«ས་སྐྱ་བཀའ་འབུམ་གཙུག་ལག་རིན་ཆེན་གན་མཛོད»ཞེས་པའི་དཔེ་ཕུད་འགྲེམ་པའི་མཛད་སྒོ་འཚོགས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན། དུས་ཚོད།:2025-04-14 09:17:54 ཀློག་གྲངས།:
       སྤྱི་ཟླ4ཚེས12ཉིན། པེ་ཅིང་གྲོང་ཁྱེར་ཡ་ཁྲང་སྒྱུ་རྩལ་ལྟེ་གནས་སུ་བོད་ལྗོངས་ས་སྐྱ་དགོན་པའི་ས་སྐྱ་རིག་གནས་ཞིབ་འཇུག་ཁང་གིས་ལེགས་སྒྲིག་བྱས་ཤིང་། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་ནས་རྩོམ་སྒྲིག་དང་དཔེ་སྐྲུན་བྱས་པ། པེ་ཅིང་ཡ་ཁྲང་ཀུང་སིས་པར་འདེབས་བྱས་པའི་པོད85ཡི་བདག་ཉིད་ཅན་གྱི་དཔེ་ཚོགས་«ས་སྐྱ་བཀའ་འབུམ་གཙུག་ལག་རིན་ཆེན་གན་མཛོད»ཅེས་པའམ་བསྡུས་པའི་མཚན་ལ«ས་སྐྱ་བཀའ་འབུམ»ཞེས་པའི་དཔེ་ཕུད་འགྲེམ་པའི་མཛད་སྒོ་འཚོགས། མཛད་སྒོའི་ཐོག་གོང་ཞུས་ཚན་པའི་འགན་འཁུར་བ་ཕུད། རྒྱལ་ཁབ་དཔེ་མཛོད་ཁང་དང་། དེ་བཞིན་ཆིང་ཧྭ་སློབ་གྲྭ་ཆེན་མོ་དང་། པེ་ཅིང་སློབ་གྲྭ་ཆེན་མོ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་པ། གསར་འགོད་པ་སོགས་ཁྱོན་མི་བརྒྱ་ལྷག་ཙམ་ཕེབས་ཞུགས་མཛད།
       ས་སྐྱ་དགོན་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ཁོངས་སུ་གནས་ཤིང་། དགོན་དེ་ཐོག་མར་འཁོན་དཀོན་མཆོག་རྒྱལ་པོས་སྤྱི་ལོ1073ལོར་ཐོག་མར་ཕྱག་བཏབ་པ་ནས་ད་ཕན་ལོ་ངོ་ཆིག་སྟོང་མ་ཟིན་ཙམ་གྱི་ལོ་རྒྱུས་ལྡན། དགོན་དེ་ནི་བོད་བརྒྱུད་ནང་བསྟན་གྱི་ས་སྐྱ་བའི་གྲུབ་མཐའི་མ་དགོན་ཡིན། དགོན་དེ་སྤྱི་ལོ1961ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་དང་པོའི་ནང་བཅུག
     ལོ་རྒྱུས་ཐོག ས་སྐྱ་དགོན་པ་ནི་མེས་རྒྱལ་ནང་ས་དང་བོད་ས་གནས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཕན་ཚུན་འགྲོ་འོང་སྤེལ་རེས་མཉམ་འདྲེས་བྱེད་སའི་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་། ས་སྐྱ་དགོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་མཛའ་འབྲེལ་དང་མེས་རྒྱལ་གོང་བུ་གཅིག་འགྱུར་ལ་བྱས་རྗེས་རླབས་པོ་ཆེ་བཞག
       ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ས་སྐྱ་དགོན་པའི་ནང་གཟུགས་འདས་དང་གཟུགས་སུ་རུང་བའི་རིག་གནས་འབྱམས་ཀླས་པ་གསོག་འཇོག་ཉར་ཚགས་བྱས་ཡོད་པ་དང་། ཁྱད་པར་དུ་གནའ་བོའི་བོད་ཀྱི་གནས་ལྔ་རིག་པའི་བསྟན་བཅོས་འབོར་ཆེན་ཉར་ཚགས་བྱས་ཡོད་པས། མི་རྣམས་ཀྱིས་ས་སྐྱ་དགོན་ལ་གངས་ལྗོངས་ཀྱི་ཏུན་ཧོང་ཞེས་པའི་མཚན་གྱི་ཅོད་པན་ཞིག་ཀྱང་ཐོགས།
       དེ་ལྟ་བུའི་རིག་གནས་ཀྱི་གཏེར་མཛོད་དེར་སྔར་ནས་ཏང་དང་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་ཚགས་ཚུད་པོ་གནང་བ་སྟེ། ཁྱད་པར་དུ་སྤྱི་ལོ2002ལོར་རྒྱལ་ཁབ་ནས་མ་དངུལ་སྒོར་ཁྲི8660བཏང་ནས་ཉམས་བཟོ་མཛད་པ་དང་། སྐབས་དེར་རྒྱལ་ཁབ་ནས་མ་དངུལ་ཕོན་ཆེན་བཏང་ནས་ཉམས་བཟོ་བྱས་པའི་གྲས་སུ་ས་སྐྱ་དགོན་ཕུད་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁ་ཡང་ཡོད་ཅིང་། སྐབས་དེར་ལག་བསྟར་བྱས་པའི་ལས་གྲྭ་དེར་བོད་ལྗོངས་ཀྱི་གཙོ་གནད་རིག་དངོས་གསུམ་གྱི་སྲུང་སྐྱོབ་ཉམས་བཟོའི་ལས་གྲྭ་ཆེན་མོ་ཞེས་ཟེར་ཞིང་། རྒྱལ་ཁབ་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར4ལ་ཉེ་བ་བཏང་། སྐབས་དེའི་ཉམས་བཟོའི་ལས་གྲྭ་དེས་རྐྱེན་པས་ས་སྐྱ་དགོན་པའི་རིག་དངོས་དང་གནའ་དཔེར་སྲུང་སྐྱོབ་ཡག་པོ་ཐོབ། སྤྱི་ལོ2022ལོའི་ཟླ་བ2པར་ད་དུང་ས་སྐྱ་དགོན་པའི་གནའ་དཔེ་གྲངས་འཛིན་ཅན་ལ་བསྒྱུར་བའི་ལས་དོན་འགོ་བརྩམས་ཤིང་། ལས་དོན་དེ་ད་ལྟ་མུ་མཐུད་སྒྲུབ་མུས་སུ་མཆིས།
       སྐབས་དོན། «ས་སྐྱ་བཀའ་འབུམ་གཙུག་ལག་རིན་ཆེན་གན་མཛོད»ཅེས་བྱ་བ་འདི་ནི། རིམ་ཁག་སྲིད་གཞུང་དང་། འབྲེལ་ཡོད་ཚན་པ། འབྲེལ་ཡོད་མི་སྣ་བཅས་ཀྱི་རྒྱབ་སྐྱོར་འོག ས་སྐྱའི་རིག་གནས་ཞིབ་འཇུག་ཁང་གིས་བགྲང་བྱ་ཉི་ཤུ་ལྷག་ཙམ་འཚོལ་བསྡུ་དཔེ་བསྡུར་ལེགས་སྒྲིག་བཅས་གནང་བའི་པོད230ལྷག་ཙམ་གྱི་བདག་ཉིད་ཅན་གྱི་དཔེ་ཚོགས་ཆེན་པོ་ཞིག་ཡིན་ལ། ད་ཐེངས་ཕུད་འགྲེམ་བྱས་པ་ནི«ས་སྐྱ་བཀའ་འབུམ་གཙུག་ལག་རིན་ཆེན་གན་མཛོད»ཀྱི་ཁག་དང་པོ་སྟེ། པོད85ཡི་བདག་ཉིད་ཅན་གྱི་དཔེ་ཚོགས་དེ་ཡིན་ཞིང་། དེ་ནི་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་དཔེ་སྐྲུན་གནང་བ་དང་། པེ་ཅིང་ཡ་ཁྲང་རིག་གནས་ཚོགས་པ་ཀུང་སིས་པར་འདེབས་གནང་བ་ཞིག་རེད།
     དཔེ་ཚོགས་དེའི་ནང་དོན་སྐོར་ལ། «ས་སྐྱ་བཀའ་འབུམ་གཙུག་ལག་རིན་ཆེན་གན་མཛོད»ཀྱི་གཙོ་སྒྲིག་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་བཞུགས་ཚོགས་གཙོ་སྐུ་གཞོན། ས་སྐྱའི་རིག་གཞུང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དཔལ་ལྡན་དོན་ཡོད་མཆོག་ནས། དུས་ཡུན་ལོ་ངོ20ལྷག་ཙམ་འཚོལ་བསྡུ་ལེགས་སྒྲིག་བྱས་པའི«ས་སྐྱ་བཀའ་འབུམ་གཙུག་ལག་རིན་ཆེན་གན་མཛོད»འདི་ནི་བོད་ཀྱི་ས་སྐྱ་བའི་གྲུབ་མཐའི་ལོ་རྒྱུས་དང་རིག་གནས་ཀུན་གསལ་མེ་ལོང་ལྟ་བུ་ཞིག་ཡིན་ལ། འདིའི་ནང་འཁོན་རིགས་ས་སྐྱ་པའི་མཁས་དབང་སྐྱེས་ཆེན་བརྒྱ་དང་བརྒྱད་ཅུ་ལྷག་ཙམ་གྱི་རིག་གཞུང་བརྩམས་ཆོས་གཅིག་ཏུ་བསྡུས་ཡོད་ཅིང་། ནང་དོན་ཆ་ནས་བཤད་ན། ནང་རིག་པ་དང་། གནམ་རིག་སྐར་རྩིས། མཚན་ཉིད་རིག་པ། བརྡ་སྤྲོད་རིག་པ། གསོ་བ་རིག་པ། ཟློས་གར་རིག་པ། རྩོམ་རིག་སོགས་མདོར་ན་སྲོལ་རྒྱུན་གྱི་རིག་གཞུང་ཀུན་འདུས་ལྟ་བུ་ཡིན་པས། འདིས་སྒོས་སུ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། ཡང་སྒོས་ས་སྐྱའི་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་གནང་མཁན་ཚོར་དཔྱད་གཞི་མཁོ་འདོན་ཐུབ་པར་ཡིད་ཆེས་ཀྱིས་བརྟས་ཤིང་། དེ་བས་གང་འདི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཇི་སྲིད་བར་གོང་ནས་གོང་དུ་འཕེལ་བའི་རྒྱུ་རུ་འགྱུར་བར་སྨོན་ཞེས་གསུངས།
       དཔེ་ཚོགས་འདིའི་དཔེ་སྐྲུན་ཐད། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གི་འགོ་འཛིན་ཟུར་པ་བསོད་ནམས་ཚེ་བརྟན་ནས། ཏང་དང་རྒྱལ་ཁབ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལ་མཐོང་ཆེན་གནང་བའི་རྒྱབ་ལྗོངས་འོག བསྟན་བཅོས་འདི་དང་འདི་འདྲ་བར་སྲུང་སྐྱོབ་དང་། ལེགས་སྒྲིག རྒྱུན་འཛིན་བཅས་ལེགས་པར་བྱ་རྒྱུ་ནི་ང་ཚོའི་བཤོལ་ཏུ་མི་རུང་བའི་འོས་འགན་ཞིག་རེད། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་ལོ་ངོ་སྟོང་གི་ཤེས་རིག་ནོར་བུ་འདི་ལས་དུས་རབས་གསར་པར་འོད་སྟོང་གསར་པ་འཚེར་བར་བྱེད་འོས་སོ་ཞེས་གསུངས། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།