བོད་ལྗོངས་སློབ་ཆེན་དུ་དཔེ་ཀློག་མྱོང་དཔྱད་ཀྱི་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-04-27 08:21:52 ཀློག་གྲངས།:
       འཛམ་གླིང་དཔེ་དེབ་དང་པར་དབང་ཉིན་མོ་སྐབས30པ་བསུ་ཕྱིར་དུ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི“དཔེ་དེབ་དགའ་ཚལ”གྱི་མུ་འབྲེལ་བྱེད་སྒོ་ལས། “ཀློག་དབྱངས་རྣ་བར་སྙན། མྱོང་དཔྱད་ཡིད་ལ་མཛེས”ཞེས་པའི་བརྗོད་གཞི་དང་འབྲེལ་བའི་སློབ་མའི་དཔེ་ཀློག་མྱོང་གླེང་དང་མྱོང་དཔྱད་དེ། འཆད་པ་དང་རྩོམ་པའི་འགྲན་སྡུར་གྱི་རྟིང་རྩོད་ནི། ཟླ4པའི་ཚེས24ཉིན་གྱི་ཕྱི་དྲོར་ཝ་པ་གླིང་སློབ་ཁུལ་དུ་ཟབ་རྒྱས་ངང་སྤེལ། འབྲེལ་ཡོད་ཀྱི་གནས་ཚུལ་གཤམ་གསལ།
       སྤྱི་ཟླ3པ་ནས་བཟུང་། སློབ་གླིང་གི་འབྲེལ་ཡོད་ཚན་པས་སློབ་མ་རྣམས་ལ་འགྲན་སློང་བརྡ་སྦྱོར་བསྒྲགས་པ་ན། དུས་ཡུན་རིང་པོ་མ་སོང་པར་འགྲན་ཞུགས་མི་གྲངས་བརྒྱ་ནས་བརྒལ་པ་མ་ཟད། སློབ་གླིང་གི་ཁྱབ་ཁོངས་ཀྱང་རིག་གཞུང་སློབ་གླིང་ལས་བརྒལ་ཏེ། སློབ་ཁུལ་གསར་རྙིང་གཉིས་སུ་ཡོད་པའི་སློབ་གྲོགས་རྣམས་དགའ་དད་སྤྲོ་གསུམ་གྱིས་འགྲན་ཞུགས་ཀྱི་མིང་རྟགས་དགོད་དུ་བྱོན། བྱེད་སྒོ་འདི་ལ་མྱོང་གླེང་དང་མྱོང་དཔྱད་བཅས་འཆད་རྩོམ་གྱི་རབ་བྱེད་གཉིས་སུ་ཡོད་པ་ལས།
དང་པོ། མྱོང་གླེང་གི་རབ་བྱེད་ལ།
       སྤྱི་ཟླ4པའི་ཚེས་ཤར་ནས་དབུ་བརྩམས་ཏེ། སྤྱི་སྐད་ཚོགས་ཆུང་དང་བོད་སྐད་ཚོགས་ཆུང་བཅས་ཚོགས་ཆུང་གཉིས་ལས་གྲུབ་པའི་འགྲན་སྡུར་གྱི་སྒོ་མོ་ཆེའི་སྒོ་འཕར་ཡངས་བར་ཕྱེ། གུས་རྟག་སྦྱོར་བའི་བརྩོན་པ་མཐའ་རུ་བསྐྱེད་ནུས་པའི་སློབ་གྲོགས་བློ་གསལ་ཤེས་འདོད་ཅན་རྣམས་ཀྱིས། འཛམ་གླིང་ཤར་ནུབ་དང་ཕྱི་ནང་གི་བསྟན་བཅོས་ཡོངས་སུ་གྲགས་པ་དང་ཡོངས་སུ་གྲགས་པ་མ་ཡིན་པ་དུ་མ་བཀླག་བྱར་བདམས་ཤིང་། སྔ་ཕྱིར་འགྲན་སྐོར་དང་པོ་དང་གཉིས་པ་བཅས་འགྲན་རིམ་ཆེན་མོ་གཉིས་ཀྱི་རྒྱལ་ཕམ་བརྩད་པ་ན། མཐར་བཀླག་བྱའི་བསྟན་བཅོས་ཟབ་ཟབ་པོ་དང་བརླིང་བརླིང་པོ་རྣམས་ཀྱི་རིག་པའི་གནད་གསེང་དག་ལ། རང་གི་མྱོང་རྟོག་ལ་སྦྱར་པའི་དོགས་སློང་དཔྱོད་ཤེས་ཀྱིས་དགའ་བཞག་སྤོང་གསུམ་གྱི་རྩོད་པའི་འཁོར་ལོ་རྒྱ་ཆེར་བསྐོར་བཏུབ་པའི་སློབ་གྲོགས་བཅུ་ཐམ་པ་འགྲན་པའི་ཟླ་དང་བྲལ་ཏེ། ཐེངས་འདིའི་རྟིང་རྩོད་ཀྱི་གཡུལ་ས་ཆེན་པོར་མི་འཇིགས་པའི་ཉམས་དང་བཅས་ཏེ་ལྷགས་སོ། །
       གཟུར་གནས་དྲང་འབྲེལ་དང་། འདྲ་མཉམ་ལུགས་མཐུན་ཡོང་ཕྱིར། འགྲན་སྡུར་གྱི་དཔྱད་འདེམ་དུ། བོད་ལྗོངས་སློབ་ཆེན་དཔེ་མཛོད་ཁང་གི་དབུ་འཛིན་གཞོན་པ་གཟུངས་འདུས་སྐྱབས་ལགས་དང་། བོད་ལྗོངས་སློབ་ཆེན་དཔེ་མཛོད་ཁང་གི་ཀློག་པ་པོར་ཞབས་ཞུ་ཁང་གི་ཀྲུའུ་རེན་གཞོན་པ་དང་དཔེ་ཀློག་ཁྱབ་བརྡལ་ཚོགས་ཆུང་གི་ཚོགས་གཙོ་བཀྲ་ཤིས་གཡུ་སྒྲོན་ལགས། རང་སློབ་གླིང་རྩོམ་རིག་ཚན་ཁག་གི་དགེ་རྒན་ར་ས་བསྟན་འཛིན་ཆོས་གྲགས་ལགས། རང་སློབ་གླིང་ཚད་མ་སློབ་དཔྱོད་ཁང་གི་དགེ་རྒན་པདྨ་ཡང་གསང་ལགས། རང་སློབ་གླིང་རྩོམ་རིག་ཚན་ཁག་གི་དགེ་རྒན་ཕུན་ཚོགས་དཔལ་འབྱོར་བཅས་གདན་དྲངས་ལགས། གཞན་ཡང་རང་སློབ་གླིང་རྩོམ་རིག་ཚན་ཁག་གི་དགེ་རྒན་ཆེན་མོ་འགྱན་སངས་རྒྱས་དོན་གྲུབ་ལགས་དང་། རང་སློབ་གླིང་སྐད་བརྡ་ཚན་ཁག་གི་དགེ་རྒན་ཆེན་མོ་དུད་བླ་བུ་ཆུང་ལགས། བོད་ལྗོངས་སློབ་ཆེན་དཔེ་མཛོད་ཁང་གི་དཔེ་ཀློག་ཁྱབ་བརྡལ་ཚོགས་ཆུང་གི་ཚོགས་གཙོ་སྐུ་གཞོན་ལྷ་མོ་བུ་ཁྲིད་ལགས། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་སློབ་ཕྲུག་ལས་དོན་ཁང་གི་དབུ་འཛིན་སྐལ་བཟང་རྒྱ་མཚོ་ལགས་བཅས་དབུར་བཞུགས། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་ཤེས་རམས་ཞིབ་འཇུག་སློབ་མ་དང་འབུམ་རམས་ཞིབ་འཇུག་སློབ་མའི་འཐུས་ཚབ་ཀྱིས་གཞུང་བཟུང་། ཆེད་ལས་མི་གཅིག་པ་དང་། སློབ་གླིང་མི་གཅིག་པའི་དངོས་གཞིའི་སློབ་གྲོགས་སུམ་བརྒྱ་ལྷག་གིས་མཐའ་ནས་བསྐོར་ཏེ་གཟིགས་མོ་བའི་སྟན་ཆེན་པོར་འཁོད་དོ། །
       སློབ་གྲོགས་མཁྱེན་བརྩེ་ཡིས། «ངག་རིག་མེས་པོའི་ཞལ་ལུང»ཞེས་པ་བརྗོད་གཞིར་བྱས་ཏེ། ཕ་མེས་ཀྱི་གནའ་གཏམ་བཟང་པོ་འདུས་པ་རྒྱ་མཚོའི་རྣ་བའི་བུ་རམ་དུ་དྲངས་སོ། །སློབ་གྲོགས་བཀྲ་ཤིས་དགའ་སྐྱིད་ཀྱིས། «དཀར་ཟས་པ»ཞེས་པ་བརྗོད་གཞིར་བྱས་ཏེ།བུད་མེད་ཀྱི་སྨྲེང་ཚིག་གབ་པ་མངོན་དུ་ཕྱུང་ངོ་། །སློབ་གྲོགས་སྤེན་པ་མཚོ་མོས། «ས་ཧ་རའི་གཏམ་རྒྱུད»ཅེས་པ་བརྗོད་གཞིར་བྱས་ཏེ། ཤེས་རིག་དང་མི་གཤིས་ཀྱི་འགལ་འབྲེལ་ལ་གསེད་བཀྲོལ་བྱས་སོ། །སློབ་གྲོགས་བསོད་ནམས་བསྟན་འཛིན་གྱིས། «གཏན་ཚིགས་མཚན་རིག་རྣམ་བཤད»ཅེས་པ་བརྗོད་གཞིར་བྱས་ཏེ། མཚན་ཉིད་ལྟ་གྲུབ་ཀྱི་མྱོང་རྟོགས་དཔེ་དོན་རྟགས་གསུམ་ལ་སྦྱར་ཏོ། །སློབ་གྲོགས་རིན་ཆེན་མཁའ་འགྲོ་ཡིས། «འཇིགས་སུ་རུང་བའི་འཇིག་རྟེན»ཞེས་པ་བརྗོད་གཞིར་བྱས་ཏེ། ཀུན་སྤྱོད་ཀྱི་རྣམ་གཞག་ལ་དྲི་རྟགས་བཀོད་དོ། །སློབ་གྲོགས་བསོད་ནམས་གཡང་སྐྱིད་ཀྱིས། «ཐོས་ལྡན»ཞེས་པ་བརྗོད་གཞིར་བྱས་ཏེ། སློབ་གསོའི་གནད་འགག་ཁོལ་དུ་ཕྱུང་ངོ། །སློབ་གྲོགས་ལུའེ་དབེ་ཡིས། «དྲི་ཟའི་དོ་ར»ཞེས་པ་བརྗོད་གཞིར་བྱས་ཏེ། བོད་ཀྱི་སྣོད་བཅུད་ཀྱི་གཏན་ཚིགས་ཕྱིར་རྟོག་བགྱིས་སོ། །སློབ་གྲོགས་བསྟན་འཛིན་དབང་འདུས་ཀྱིས། «ཟ་ར་ཐུས་ཐྲས་དེ་བཞིན་བཤད་པ»ཞེས་པ་བརྗོད་གཞིར་བྱས་ཏེ། དཔྱོད་ཤེས་ཀྱི་རིག་པའི་དགེ་མཚན་མངོན་པར་བསྟོད་དོ། །སློབ་གྲོགས་ཨོ་རྒྱན་ཚེ་དབང་གིས། «བྱིའུ་གཞན་ལད་མ་བསད་པ»ཞེས་པ་བརྗོད་གཞིར་བྱས་ཏེ། མི་ཆོས་ཀྱི་མཛེས་པ་དྲང་བདེན་དང་འདྲ་མཉམ་གྱི་ངོ་བོ་གླེང་བསླངས་སོ། །སློབ་གྲོགས་བསོད་ནམས་བསྟན་འཛིན་གྱིས། «མཚན་རིག་ཞིབ་འཇུག»ཅེས་པ་བརྗོད་བྱས་ཏེ། སྒྲ་དང་བརྗོད་འདོད་དང་། ཡུལ་དང་ཡུལ་ཅན། གདགས་བྱ་དང་འདོགས་བྱེད་བཅས་ལ་དོགས་དཔྱོད་བྱས་སོ། །
       གཟུ་དཔོན་རྣམས་ཀྱིས་དྲང་འབྲེལ་དང་འདྲ་མཉམ་གཙུག་ཏུ་བཀུར་ཏེ། སློབ་མ་ཚོའི་གླེང་བྱའི་ནང་དོན་གྱི་ཟབ་ཡངས་དང་གསར་ཁྱད། རྗོད་བྱེད་ཚིག་གི་གསལ་དག་སྙན་འགྱུར། ཆ་བྱད་དང་སྟངས་སྟབས་སོགས་ལ་གཞི་བཟུང་ནས་རང་རང་གི་དཔྱད་སྐར་སྤྲད་པ་ན། སློབ་གྲོགས་བཀྲ་ཤིས་དགའ་སྐྱིད་དང་། བསོད་ནམས་གཡང་སྐྱིད། བསོད་ནམས་བསྟན་འཛིན། མཁྱེན་བརྩེ་བཅས་ལ་སྔ་ཕྱིར་སྤྱི་སྐད་ཚོགས་ཆུང་དང་བོད་སྐད་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ། སློབ་གྲོགས་བསོད་ནམས་བསྟན་འཛིན་དང་། སྤེན་པ་མཚོ་མོ། ལུའེ་དབེ། བསྟན་འཛིན་དབང་འདུས། རིན་ཆེན་མཁའ་འགྲོ། ཨོ་རྒྱན་ཚེ་དབང་བཅས་ལ་སྤྱི་སྐད་དང་བོད་སྐད་ཚོགས་ཆུང་གི་བྱ་དགའ་ཨང་གཉིས་པ་ཐོབ། སློབ་གྲོགས་ཡང་ལིས་མིང་དང་། སྤྱིད་འཛོམས། མིག་དམར་ཕན་ཐོགས། བྱམས་པ་གཡང་འཛོམས། ཚེ་རིང་བདེ་སྐྱིད། བྱམས་པ་གཡང་འཛོམས། བསྟན་འཛིན་ཆོས་སྒྲོན། སྐལ་བཟང་བུ་ཁྲིད་བཅས་ལ་སྤྱི་སྐད་ཚོགས་ཆུང་དང་བོད་སྐད་ཚོགས་ཆུང་གི་བྱ་དགའ་ཨང་གསུམ་པ་ཐོབ་བོ། །
གཉིས་པ། མྱོང་དཔྱད་ཀྱི་རབ་བྱེད་ལ།
       བོད་ཡིག་གི་དཔེ་ཀློག་མྱོང་དཔྱད་ལ། དཔེ་ཆའི་ནང་དོན་སྤྱི་ལ་ཇི་ལྟ་བ་བཞིན་ཤེས་པའི་ཚད་དང་། རང་གི་མྱོང་རྟོག་ལ་སྦྱར་ཏེ་ལྟ་ཚུལ་གསར་པ་འདོན་ནུས་པའི་ཚད། ཡང་དག་པའི་མཚན་དཔེ་དང་གནད་ལ་འཁེལ་བའི་ལུང་ཚིག་གིས་ལྟ་ཚུལ་གསར་པ་དེ་ཉིད་སྒྲུབ་ནུས་པའི་ཚད། རིག་པ་གསར་པ་དང་ཐབས་ལམ་གསར་པས་དཔེ་ཆ་ལ་ཀློག་འགྲེལ་བྱེད་ནུས་པའི་ཚད་བཅས་ཚད་ཆེན་པོ་བཞི་ཡི་སྲང་དུ་དྲངས་ཏེ། ཆེད་ལས་དགེ་རྒན་གྱིས་དཔྱད་སྐར་སྤྲད་པ་ན། སློབ་གྲོགས་བསོད་ནམས་བསྟན་འཛིན་དང་། ཚེ་སྒྲོན་ཆོས་མཚོ་གཉིས་ལ་བྱ་དགའ་ཨང་པོ་ཐོབ། སློབ་གྲོགས་མིག་དམར་དང་། བསྟན་པ་ཚེ་རིང་། པད་དཀར་བཅས་ལ་བྱ་དགའ་ཨང་གཉིས་པ་ཐོབ། སློབ་གྲོགས་བསྟན་འཛིན་ལྷ་མོ་དང་། བཀྲ་ཤིས་རྡོ་རྗེ། ཨོ་རྒྱན་ཚེ་དབང་། ཟླ་བ་ལྷ་མོ་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ།
གསུམ་པ། བྱ་དགའི་གཟིགས་བཟོས་ལ།
       ཐེངས་འདིའི་དཔེ་ཀློག་མྱོང་གླེང་དང་མྱོང་དཔྱད་འགྲན་སྡུར་གྱི་བྱ་དགའི་རྣམ་གྲངས་ནི། ཨང་དང་པོ་ལ། སོ་སོར་སྒོར400རི་བའི་དཔེ་ཆ་དང་གཟེངས་བསྟོད་དཔང་ཡིག་ཡོད། ཨང་གཉིས་པ་ལ། སོ་སོར་སྒོར350རི་བའི་དཔེ་ཆ་དང་གཟེངས་བསྟོད་དཔང་ཡིག་ཡོད། ཨང་གསུམ་པ་ལ། སོ་སོར་སྒོར300རི་བའི་དཔེ་ཆ་དང་གཟེངས་བསྟོད་དཔང་ཡིག་ཡོད། ཨང་བཞི་པ་ལ། སོ་སོར་སྒོར250རི་བའི་དཔེ་ཆ་དང་གཟེངས་བསྟོད་དཔང་ཡིག་བཅས་ཡོད།
བཞི་པ། བར་སྐབས་ཀྱི་སྒྱུ་རྩལ་ལ།
       བར་སྐབས་ཀྱི་ངལ་གསོའི་སྐབས་སུ། རང་སློབ་གླིང་གི་བཀྲ་ཤིས་སྒྱུ་རྩལ་ཚོགས་པས་བསྣམས་པའི«བཀྲ་ཤིས་ཞོལ་པ»དང་། ཨ་རྒོད་རོལ་ཚོགས་ཀྱིས་བསྣམས་པའི«ལྕང་གླིང་གྲུ་བཞི»ཞེས་པ་དང་། སློབ་གྲོགས་ཨོ་རྒྱན་ཚེ་དབང་གིས་བསྣམས་པའི་སྙན་ངག་གྱེར་འདོན«ང་ནི་ཐ་སྙད་ཀྱི་མཉན་དཔོན་ཞིག»ཅེས་དང་། སློབ་གྲོགས་བྱང་ཆུབ་ཀྱིས་བསྣམས་པའི་སྙན་ངག་གྱེར་འདོན«ལམ-གང་ནས-གང་ལ་འགྲོ»ཞེས་དང་། སློབ་གྲོགས་མིག་དམར་གྱིས་བསྣམས་པའི་སྙན་ངག་གྱེར་འདོན«སེམས་ཀྱི་རྟེན་དུ་གྱུར་པའི་མི»ཞེས་པ་བཅས་འདུས་པ་རྒྱ་མཚོའི་མིག་ཡིད་རྣ་བའི་དགའ་སྟོན་དུ་བསྟབས་སོ། །
ལྔ་པ། མཇུག་གི་ཤིས་སྨོན་ལ།
       མཇུག་ཏུ།  བོད་ལྗོངས་སློབ་ཆེན་དཔེ་མཛོད་ཁང་གི་དབུ་འཛིན་གཞོན་པ་གཟུངས་འདུས་སྐྱབས་ལགས་ཀྱིས་ཐེངས་འདིའི་བྱེད་སྒོ་ལ་གདེང་འཇོག་དང་མཇུག་སྡོམ་གནང་། ཁོང་ན་རེ། སློབ་མ་རྣམས་ཀྱི་ལྟ་རྒྱ་དང་ཐོས་རྒྱ་ནི་ངེས་པར་རྗེས་སུ་ཡི་རང་བའི་གནས་ཡིན་ལ། ཟབ་ཅིང་རྒྱས་པའི་བྱེད་སྒོ་འདི་འདྲ་ལེགས་པར་སྤེལ་ཐུབ་པ་ནི་མངོན་པར་བསྟོད་འོས་པའི་གནས་སུ་མཐོང་། མ་འོངས་པར། སློབ་གྲྭའི་དཔེ་མཛོད་ཁང་དང་རིག་གཞུང་སློབ་གླིང་གཉིས་མཉམ་འབྲེལ་གྱི་ཐོག་ནས་དཔེ་ཀློག་བྱེད་སྒོ་སྔར་བས་གྲ་རྒྱས་ཕུན་ཚོགས་ངང་སྤེལ་རྒྱུའི་འདུན་པ་ཡོད་ཅེས་བརྗོད་པ་ན། དགེ་སློབ་ཡོངས་ཀྱིས་ཐལ་མོའི་རྡེབ་སྒྲས་དེ་འདྲ་བའི་ཉིན་མོ་མྱུར་དུ་བསླེབ་རྒྱུའི་རེ་སྒུག་དང་བཅས་ཐེངས་འདིའི་བྱེད་སྒོ་ཡོངས་སུ་མཇུག་བསྒྲིལ་ཏོ། །
ཐེངས་འདིའི་གསར་འགོད་པ་ནི་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དཔེ་ཀློག་ལྟ་སྦྱོང་ཚོགས་ཆུང་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།