ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > ཨ་མདོ་བརྙན་འཕྲིན་གྱི་ལོ་སར་དགོང་ཚོགས་བརྙན་ཕབ་ལེགས་འགྲུབ་བྱས།
ཨ་མདོ་བརྙན་འཕྲིན་གྱི་ལོ་སར་དགོང་ཚོགས་བརྙན་ཕབ་ལེགས་འགྲུབ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:ཨ་མདོ་བརྙན་འཕྲིན།
དུས་ཚོད།:2026-01-19 08:46:03
ཀློག་གྲངས།:
སྤྱི་ཟླ༡པོའི་ཚེས༡༨ཉིན་གྱི་དགོང་མོར། ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་མེ་ཕོ་རྟ་ལོའི་ལོ་སར་དགོང་ཚོགས་ཆེན་མོ༼བསྐལ་བཟང་དུས་ཀྱི་དགྱེས་འཛོམས༽ཞེས་པ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཚོམས་ཆེན་ནས་གཟབ་རྒྱས་ངང་བརྙན་ཕབ་བྱས་ཤིང་། ཞིང་ཆེན་ཕྱི་ནང་ནས་ཡོང་བའི་ཆེད་ལས་འཁྲབ་སྟོན་པ་དང་དམངས་ཁྲོད་སྒྱུ་རྩལ་པ་བཅས་ཁྱོན་བསྡོམས་འཁྲབ་སྟོན་པ༤༠༠ལྷག་ཙམ་གྱིས་རྣམ་པ་མི་འདྲ་བའི་འཁྲབ་སྟོན་ཕུན་སུམ་ཚོགས་པ་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་པ་ཡོངས་ལ་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རིག་གནས་ཀྱི་དགའ་སྟོན་གཟབ་རྒྱས་ཤིག་བཤམས།

ཐེངས་འདིའི་སྤྲོ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པ་གཙོ་སྙིང་དུ་བཟུང་ཞིང་། ༼བློ་སེམས་གཅིག་མཐུན་གྱིས་ཁྱིམ་གཞིས་མཉམ་སྐྲུན་བྱེད་པ༽བརྗོད་དོན་གཙོ་བོར་བྱས་ཏེ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་འཆམ་མཐུན་མཉམ་གནས་དང་མཐུན་སྒྲིལ་འབད་བརྩོན་གྱིས་མཉམ་དུ་ཡར་རྒྱས་གོང་འཕེལ་སྙེག་པའི་དུས་རབས་གསར་བའི་སྣང་ཚུལ་ཉམས་དགའ་བ་ལ་བསྟོད་གླུ་བླངས་ཡོད་པ་རེད།

དུས་ཆེན་གྱི་སྤྲོ་དགའི་རྣམ་པ་རབ་ཏུ་མངའ་བའི་ཞབས་བྲོ༼བསྐལ་བཟང་དུས་ཀྱི་དགྱེས་འཛོམས༽ཀྱིས་དགོང་ཚོགས་ཀྱི་ཡོལ་བ་ངང་གིས་ཕྱེས་པའི་མོད་ལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་བོད་ལྗོངས་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཟི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ནས་ཡོང་བའི་མདོ་དབུས་ཁམས་གསུམ་གྱི་མདོ་འཛིན་པ་བརྒྱད་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་རི་ཁ་བའི་ལྗོངས་ཀྱི་རིགས་མཐུན་སྤུན་ཟླ་ཡོངས་ལ་གནམ་ལོ་གསར་ཚེས་ཀྱི་འཚམ་འདྲི་དང་བཀྲ་ཤིས་ཁ་གཡང་གི་སྨོན་ཚིག་བརྗོད་ནས་དགོང་ཚོགས་ཀྱི་སྒོ་འཕར་གཞི་ནས་ཕྱེ་ལ། རྒྱལ་ཡོངས་ལ་མིང་དུ་གྲགས་པའི་གླུ་མ་འཇམ་དབྱངས་སྒྲོལ་མ་དང་གཡང་ཕྱུག་མཚོ། བཀྲ་ཤིས་ཉི་མ། བཀྲ་ཤིས་དོན་འགྲུབ། ཚེ་རིང་གཡང་འཛོམས། བློ་ལྡན་སྒྲོལ་མ། ནོར་བུ་བསམ་འགྲུབ། བསམ་འགྲུབ་ཚེ་རིང་། དངོས་གྲུབ་སྒྲོལ་མ། ཐང་དཀར་རོལ་ཚོགས། ས་ནག་ཚན་སྡེབ་སོགས་མཚོ་སྔོན་དང་། བོད་ལྗོངས། ཟི་ཁྲོན། ཀན་སུའུ། ཡུན་ནན་བཅས་ནས་ཡོང་བའི་སྒྱུ་རྩལ་པ་དང་གླུ་བ་གླུ་མ་སྔ་ཕྱིར་གར་སྟེགས་ལ་བུད་ནས་ཚད་མཐོ་བའི་རིག་གནས་སྒྱུ་རྩལ་གྱི་དགྱེས་སྟོན་ཆེན་པོ་ཞིག་རྒྱལ་ཁབ་ཕྱི་ནང་ཀུན་གྱི་རིགས་སོ་སོའི་ལྟ་མཁན་ཡོངས་ཀྱི་ཁྲ་ཆུང་མིག་གི་དགའ་སྟོན་དང་དར་ལུང་རྣ་བའི་གསོས་སུ་ཕུལ།

ད་ལོའི་ལོ་སར་སྤྲོ་ཚོགས་དེ་དམངས་གླུ་དང་རྡུང་ལེན། གླུ་གཞས། ཞབས་བྲོ། ཟློས་གར། གར་ཆུང་སོགས་འཁྲབ་ཚན་ཉེར་བརྒྱད་ཀྱིས་གྲུབ་པར་བྱས་ཡོད་ཅིང་། འཁྲབ་ཚན་ཧྲིལ་བོའི་བརྒྱ་ཆའི་བརྒྱད་ཅུ་ལྷག་བརྩམས་ཆོས་གསར་པ་དང་ལོ་སར་སྤྲོ་ཚོགས་ལ་ཆེད་དུ་གསར་རྩོམ་གནང་བ་འབའ་ཞིག་ཡིན་འདུག དེ་ལས་ཞབས་བྲོའི་འཁྲབ་ཚན་ལ་རང་ཞིང་གི་རང་སྐྱོང་ཁུལ་དྲུག་པོ་སོ་སོས་བོད་རབ་རྒྱན་མེ་ཕོ་རྟ་ལོའི་ལོ་གསར་ལ་ལེགས་སྐྱེས་སུ་ཆེད་དུ་གསར་རྩོམ་དང་གྲ་སྒྲིག་བགྱིས་པའི་འཁྲབ་ཚན་དག་གཙོ་བོར་བཀོད་སྒྲིག་བྱས་ཡོད་ཅིང་། གླུ་གཞས་ཀྱི་འཁྲབ་ཚན་ལ་གླུ་མ་འཇམ་དབྱངས་སྒྲོལ་མ་དང་གཡང་ཕྱུག་མཚོ། བཀྲ་ཤིས་ཉི་མ་སོགས་རྒྱལ་ཡོངས་སུ་མིང་གྲགས་ཡོད་པའི་གླུ་བ་གླུ་མ་གདན་ཞུས་ཀྱིས་སྙན་མོ་གླུ་ཡི་འཁྲབ་ཚན་ཕུན་སུམ་ཚོགས་པ་བཀོད་སྒྲིག་བྱས་ཡོད།

ལྷག་པར་ཏང་དང་རྒྱལ་ཁབ་ལ་བསྟོད་གླུ་འབུལ་བའི་འཁྲབ་ཚན་སྟེ། ༼ཀྲུང་གོ༽དང༼སེམས་ཀྱི་ཀྲུང་ཧྭ༽དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་མི་རིགས་མཐུན་སྒྲིལ་ལ་བསྔགས་བརྗོད་འབུལ་བའི་བོད་ཀྱི་ཟློས་གར༼གྱིམ་ཤིང་ཀོང་ཇོ༽། དེ་མིན་དུས་རབས་གསར་བའི་བོད་འབྲེལ་ས་ཁུལ་གྱི་འཕེལ་རྒྱས་འགྱུར་ལྡོག་དང་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་གསར་བའི་ཉམས་སྣང་བརྗོད་གཞི་བྱས་པའི་གར་ཆུང༼ལོ་སར་ལེགས་སྐྱེས༽སོགས་དགོང་ཚོགས་ཧྲིལ་བོའི་བརྗོད་དོན་གཙོ་བོ་རུ་བཞག་སྟེ་ཇུས་འགོད་བཀོད་སྒྲིག་བྱས་ཡོད། གཞན་བོད་ལྗོངས་ལྷོ་ཁ་ནས་གདན་ཞུ་བྱས་པའི་ཞབས་བྲོའི་འཁྲབ་ཚན༼སྨྱུག་མའི་བཤད་པ༽དང་ཡུན་ནན་བདེ་ཆེན་ནས་གདན་ཞུ་བྱས་པའི་ཞབས་བྲོའི་འཁྲབ་ཚན༼བདེ་ཆེན་རལ་པ༽སོགས་གླུ་དང་གར་གྱི་འཁྲབ་ཚན་ཕུན་སུམ་ཚོགས་པས་དགོང་ཚོགས་ལ་ཡང་ནས་ཡང་དུ་དགའ་བསུའི་ཀི་འབོད་ཀྱི་མཐོ་རླབས་འཕྱུར་དུ་བཅུག་ཅིང་། སྤྲོ་ཚོགས་ཧྲིལ་བོ་དུས་ཆེན་གྱི་ཡོ་ལང་རྣམ་པར་རྒྱས་པའི་སྤྲོ་དགའི་རྣམ་པའི་ཁྲོད་ནས་མཇུག་བསྡུས།

ད་ལོའི་ལོ་སར་དགོང་ཚོགས་དེ་ལོ་སར་སྐབས་སུ་ཨ་མདོ་བརྙན་འཕྲིན་གྱི་འཁོར་སྐར་འཕྲིན་ལམ་དང་མཚོ་སྔོན་བོད་སྐད་རླུང་འཕྲིན། གངས་ལྗོངས་མེ་ལོང་དྲ་བ། ཨ་མདོ་བརྙན་འཕྲིནappབཅས་ནས་གཟིགས་འབུལ་བྱ་རྒྱུ་ཡིན་ལ། ཨ་མདོ་བརྙན་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་དང་འཁྱུག་དབྱངས་འཕྲིན་སྟེགས་སོགས་སྨྱན་བྱད་གསར་བའི་རྒྱུད་ལམ་ཁག་ནས་ཀྱང་དུས་མཉམ་དུ་གཏང་རྒྱུ་ཡིན་པས། རྒྱ་ཆེའི་ལྟ་མཁན་རྣམས་ཀྱིས་དུས་ལྟར་གསན་གཟིགས་གནང་བར་དགའ་བསུ་ཞུ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号