱིས་རང་ཉིད་གཙོ་བོར་འཇུག་སའི་ཤེས་བྱའི་གནད་དེ་གང་ཡིན་པ་ངོས་ཟིན་དགོས་ཤིང་། དེ་ངོས་ཟིན་པ་ལ་རྒྱ་བོད་གསར་འགྱུར་ལོ་ཙཱའི་ཚད་གཞི་ཡང་དག་དང་བསྟུན་ནས་བསླབ་པར་བྱ་བའི་གནས་གཏན་ལ་ཕབ་ན། གནད་ཐོག་ལ་འཁེལ་བ་དང་དམིགས་གཏད་རང་བཞིན་ལྡན་པ་སོགས་ཀྱི་དགེ་མཚན་ལྡན་པས། ཐོག་མར་རྒྱ་བོད་གསར་འགྱུར་ལོ་ཙཱའི་ཚད་གཞི་ཡང་དག་ལ་ངེས་ཤེས་འདྲོང་བར་བྱ། སྤྱིར་གནའ་དེང་ཕྱི་ནང་གི་ལོ་ཙཱའི་གཞུང་ལུགས་ཀྱི་ལོ་རྒྱུས་ཐོག་ཏུ་ལོ་ཙཱའི་ཚད་གཞི་སྐད་གྲགས་ཅན་སྣ་ཚོགས་བཏོན་ཡོད་དེ། བོད་བཙན་པོའི་སྐབས་སུ། “དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག”④ཅེས་པའི་ཚད་གཞི་སྐད་གྲགས་ཅན་དེ་གཏན་ལ་ཕབ་པ་དང་། ཕྱིས་ཀྱི་ལོ་ཙཱ་བ་ཆེན་མོ་ལྕང་སྐྱ་རོལ་བའི་རྡོ་རྗེ་མཆོག(1717-1786)གིས“ཚིག་གསལ་ཞིང་གོ་བདེ་བ་དོན་དང་མི་འགལ་བར་བྱས་ཏེ་ལེགས་པར་བསྒྱུར”⑤ཞེས་པའི་ཚད་གཞི་བཏོན་པ། དེ་མིན་རྒྱའི་ལོ་ཙཱ་བ་ཆེན་མོ་ཡན་ཧྥུ(严复1854-1921)ལགས་ཀྱིས“བསྟུན་བདེ་སྙན”⑥ཞེས་པའི་ལོ་ཙཱའི་ཚད་གཞི་གྲགས་ཅན་བཏོན་པ་དང་། ཕྱི་གླིང་གི་ལོ་ཙཱའི་གཞུང་ལུགས་སྨྲ་བ་རྣམས་ཀྱིས་ལོ་ཙཱའི་ཚད་གཞི་སྣ་ཚོགས་ཤིག་བཏོན་པ་དག་ནི་མདོར་དྲིལ་ན་དོ་མཉམ་སྨྲ་བ་དང་ནུས་མཚུངས་སྨྲ་བ་གཉིས་སུ་འདུ་བ་ཡིན།⑦ གང་ལྟར། དེ་དག་ཐམས་ཅད་ནི་འཇར་མན་གྱི་ལོ་ཙཱའི་གཞུང་ལུགས་སྨྲ་བ་ཧྥེ་མའེ་ཨར(Hans Vermeer1930.9.24-2010.2.4)ལགས་ཀྱིས་གསུངས་པ་ལྟར་ལགས་ཏེ། ལོ་ཙཱའི་ཚད་གཞི་ལ་དང་ཐོག་ལོ་ཙཱ་ཡིས་མ་རྩོམ་གང་ཉིད་ཡང་དག་པར་མཚོན་དགོས་པར་འདོད་པ་དང་། ཕྱིས་སུ་ཀུན་གྱིས་གླེང་བ་ནི་མ་ཡིག་དང་མཐུན་པའམ་འདྲ་མཉམ་གྱི་ལོ་ཙཱ་ཡིན། ད་ལྟ་དེ་ལས་ཀྱང་ཞིབ་ཚགས་སུ་སྨྲ་སྟེ། འགྱུར་ཡིག་གང་ཉིད་ནང་དོན་དང་ནུས་པ། ཡང་ན་ཕན་འབྲས་སོགས་ཀྱི་ཆ་ནས་མ་རྩོམ་དང་འདྲ་མཉམ་ཡོང་བར་བྱེད་དགོས་པར་བཞེད་པ⑧ནི་ཐུགས་མད་པའི་གཏམ་ཡིན།
ཕྱི་གླིང་མཁས་པར་གྲགས་པའི་དོ་མཉམ་སྨྲ་བ་དང་ནུས་མཚུངས་སྨྲ་བ་གཉིས་ནི་དོན་གྱིས་མ་ཡིག་དང་འགྱུར་ཡིག་གཉིས་ཀྱི་ནུས་པ་དང་སྐད་ཆའི་རྒྱུ་ཆ་དོ་མཉམ་ཡིན་པ་བརྒྱུད་ཀློག་པ་པོས་མ་ཡིག་བཀླགས་པའི་མྱོང་ཚོར་དང་འགྱུར་ཡིག་བཀླགས་པའི་མྱོང་ཚོར་གཉིས་དོ་མཉམ་ཡིན་དགོས་པ་དང་། མ་ཡིག་ཀློག་པ་པོ་དང་འགྱུར་ཡིག་ཀློག་པ་པོ་རྣམས་ཀྱིས་རྟོགས་པའི་བརྡ་འཕྲིན་འདྲ་མཉམ་བརྒྱུད་ནས་སོ་སོར་བསྐྱེད་པའི་ནུས་པ་གཅིག་མཚུངས་ཡིན་དགོས་པར་འདོད་པ་དེ་ཡིན།⑨ ལོ་ཙཱའི་ཚད་གཞིའི་ངོས་ནས་བཤད་ན། འདི་ནི་ཚད་གཞི་ཧ་ཅང་མཐོན་པོ་ཞིག་ཡིན་ལ། མངོན་འགྱུར་བྱེད་དཀའ་བ་ཞིག་ཀྱང་ཡིན་པར་མ་ཟད། ཕུགས་བསམ་རང་བཞིན་ལྡན་པའི་ཚད་གཞི་ཞིག་ཀྱང་ཡིན་པར་འདོད་དེ། ཡུལ་དུས་མི་གསུམ་དང་རིག་གནས་སོགས་ཁྱད་པར་གྱི་དབང་གིས་ཚོར་བ་འདྲ་མཉམ་དང་ནུས་པ་གཅིག་མཚུངས་བསྐྱེད་རྒྱུ་ནི་ཤིན་ཏུ་དཀའ་བའི་གནས་ཤིག་ཡིན་པའི་ཕྱིར་རོ། །
ཁོ་བོའི་མ་དག་རྒྱུད་ཀྱི་དྲན་ཚུལ་ལ། ཀློག་པ་པོ་མཆོག་དམན་བར་མ་གང་ཞིག དེའི་རྒྱུད་ཀྱི་སྐད་རིགས་གཉིས་ཀྱི་ཆུ་ཚད་མཉམ་པ་དང་། རིག་གནས་རྒྱབ་ལྗོངས་ཀྱི་ཤེས་ཚད་མཚུངས་པ་ཅན་ཞིག་གིས་མ་ཡིག་དང་འགྱུར་ཡིག་གཉིས་སྔ་རྗེས་སུ་བཀླགས་པའི་སྐབས་སུ། ཁོ་ལ་བཀླགས་འབྲས་གཅིག་མཚུངས་བསྐྱེད་པར་འབད་བརྩོན་བྱས་ཆོག་སྙམ་སྟེ། དེ་ལྟ་བུའི་ཀློག་པ་པོ་དེས་མ་ཡིག་དང་འགྱུར་ཡིག་བཀླགས་པ་ན། བརྗོད་བྱའི་དོན་གཅིག་ཏུ་གོ་བ་དང་རྗོད་བྱེད་ཀྱི་ཚིག་དོ་མཉམ་དུ་མཐོང་བ། རྩོམ་གཤིས་ཀྱི་ཉམས་གཅིག་མཚུངས་སུ་རྟོགས་པ་ནི་སྤྱིར་བཏང་མངོན་དུ་འགྱུར་སྲིད་པ་རྗེས་སུ་དཔག་ཐུབ་ལ། དེ་ལྟ་བུའི་སྔོན་འགྲོའི་ཆ་རྐྱེན་འོག་ནུས་པ་དང་མྱོང་ཚོར་སོགས་ཀྱང་འདྲ་མཚུངས་དང་དོ་མཉམ་འབྱུང་ཐུབ་པ་རིགས་པས་རྟོགས་ནུས། དེས་ན་བརྗོད་བྱའི་དོན་གཅིག་པ་ནི་མ་ཡིག་ལས་གང་བསྟན་ཡོད་ན་འགྱུར་ཡིག་ལས་དེ་སྟོན་དགོས་པ་སྟེ། བསྟན་བྱའི་དོན་གཅིག་པ་གཅིག་མཚུངས་ཡིན་དགོས་པ་དང་། རྗོད་བྱེད་ཀྱི་ཚིག་དོ་མཉམ་པ་ནི་མ་ཡིག་གི་ཚིག་སྦྱོར་ལ་ཚིག་རྒྱན་གྱིས་སྤུད་ཚད་ཆེ་མིན་དང་ཉམས་བརྒྱད་གང་རུང་གིས་ཕྱུག་ཡོད་མེད། རིག་གནས་ཀྱི་ཁམས་སོགས་ཚིག་རིས་སུ་ཇི་ལྟར་ཡོད་པ་རྣམས་འགྱུར་ཡིག་ཏུ་ཡང་དེ་ལྟར་དུ་ཚིག་དོ་མཉམ་སྦྱར་ནས་མཚོན་པར་བྱ་དགོས་ལ། ཚིག་སྦྱོར་བརྗོད་བདེ་བ་ཡང་ཁག་ཐེག་བྱ་དགོས། རྩོམ་གཤིས་ཀྱི་ཉམས་གཅིག་མཚུངས་ཡིན་པ་ནི་ཚིག་དོན་གཉིས་ཀྱི་ཉམས་ཏེ་རྗོད་བྱེད་ཚིག་གི་ཉམས་རྣམས་དང་དགའ་སྐྱོ་ཆགས་སྡང་གི་ཡིད་འགྱུར་མཚོན་ལུགས་ཀྱི་དོན་ཉམས་སོགས་གཅིག་མཚུངས་ཡིན་དགོས། དེའི་རྐྱེན་གྱིས་མ་ཡིག་གི་ནང་དོན་དང་རྗོད་པ། རྩོམ་ཉམས་དང་བཅས་པ་འགྱུར་ཡིག་ཏུ་ཡང་ཇི་ལྟ་བ་བཞིན་དུ་ཡང་དག་པར་བསྐྱར་མཚོན་བྱེད་དགོས་ཤིང་། དེ་དག་འགྱུར་ཡིག་གི་ངོས་ནས་བཤད་ན། འགྱུར་ཡིག་དེ་ཉིད་མ་ཡིག་དང་དོན་གཅིག་པ་དང་། མ་ཡིག་ལྟར་བརྗོད་བདེ་བ། མ་ཡིག་གི་རྩོམ་ཉམས་དང་གཅིག་མཚུངས་ཡིན་པ་བཅས་ཀྱི་ཚད་ལ་བསླེབ་དགོས་པ་དེ་ཡིན། དེ་ལྟ་བུའི་ཚད་ལ་བསླེབས་པ་ཡིན་ན། གོང་དུ་བརྗོད་པའི་ཀློག་པ་པོ་དེ་ལྟ་བུ་ཞིག་གིས་མ་ཡིག་དང་འགྱུར་ཡིག་གཉིས་སྔ་རྗེས་སུ་བཀླགས་ཚེ། བཀླགས་འབྲས་གཅིག་མཚུངས་བསྐྱེད་སྲིད། དེ་ལྟ་བུའི་ཀློག་པ་པོར་བཀླགས་འབྲས་གཅིག་མཚུངས་བསྐྱེད་ཐུབ་མིན་དེ་ཉིད་རྒྱ་བོད་གསར་འགྱུར་ལོ་ཙཱའི་ཚད་ཐིག་མཐོ་ཤོས་སུ་བཟུང་རུང་བའི་དབང་དུ་བཏང་ན། དེང་སྐབས་དེ་ལྟ་བུའི་ཀློག་པ་པོ་ནི་རྒྱལ་ནང་གི་བོད་ཡིག་གསར་འགྱུར་སྡེ་ཁག་རྣམས་སུ་རྒྱ་བོད་ཡིག་རིགས་གཉིས་ལ་བྱང་ཆ་ལྡན་ཞིང་། ཞུས་ཆེན་ལོ་ཙཱའི་གོ་ཐོབ་བདག་གིར་བཞེས་པའི་ཞུས་ཆེན་གྱི་ལོ་ཙཱ་བ་དག་འཇོག་དགོས་ལ། དེ་དག་གི་བློ་དེ་ཉིད་ཚད་མར་བཟུང་ཆོག་གམ་མི་ཆོག་ཅེ་ན། སྤྱིར་བློ་ལ་ཚད་མ་ཡིན་མིན་གྱི་རྩོད་གཞི་ཡོད་ན་ཡང་། གནས་སྐབས་སུ་རྒྱ་བོད་གསར་འགྱུར་གྱི་ལོ་ཙཱའི་སྡེ་རུ་དེ་དག་ལས་ལྷག་པའི་བློ་ཚད་མ་ཞིག་རྙེད་པར་དཀའོ། །
གཉིས་པ། ཚད་གཞི་ཡང་དག་ལ་ཕྱོགས་པའི་ལོ་ཙཱའི་འཇོན་ནུས་སྦྱོང་ཐབས་བཤད་པ།
རྒྱ་བོད་གསར་འགྱུར་ལོ་ཙཱའི་ཚད་ཐིག་ནི། གོང་དུ་བརྗོད་པའི་ཀློག་པ་པོ་དེ་ལྟ་བུ་ཞིག་གིས་མ་ཡིག་དང་འགྱུར་ཡིག་གཉིས་སྔ་རྗེས་སུ་བཀླགས་ན་བཀླགས་འབྲས་གཅིག་མཚུངས་བསྐྱེད་ཐུབ་པ་དེ་ཡིན་ལ། བཀླགས་འབྲས་གཅིག་མཚུངས་བསྐྱེད་པར་ཡང་། འགྱུར་ཡིག་དེ་ཉིད་ཀྱི་བརྗོད་བྱའི་དོན་མ་ཡིག་དང་གཅིག་པ། རྗོད་བྱེད་ཀྱི་ཚིག་མ་ཡིག་ལྟར་བརྗོད་བདེ་བ།
རྩོམ་ཉམས་ཏེ་ཚིག་ཉམས་དང་དོན་ཉམས་མཐའ་དག་མ་ཡིག་ཇི་བཞིན་གཅིག་མཚུངས་ཡིན་པ་བཅས་ཀྱི་ཚད་གཞིར་བསླེབ་པ་ཞིག་ངེས་པར་དགོས་པའི་སྟབས་ཀྱིས་ཚད་གཞི་དེ་ལྟ་བུར་བསླེབ་ཐུབ་པའི་ལོ་ཙཱའི་འཇོན་ནུས་ལྡན་དགོས་ན། རྒྱ་བོད་གསར་འགྱུར་ལོ་ཙཱ་བ་རྣམས་ཀྱིས་ཚད་གཞི་དེ་དག་ལ་བསླེབ་པར་ཐད་ཀར་དུ་ཕན་པའི་གཤམ་གྱི་ཤེས་བྱ་རིག་པའི་གནད་འདི་དག་ལ་ཤུགས་ཆེན་པོས་འཇུག་དགོས་སོ། །
གཅིག དོན་གཅིག་པ། འགྱུར་ཡིག་ལས་བསྐྱར་དུ་མཚོན་པའི་དོན་དེ་ཉིད་མ་ཡིག་ལས་བསྟན་པའི་དོན་དང་གཅིག་མཚུངས་ཡིན་དགོས་ན། ངེས་པར་དུ་མ་ཡིག་གི་དོན་ཡང་དག་ཅིང་ཆ་ཚང་བར་རྟོགས་དགོས་པ་དང་གཅིག འགྱུར་ཡིག་ཏུ་ཡང་དོན་དེ་ཉིད་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྟོན་ཐུབ་དགོས་པ་དང་གཉིས་ཀྱི་ཆ་རྐྱེན་འཛོམས་དགོས། དེ་ཡང་། “མ་ཡིག་གི་ཚིག་དོན་གཉིས་ཀའི་དོན་མཐིལ་ཕྱིན་པ་ཞིག་རྟོགས་རྒྱུ་ནི་ལོ་ཙཱ་ལེགས་པོ་ཞིག་འབྱུང་བའི་རྨང་གཞི་ཡིན།”⑩ཞེས་གསུངས་པ་ལྟར། མ་ཡིག་གི་དོན་ཡང་དག་ཅིང་ཆ་ཚང་བར་རྟོགས་པ་ལ་མ་ཡིག་གི་ཚིག་རིས་ཀྱི་གོ་དོན་ཙམ་ལས་བརྒལ་ནས། བརྗོད་དོན་དངོས་རྟོགས་པ་དང་། ཚིག་གི་དངོས་ཤུགས་གང་རུང་ལས་མངོན་པའི་ཡིད་ཀྱི་འགྱུར་བ་དང་བསམ་བློའི་བརྗོད་སྙིང་། སྐད་རིགས་ཤིག་ལ་ཆེད་དུ་མངའ་བའི་རིག་གནས་ཀྱི་བསྟན་དོན་སོགས་ཤེས་དགོས། གཅིག་ནས་དེང་སྐབས་ཀྱི་རྒྱ་བོད་གསར་འགྱུར་ལོ་ཙཱ་བར་མཚོན་ན། མ་ཡིག་རྒྱ་ཡིག་གི་བརྗོད་བྱའི་དོན་སྤྱི་ཙམ་རྟོགས་མི་ཐུབ་མཁན་ཕལ་ཆེར་མེད་མོད། རྒྱ་ཡིག་གི་གསར་འགྱུར་ཁྲོད་དུ་རྒྱའི་དཔེ་ཆོས་དང་ལོ་རྒྱུས་གཏམ་རྒྱུད། གནའ་བོའི་སྙན་ཚིག ཆབ་སྲིད་བརྡ་ཆད། དྲ་རྒྱའི་མིང་བརྡ་སོགས་ལ་འཕྲད་སྐབས་དོན་སྤྱི་གོ་བ་ཙམ་གྱིས་འགྱུར་ལེགས་པོ་ཞིག་འོངས་ཐབས་མེད་པས། «དེང་རབས་རྒྱ་ཡིག་ཚིག་མཛོད»དང«རྒྱ་ཡིག་ཚིག་གཏེར་རྒྱ་མཚོ»སོགས་དབང་གྲགས་ལྡན་པའི་ཚིག་མཛོད་དག་ཏུ་བཙལ་དགོས་ལ། ཐ་ན་དེ་དག་འབྱུང་སའི་ཁུངས་དང་སྐད་ཀྱི་ཁམས་སོགས་ཀྱང་ཞིབ་ཏུ་བཙལ་ནས་མཐིལ་རྟོགས་པར་བྱེད་དགོས། གཉིས་ནས་རྒྱའི་སྐད་ཡིག་གི་བརྡ་སྤྲོད་ཚིག་རྒྱན་དང་བཅས་པ་ཁོང་དུ་ཆུད་དགོས་ཏེ། སྐད་ཡིག་དེ་ཉིད་ཀྱི་ཚིག་སྦྱོར་སྤེལ་ལུགས་དང་རྗོད་པ་འགོད་སྟངས། སྐད་ལུགས་གོམས་གཤིས། རྗོད་པ་རིང་པོ་དག་གི་གྲུབ་སྟངས། ཚིག་རྒྱན་སྡེབ་སྟངས་སོགས་ལེགས་པར་རྟོགས་ཤིང་དབྱེ་ཞིབ་གནད་དུ་ཐིངས་པ་བྱ་ཐུབ་དགོས། གསུམ་ནས་མ་ཡིག་གི་སྐད་ཡིག་ལ་ཆེད་དུ་མངའ་བའི་རིག་གནས་ཀྱི་བསྟན་དོན་ཚུན་ཆད་ཤེས་དགོས་ཏེ། དེ་ཤེས་པ་ལ་མ་ཡིག་དེ་དང་འབྲེལ་བའི་རིག་གནས་ལོ་རྒྱུས་སོགས་ལ་ཞིབ་ཏུ་སྦྱང་དགོས། དེ་ལྟར་གོང་གི་ཕྱོགས་གསུམ་ནས་སློབ་གཉེར་བྱང་ཆུབ་པ་བྱས་པ་ཡིན་ན། མ་ཡིག་ལས་བསྟན་པའི་དོན་གྱི་གནད་ཕྲ་མོ་རྣམས་དང་ཡན་ལག་ཉིང་ལག་ཏུ་གྱུར་པའི་ནང་དོན་ཕྲན་ཚེགས་ཐམས་ཅད་ལ་གོ་བ་ཇི་བཞིན་པ་བསྐྱེད་པར་ཕན་ཐོགས་ཆེན་པོ་འབྱུང་ངོ་། །
འགྱུར་ཡིག་ཏུ་མ་ཡིག་གི་དོན་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྟོན་པ་ནི། གསར་འགྱུར་རྩོམ་ཡིག་གི་དོན་དངོས་རང་བཞིན་ཞེས་པའི་རྩ་དོན་དེ་ཉིད་འགྱུར་ཡིག་ཏུ་མངོན་པར་བྱས་པ་ཞིག་ཀྱང་ཡིན་པས། རྒྱ་བོད་གསར་འགྱུར་ལོ་ཙཱ་བས་མ་ཡིག་གི་དོན་མཚོན་བྱེད་དུ་ཐ་སྙད་ཡང་དག་པར་སྤྱོད་པ་སྟེ། དོན་ཉེ་བ་དང་དོན་འདྲ་བ་སོགས་ཀྱི་ཐ་སྙད་མི་སྤྱོད་པར་དོན་གཅིག་པའམ་དོ་མཉམ་པའི་ཐ་སྙད་སྤྱོད་པར་འབད་པ་དང་། དོན་གང་ཡིན་པ་དེ་ཉིད་འཕྲི་ལྷག་སྤུ་ཙམ་མེད་པར་ཇི་ལྟ་བ་བཞིན་དུ་མཚོན་པར་བྱ་དགོས་པའི་དབང་གིས་བོད་སྐད་ཡིག་གི་ཐ་སྙད་ཀྱི་སྦྱོར་ལུགས་དང་རྗོད་པ་སྤེལ་སྟངས་ལ་བསླབ་དགོས་པར་མ་ཟད། ཐ་སྙད་གསར་པའི་སློབ་སྦྱོང་དང་བཀོལ་སྤྱོད་ཀྱང་དུས་ཀྱི་རྗེས་ཆོད་པར་བྱེད་དགོས་ལ། མ་ཡིག་གི་དོན་གྱི་གནད་ཕྲ་མོ་རྣམས་ཇི་ལྟ་བ་བཞིན་དུ་སྟོན་པའི་ཐབས་ལ་ཡང་དཔྱིས་ཕྱིན་པར་སྦྱང་དགོས། ལྷག་པར་དུ་མ་ཡིག་ཁྲོད་ཀྱི་ཆོས་དཔེ་དང་ཚིག་རྒྱན། སྙན་ཚིག་སོགས་འགྱུར་ཡིག་ཏུ་ཇི་བཞིན་མཚོན་མ་ཐུབ་ཚེ། རྣམ་པ་གཞན་དུ་བཅོས་ནས་དོན་དང་མི་འགལ་བར་འགྱུར་ཡིག་ལ་ཡང་གར་བདེ་བར་བསྒྱུར་ཏེ་དོན་གཅིག་པའི་ཚད་ལ་བསླེབ་པར་བྱ་དགོས་སོ། །
གཉིས། བརྗོད་བདེ་བ། བརྗོད་བདེ་བ་ནི་གསར་འགྱུར་གྱི་གོ་བདེའི་རང་བཞིན་ཞེས་པའི་རྩ་དོན་དེ་ཉིད་འགྱུར་ཡིག་ཏུ་མངོན་པར་བྱས་པ་ཞིག་ཀྱང་ཡིན་ཞིང་། མ་ཡིག་གི་ཚིག་སྦྱོར་ཇི་བཞིན་འགྱུར་ཡིག་ཏུ་ཡང་བརྗོད་བདེ་བར་འབྱུང་བ་ལ་སྒྱུར་བྱེད་ཀྱི་སྐད་ཡིག་ཁོང་དུ་ཆུད་དགོས། དེང་སྐབས་ཀྱི་རྒྱ་བོད་གསར་འགྱུར་གྱི་ལོ་ཙཱ་བ་རྣམས་སྤྱིའི་ཆ་ནས་བོད་སྐད་ཡིག་གི་ཆུ་ཚད་དམའ་ཞིང་། ཐ་སྙད་ཡང་དག་པར་སྤྱད་ནས་བོད་སྐད་ཀྱི་ལུགས་དང་མཐུན་པའི་རྗོད་པ་ལེགས་པོ་ཞིག་སྤེལ་བར་ཡང་དཀའ་བའི་གནས་སུ་གྱུར་ཡོད་པར་བརྟེན། གཅིག་ནས་བོད་ཡིག་གི་སུམ་རྟགས་དག་གསུམ་གྱིས་མཚོན་པའི་རྣམ་དབྱེ་ཚིག་ཕྲད་ཀྱི་སྦྱོར་སྟངས་ལ་བྱང་དགོས་པ་དང་། གཉིས་ནས་རྩོམ་རྩལ་གྱིས་མཚོན་པའི་ཚིག་རྒྱན་བཀོལ་སྟངས་སོགས་ཚིག་སྦྱོར་སྤེལ་ལུགས་ལ་མཁས་དགོས་པ། གསུམ་ནས་བོད་སྐད་ཀྱི་རྩ་བའི་རིགས་ལམ་དང་མཐུན་ཞིང་གཞན་སྐད་ཀྱིས་ལྷད་མ་ཞུགས་པའི་བོད་སྐད་རྣལ་མ་སྨྲ་ཤེས་དགོས། གོང་གི་ཕྱོགས་འདི་གསུམ་མངོན་དུ་འགྱུར་བ་ལ་སུམ་རྟགས་དག་གསུམ་དང་ཚིག་རྒྱན་རིག་པ་སོགས་རིག་པའི་རྣམ་གཞག་ལ་སྦྱང་བ་མཐར་ཕྱིན་དགོས་པར་མ་ཟད། དུས་རྒྱུན་དུ་སྔ་རབས་མཁས་པའི་གསུང་རྩོམ་ཚད་ལྡན་རྣམས་ལ་ཡང་ཡང་མཇལ་ནས། མིང་བཀོལ་སྟངས་དང་། ཚིག་སྒྲིག་ལུགས། རྗོད་པ་སྤེལ་སྟངས་སོགས་ལ་བག་ཆགས་ཟབ་མོ་འཇོག་དགོས། དེ་མིན། གོ་སླ་བའི་ཡིག་སྐད་དམ་སྤྱི་སྐད་དུ་བསྒྱུར་ན་ཡང་བརྗོད་བདེ་བ་ལ་ཕན་ཏེ། «མཁས་འཇུག»ལས།བོད་ཀྱི་སྐད་ལ་མི་ཤེས་པ། །ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། །འགའ་ཞིག་འགྱུར་གྱི་བྱེ་བྲག་དང་། །ཡུལ་སྐད་དག་གིས་བསྒྲིབས་པའང་ཡོད། །ཅེས་འབྱུང་བ་ལྟར། ས་པཎ་གྱིས་ཀྱང་ཡུལ་སྐད་ལྟར་བསྒྱུར་བ་ལ་དགག་པ་མཛད་ཡོད། མདོར་ན“སྒྱུར་བྱེད་སྐད་ཆའི་སྦྱོར་ལུགས་དང་ཚིག་རྒྱན་སྡེབ་སྟངས། གབ་ཚིག་དང་གཏམ་དཔེ། ཡུལ་སྲོལ་གོམས་གཤིས། སྐད་ཆའི་རྩ་བའི་རིགས་ལམ་སོགས་ལ་འདྲིས་ཤིང་བསྟུན་ནས། ལྟ་བདེ་ཞིང་ངེས་ཤེས་བསྐྱེད་སླ་བ་དང་ཀུན་ལ་གྲགས་ཤིང་ཡིད་འཁུལ་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུ་ནི་གནད་ཀྱི་དམ་པ་ཡིན་པར”གསུངས་པ་ལྟར་ལགས་སོ། །
གསུམ། ཉམས་མཚུངས་པ། ཉམས་མཚུངས་པ་ཞེས་པ་ནི་འགྱུར་ཡིག་གི་རྩོམ་ཉམས་དེ་ཉིད་མ་ཡིག་གི་རྩོམ་ཉམས་ཏེ་ཚིག་གི་ཉམས་དང་དོན་གྱི་ཉམས་གཉིས་དང་སྒོ་ཀུན་ནས་མཚུངས་པ་ཞིག་ལ་བརྗོད། ཚིག་ཉམས་ལ་ཚིག་སྦྱོར་ཁ་དམ་ལྷོད་དང་ཞེ་ས་སྦྱར་མིན། ཚིག་མཛེས་མིན་སོགས་ཀྱི་ཕྱོགས་གཅིག་དང་། སྲིད་དོན་དཔལ་འབྱོར་དང་རིག་གནས་ཡུལ་སྐོར་སོགས་གསར་འགྱུར་གྱི་བརྗོད་བྱ་འདྲ་མིན་གྱི་དབང་གིས་ཚིག་ཉམས་ཀྱང་མི་འདྲ་བ་འབྱུང་བའི་ཕྱོགས་གཅིག་བཅས་ཡོད། དོན་ཉམས་ལ་མཚོན་ན་ཡང་། གསར་འགྱུར་གང་ཞིག་དམག་འཁྲུག་སྐབས་སུ་ཕས་རྒོལ་ཟིལ་གྱིས་མནན་པའི་སྐོར་ཡིན་ན་ནང་དོན་ལ་དྲག་ཤུགས་ཀྱི་ཉམས་ལྡན་པ་དང་། སྐྱབས་བཅོལ་བ་དང་གནོད་ཐེབས་མང་ཚོགས་སོགས་ཀྱི་སྐོར་ཡིན་ན་སྙིང་རྗེའི་ཉམས་ཀྱིས་ཕྱུག་པ། དམངས་ཀྱི་བདེ་སྐྱིད་འཚོ་བ་བརྗོད་པའི་སྐོར་ཡིན་ཚེ་དགའ་སྤྲོའི་ཉམས་ཀྱིས་ཁེངས་པ་སོགས་ཀྱི་ཕྱོགས་གཅིག་དང་། གསར་འགྱུར་ལས་དགའ་ཁ་འཁྱེར་ཕྱོགས་སོགས་ཆབ་སྲིད་ཀྱི་ལངས་ཕྱོགས་མངོན་པར་གསལ་བ་དང་། དམ་པ་དང་ཕལ་བའི་ཁྱད་པར་གསལ་པོར་མཚོན་པ་སོགས་ཀྱི་ཕྱོགས་གཅིག་བཅས་ཡོད། དེ་བས། འདི་ལྟ་བུའི་གསར་འགྱུར་རྩོམ་ཡིག་གི་རྩོམ་ཉམས་དག་འགྱུར་ཡིག་ཏུ་གྲ་མ་ཆག་གྲུ་མ་ཉམས་པར་ཇི་བཞིན་དུ་མཚོན་པར་བྱ་དགོས་ན། གཅིག་ནས་བསྒྱུར་བྱའི་སྐད་ཀྱི་ཁྱད་ཆོས་མཐའ་དག་བློ་ལ་ཡང་དག་པར་ངེས་ཤིང་། སྒྱུར་བྱེད་སྐད་ཀྱི་སྦྱོར་སྟངས་ལ་བྱང་ཆུབ་པར་བྱེད་པ་དང་། གཉིས་ནས་ལོ་ཙཱའི་གཞུང་ལུགས་ཀྱི་བློ་སྦྱོང་དང་ལག་ལེན་ལ་སྦྱངས་པ་རྩེར་སོན་པར་བྱས་ནས། རྩོམ་ཉམས་མཚུངས་ཐབས་ཀྱི་སྒྱུར་ཐབས་དམ་པ་རྣམས་ཁོང་དུ་ཆུད་པར་བྱེད་པ། གསུམ་ནས་བསྒྱུར་བྱ་སྒྱུར་བྱེད་སྐད་ཡིག་གིས་བསྡུས་པའི་རིག་གནས་ཀྱི་ཁམས་སོགས་ཡང་དག་པར་རྟོགས་པར་བྱ་དགོས་པ་སོགས་ཡིན། འདི་ལྟར་བྱས་ཏེ། འགྱུར་ཡིག་ལ་ལོ་ཙཱའི་རྨ་ཤུལ་ཅི་ཡང་མེད་པར་རང་སྐད་ཀྱི་ལམ་ནས་ཐད་ཀར་གསར་རྩོམ་བྱས་པ་ལྟ་བུའི་ཁྱད་ཆོས་ཡོངས་སུ་རྫོགས་པ་ཡིན་ན། ཉམས་མཚུངས་པའི་ཚད་ལ་བསླེབས་པ་ཡིན་ནོ། །
མཇུག་བསྡོམས།
རྒྱ་བོད་གསར་འགྱུར་ལོ་ཙཱ་གོང་འཕེལ་འབྱུང་ཐུབ་མིན་ནི་རྩ་བའི་ཆ་ནས་ལམ་ལུགས་ཚད་ལྡན་དང་འཇོན་ཐང་མི་སྣ་ཡོད་མེད་ལ་ཐུག་ཡོད་པ་དང་། འཇོན་ཐང་མི་སྣ་མང་དུ་འབྱུང་བར་ཡང་རང་རྟོགས་ཀྱི་སློབ་གཉེར་དང་གཞན་དབང་གི་སྐུལ་མ་གཉིས་དང་ཁ་འབྲལ་ཐབས་མེད། དེ་བས་རྒྱ་བོད་གསར་འགྱུར་ལོ་ཙཱ་བ་ཞིག་ལ་མཚོན་ན་རང་ལ་རང་དབང་དུ་གྱུར་པ་ནི་རང་ཉིད་ཀྱིས་གང་ལ་སློབ་གཉེར་བྱེད་པ་དང་ཇི་ལྟར་སློབ་གཉེར་བྱེད་པ། སློབ་གཉེར་གྱི་ཚད་ཇི་ལྟ་བུ་ཞིག་ལ་བསླེབ་པར་བྱེད་པ་སོགས་ཡིན་པས། “དཀྱུ་ས་གཞན་དུ་བསྟན་ནས་རྒྱུག་ས་གཞན་དུ་བྱེད་པའི”ཚུལ་དུ་མ་སོང་བར་རྒྱ་བོད་གསར་འགྱུར་ལོ་ཙཱ་ལ་ཕན་པའི་རིག་པའི་གནས་ཐམས་ཅད་སློབ་གཉེར་གྱི་ཡུལ་དུ་བྱེད་པ་དང་། ཁྱད་པར་དུ་འགྱུར་ཡིག་གི་ཚད་དེ་ཉིད་མ་ཡིག་གི་དོན་དང་གཅིག་པ་དང་མ་ཡིག་ལྟར་བརྗོད་བདེ་བ། མ་ཡིག་གི་ཉམས་དང་མཚུངས་པ་བཅས་ཀྱི་ཚད་ལ་བསླེབ་པར་ཐད་ཀར་དུ་ཕན་པའི་ཤེས་བྱའི་གནད་མཐའ་དག་ལ་དམིགས་གཏད་ཆེན་པོས་སྦྱང་དགོས་ལ། དེ་ཡང་ཚད་གཞི་དེ་ལ་བསླེབས་ནས“ཀློག་པ་པོར”བཀླགས་འབྲས་གཅིག་མཚུངས་བསྐྱེད་ཐུབ་པའི་བར་དུ་བརྩོན་འགྲུས་ཀྱི་མཐའ་བརྟན་པར་བྱས་ན། ཚད་ཐིག་དང་ལྡན་པའི་རྒྱ་བོད་གསར་འགྱུར་ལོ་ཙཱ་བ་ཚད་ལྡན་ཞིག་ཏུ་འགྱུར་བར་ཐེ་ཚོམ་མེད་དོ། །
ཟུར་ལྟའི་དཔྱད་གཞི།
① སློབ་དཔོན་དབྱིག་གཉེན། «རྣམ་པར་བཤད་པའི་རིགས་པ» [M].བསྟན་འགྱུར(དཔེ་བསྡུར་མ།) (དེབ་དོན་བདུན་པ།)པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 2001:1416.
② ས་པཎ་ཀུན་དགའ་རྒྱལ་མཚན། «ས་སྐྱ་ལེགས་བཤད» (བོད་རྒྱ་ཤན་སྦྱར།)[M].ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2020:8.
③ དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་དང་ལྕེ་སྒོམ་པ་ཤེས་རབ་རྡོ་རྗེ། «དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ་བཞུགས་སོ» [M].ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། ཤོག་ངོས305.
④ བོད་ཀྱི་ལོ་ཙཱའི་གཞུང་ལུགས་སྐོར་གྱི་དཔེ་ཚོགས། (དང་པོ།)«སྐད་གཉིས་སྨྲ་བའི་སྒྲོན་མེ» [G].ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2002:96.
⑤ ཞ་ལུ་ལོ་ཙཱ་བ་སོགས་ཀྱིས་བརྩམས། «དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ» [G].མཚོ་སྔོན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998:109.
⑥⑦⑧⑨⑩ འབའ་སྟོད་ཚེ་དབང་རྡོ་རྗེས་རྩོམ་སྒྲིག་བྱས། «རྒྱ་བོད་ལོ་ཙཱའི་རྣམ་བཤད་བློ་གསལ་དགའ་སྟོན» [M].ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018:101、106、105、106、108、110.
ས་པཎ་ཀུན་དགའ་རྒྱལ་མཚན་སོགས། གངས་ཅན་རིག་མཛོད།དེབ84པ། «མཁས་འཇུག་གི་རྩ་བ་དང་དེའི་འགྲེལ་པ་བདམས་བཀོད» [G].བོད་ལྗོངས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2019:11.
«རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་བཞུགས་སོ»(ལམ་རིམ)[M].ཟི་ལིང་།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004:19.

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号