ངོས་དང་པོ > ཆེད་དོན། > “མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་བསྡུར། > “མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་སྡུར་སྐབས་གཉིས་པའི་བརྩམས་སྒྲུང་གི་བྱ་དགའ་ཨང་གཉིས་པ་ཐོབ་པའི་བརྩམས་ཆོས། ༡
“མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་སྡུར་སྐབས་གཉིས་པའི་བརྩམས་སྒྲུང་གི་བྱ་དགའ་ཨང་གཉིས་པ་ཐོབ་པའི་བརྩམས་ཆོས། ༡
རྩོམ་པ་པོ།:འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-01-21 08:35:05
ཀློག་གྲངས།:
པདྨའི་རྫིང་བུ།
སུན་ལིས་ཀྱིས་བརྩམས།
འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་བསྒྱུར།
འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་བསྒྱུར།
ཟླ་བ་ག་ལེར་ནམ་མཁའི་མཐོངས་སུ་འཕགས་པ་ན། བསིལ་ཟེར་གྱིས་སྒོ་རའི་ནང་དུ་གཙང་བཤལ་ཡག་པོ་ཞིག་བྱས་འོངས། ཉིན་མོའི་དུས་སུ་གཤགས་ཏེ་གྲ་སྒྲིག་བྱས་པའི་འདམ་རྩྭའི་ལྕུག་མ་དག་ད་ལྟ་བརླན་ནེམ་མེར་ཡོད་པས་རྩྭ་གདན་བསླེ་བར་འཚམ་པོ་འདུག ཆུང་མ་སྒོ་རའི་ནང་དུ་བསྡད་དེ་ལག་སོར་གྱིས་མཉེན་ཞིང་རིང་བའི་འདམ་རྩྭའི་ལྕུག་མ་དག་སྣོལ་དཀྲི་རྒྱག་གིན་ཡོད་ལ། འདམ་རྩྭའི་ལྕུག་མ་དེ་དག་སྲབ་ཅིང་ཕྲ་བས་ཁོ་མོའི་པང་ན་འཕྱོ་ཞིང་ལྡེམ་པར་བྱེད།
པའེ་དབྱང་ཏེན་ས་ཁུལ་དུ་འདམ་རྩྭའི་ཞིང་ས་ག་ཚོད་ཡོད་ཟེར་ན། སུས་ཀྱང་བཤད་མི་ཐུབ། ལོ་རེར་འདམ་རྩྭ་ག་ཚོད་ཐོན་པ་ཡིན་ཟེར་ན། དེ་ཡང་ཤེས་མཁན་གཅིག་ཀྱང་མེད་དེ། ཁོ་ཚོས་འདམ་རྩྭའི་མེ་ཏོག་མཁའ་ལ་འཕྱོ་ཞིང་ལོ་འདབ་སེར་བོར་འགྱུར་བའི་དུས་ཚིགས་དེར། ད་གཟོད་རྫིང་བུའི་འདམ་རྩྭ་རྣམས་བརྔ་བསྡུ་བྱས་ནས་པའེ་དབྱང་ཏེན་གྱི་མཐའ་འཁོར་གྱི་ཐང་ཆེན་དུ་ཤོག་རྩྭའི་ལྕགས་རི་རིང་བོ་ཞིག་བརྩིགས་འདུག་པ་དེ་ཁོ་ན་མཐོང་བ་ཉིད་དོ།། སྐབས་འདིར། བུད་མེད་རྣམས་གཡུལ་ཁ་དང་སྒོ་རའི་ནང་དུ་རྩྭ་གདན་སླེ་བའི་ལས་ལ་བྲེལ་འདུག ཁོ་མོ་ཚོས་ཡང་སྙིང་རྩྭ་གདན་ག་ཚོད་ཅིག་བསླས་ཡོད་པ་ཡིན་ནམ། ཟླ་དྲུག་པའི་གཙང་བོ་ཆེས་ཆེར་བྲུག་པའི་སྐབས་སུ། གྲུ་ཆུང་གྲངས་མེད་ཀྱི་ནང་དུ་དངུལ་མདངས་འཚེར་བའི་རྩྭ་གདན་སྤུངས་ཏེ་ཡུལ་སོ་སོར་བསྐྱལ་ནས་འཚོང་གི་ཡོད། ཅང་མ་འགོར་བར། གྲོང་ཁྱེར་དང་གྲོང་གསེབ་དག་གིས་རྒྱན་རིས་མཛེས་ཤིང་བཟོ་རྩལ་ཀུན་ནས་རྫོགས་པའི་རྩྭ་གདན་འདིའི་རིགས་ཉེར་སྤྱོད་བྱེད་ཐུབ་པ་བྱུང་ལ། ཁོ་ཚོས“འདི་ནི་པའེ་དབྱང་ཏེན་གྱི་རྩྭ་གདན་རྣལ་མ་རེད་ཨང”ཟེར་ཞིང་འཕྲོག་རྩོད་བརྒྱབ་ནས་ཉོ་བཞིན་ཡོད།
ཆུང་མས་སེམས་རྣལ་དུ་ཕབ་སྟེ་རྩྭ་གདན་སླེ་བཞིན་འདུག ཅང་མ་འགོར་བར། ཁོ་མོའི་ལུས་འོག་ཏུ་རྩྭ་གདན་ཕོན་ཆེན་པོ་ཞིག་བསླས་ནས་ཐོན་བྱུང་། སྐབས་འདིར། ཁོ་མོ་ནི་དཀར་ཞིང་གཙང་བའི་གངས་ཐང་ཞིག་ཏུ་ཙོག་པ་དང་འདྲ་ལ། དཀར་ཞིང་གཙང་བའི་སྤྲིན་པའི་སྟེང་དུ་གཡེང་བ་དང་ཡང་མཚུངས། ཁོ་མོས་མཚམས་རེར་མགོ་བོ་བཀྱགས་ཏེ་རྫིང་བུའི་ནང་དུ་བལྟས་པ་ན། རྫིང་བུ་ཡང་དཀར་ཞིང་གཙང་བའི་འཇིག་རྟེན་ཞིག་ཏུ་གྲུབ་སྟེ། ཆུ་ངོས་སུ་གསལ་ཞིང་དྭངས་པའི་སྨུག་རླངས་སྲབ་མོ་ཞིག་འཐིབས་ཤིང་། རླུང་བུ་ལྡང་བ་ཙམ་ནས་དར་ཅིག་ལ་གསར་ཞིང་གཙང་བའི་པདྨའི་ལོ་འདབ་དང་མེ་ཏོག་གི་བསུང་ངད་ཀྱང་འཐུལ་ཡོང་།
ཡིན་ན་ཡང་། སྒོ་ཆེན་ད་དུང་གཏན་མེད་ཀྱང་ཁོ་མོའི་ཁྱོ་ག་ལོག་རྒྱུ་མ་བྱུང་།
ཧ་ཅང་འཕྱིས་པའི་དུས་དེར། ཁྱོ་ག་ད་གཟོད་ཁྱིམ་དུ་ལོག་ཡོང་། ཁོ་ནི་ཕོ་ལོ་ཉེར་ལྔ་ནས་ཉེར་དྲུག་མ་ཡོལ་བའི་གཞོན་ནུ་ཞིག་ཡིན་ཞིང་། མགོ་ལ་རྩྭ་ཞྭ་ཆེན་པོ་དང་ལུས་སུ་དཀར་ཞིང་གཙང་བའི་རས་ལྭ་ཐར་རྐྱང་ཞིག་གྱོན་ཡོད་པ་དང་། དོར་མ་ནག་པོ་བརླ་རྩར་བརྫེས་ནས་རྐང་རྗེན་དུ་བུད་འདུག ཁོའི་མིང་ལ་ཧྲོས་ཧྲིན་ཟེར་ཞིང་ཞའོ་ཝེ་ཀྲོང་སྡེ་བའི་འཇབ་རྒོལ་རུ་ཆུང་གི་རུ་གཙོ་ཡིན་ལ། ཏང་ནང་གི་འགན་ཁུར་པ་ཞིག་ཀྱང་ཡིན་ཏེ། དེ་རིང་ཁོས་འཇབ་རྒོལ་རུ་ཆུང་གི་སྣེ་ཁྲིད་དེ་ཡུལ་ཁུལ་དུ་ཚོགས་འདུར་ཞུགས་པ་རེད།
ཆུང་མས་མགོ་བོ་དགྱེ་སྟེ་དགོད་ཞོར་དུ“ཁྱོད་དེ་རིང་འདི་འདྲ་འགོར་དོན་ཅི་ཡིན”ཞེས་དྲིས་ཤིང་། དེའི་མུར་ཡར་ལངས་ཏེ་ཟ་མ་ལེན་དུ་འགྲོ་རྩིས་བྱས།
ཧྲོས་ཧྲིན་སྐས་སྟེགས་སྟེང་དུ་ཙོག་ནས“ཟ་མ་ཟོས་ཟིན། ཁྱོད་ལེན་དུ་འགྲོ་མི་དགོས”ཟེར།
ཆུང་མ་སླར་ཡང་རྩྭ་གདན་སྟེང་དུ་ཙོག་སྟེ་མིག་གིས་ཁྱོ་གའི་གདོང་ལ་ཅེར་ནས་བསྡད། ཁོ་མོས་ཁྱོ་གའི་ངོ་གདོང་ཅུང་ཟད་དམར་བོར་གྱུར་འདུག་པ་དང་། སྐད་ཆ་བཤད་ནའང་དབུགས་ཅུང་ཙམ་ཧལ་བཞིན་པ་མཐོང་ནས“ཁོ་ཚོ་གང་ན་ཡོད”ཅེས་དྲིས།
ཧྲོས་ཧྲིན་གྱིས“ད་དུང་ཡུལ་ཁུལ་ན་བསྡད་ཡོད། ཨ་ཕ་གང་ལ་བུད་སོང”ཟེར།
ཆུང་མས“གཉིད་ལོག་འདུག”ཅེས་བཤད།
“འོ་ན། ཞའོ་ཧྭ་གང་ན་ཡོད།”
“ཁོ་སྤོ་བོ་དང་མཉམ་དུ་སྒོར་སོང་སྟེ་ཉིན་གང་བོར་ཉ་འབུ་བཟུང་རྗེས་སྔ་མོ་ནས་གཉིད་དུ་ཡུར་འདུག ཁོ་ཚོ་ད་དུང་མི་ཡོང་དོན་ཅི་རེད།”
ཧྲོས་ཧྲིན་གད་མོ་ཙམ་བགད་པ་ན། ཆུང་མས་ཁོ་དགོད་ཚུལ་ནི་དེ་འདྲའི་རྒྱུན་ལྡན་ཞིག་མིན་པ་མཐོང་འོངས།
“ཁྱོད་ཀྱིས་ཤོད་དང་། དོན་དག་ཅི་བྱུང་སོང་།”
ཧྲོས་ཧྲིན་གྱིས་སྐད་དམའ་མོས“སང་ཉིན་ང་རང་རུ་དཔུང་ཆེ་བའི་ནང་འབྱོར་ཐོ་འགོད་དུ་འགྲོ་དགོས”ཟེར།
སྐད་ཆ་དེ་ཐོས་མ་ཐག ཆུང་མའི་མཛུབ་མོར་ཙག་ཤད་ཅིག་རྒྱུགས་བྱུང་ལ། ཁོ་མོས་འདམ་རྩྭའི་ལྕུག་མས་རང་གི་ལག་པ་གཤགས་སོང་སྙམ་ནས་མྱུར་དུ་རྨས་ཕོག་པའི་མཛུབ་མོ་ཁ་ནང་དུ་ཁྱེར་ཏེ་འཇིབ་ཙམ་བྱས། ཧྲོས་ཧྲིན་གྱིས་བཤད་རྒྱུར། “དེ་རིང་རྫོང་ཨུས་ང་ཚོ་མཉམ་དུ་བསྡུས་ཏེ་ཚོགས་འདུ་འཚོགས། གལ་ཏེ་དགྲ་བོས་ད་དུང་ཐོང་ཁི་སྡེ་བའི་ནང་དུ་དམག་སྒར་འདེབས་རྒྱུ་ཡིན་ཚེ། དེ་དང་ཏོན་ཚུན་སྡེ་བ་གཉིས་བརྒྱུད་ལམ་གཅིག་ཏུ་འབྲེལ་ཡོད་པས། འུ་ཅག་གི་འཐབ་རྩོད་ཀྱི་ཁོར་ཡུག་འདི་ལ་འགྱུར་ལྡོག་ཆེན་པོ་འབྱུང་རྒྱུ་རེད།དེ་བས་ཚོགས་ཐོག་ཏུ་ཡུལ་ཁུལ་གྱི་རུ་ཁག་ཅིག་འཛུགས་རྒྱུ་ཐག་གཅོད་མཛད་ཅིང་། ངས་ནི་ཆེས་ཐོག་མར་ལག་པ་བཀྱགས་ནས་མིང་ཐོ་བཀོད་པ་ཡིན།”
ཆུང་མས་མགོ་བོ་སྨད་དེ“ཁྱོད་ནི་ནམ་ཡང་འདི་འདྲའི་སྔོན་ཐོན་ཅན་ཞིག་རེད”ཟེར།
ཧྲོས་ཧྲིན་གྱིས་བཤད་རྒྱུར། “ང་ནི་སྡེ་བའི་ནང་གི་འཇབ་རྒོལ་རུ་གཙོ་དང་ལས་བྱེད་པ་ཡིན་པས་ནམ་ཡང་ཚང་མའི་མདུན་དུ་བུད་དེ་བྱ་བ་བསྒྲུབ་ལོས་དགོས། ཁོ་ཚོས་ཀྱང་མིང་ཐོ་བཀོད་ཡོད་མོད། འོན་ཀྱང་། ཁྱིམ་མི་རྣམས་ཀྱིས་ངོ་རྒོལ་བྱེད་རྒྱུ་ཡིན་པར་སྐྲག་ནས་ཕྱིར་ཡོང་མ་ཐུབ། དེ་བས། ང་རང་ཀུན་གྱི་འཐུས་ཚབ་ཏུ་བསྐོས་ཏེ་ཕྱིར་ཁྱིམ་མི་རྣམས་ལ་ཁ་ཏ་བྱེད་དུ་མངགས་པ་རེད། ཁོ་ཚོས་ཁྱོད་ནི་ད་དུང་བུད་མེད་ཁོག་རྒྱ་ཅན་ཞིག་ཡིན་པར་འདོད་ཀྱིན་འདུག”
ཆུང་མས་སྐད་ཆ་ཚིག་གཅིག་ཀྱང་མི་བཤད། ཡུད་ཙམ་འགོར་རྗེས་ད་གཟོད“ཁྱོད་འགྲོ་རྒྱུ་ཟེར་ན་ངས་མི་འགོག འོ་ན། ཁྱིམ་ཚང་འདི་ཇི་ལྟར་བྱེད་རྒྱུ”ཞེས་ཟེར།
ཧྲོས་ཧྲིན་གྱིས་ཨ་ཕའི་ཁང་ཆུང་ལ་མཛུབ་མོ་བཙུགས་ཏེ་ཆུང་མར་སྐད་མགོ་ཇེ་དམའ་རུ་གཏོང་དུ་བཅུག་ཅིང་། དེ་ནས“ཁྱིམ་ཚང་ནང་ལ་མི་གཞན་པས་རང་བཞིན་གྱིས་ལྟ་སྐྱོང་བྱེད་ངེས་ཡིན། ཡིན་ནའང་། འུ་ཚོའི་སྡེ་བ་ཆུང་བས་ད་ཐེངས་དམག་ཏུ་ཞུགས་མཁན་མི་བདུན་ལས་མེད། སྡེ་བའི་ནང་དུ་ན་གཞོན་ཇེ་ཉུང་དུ་ཕྱིན་པས་དོན་དག་ཚང་མ་མི་གཞན་ལ་བརྟེན་རྐྱང་བྱས་ན་མི་འགྲིག ཁྱིམ་ཚང་གི་དོན་དག་ཡིན་ན་ཁྱོད་ཀྱིས་མང་ཙམ་སྒྲུབས་དང་། ད་ལྟ་ཨ་ཕ་རྒས་འདུག་ལ་ཞའོ་ཧྭ་ད་དུང་ལོ་ན་ཆུང་བས་ལས་རོགས་ཆེན་པོ་བྱེད་མི་ཐུབ”ཅེས་བཤད།
ཆུང་མའི་ཁོག་ལ་སྡུག་སྣང་ཞིག་འཁྱིལ་ཡོང་མོད། འོན་ཀྱང་། ཁོ་མོས་ངུ་སྐད་མི་འདོན་པར“ཁྱོད་ཀྱིས་ཁྱིམ་ཚང་འདིའི་དཀའ་ཁག་ཤེས་འདུག་ན་དེ་འགྲིག་འདུག”ཅེས་པའི་ཚིག་གཅིག་ལས་བཤད་མ་བྱུང་།
ཧྲོས་ཧྲིན་གྱིས་ཆུང་མར་སེམས་གསོ་ཞིག་བྱེད་སྙམ་ན་ཡང་། གྲ་སྒྲིག་གི་བྱ་བར་འདང་རྒྱག་རྒྱུ་ཧ་ཅང་མང་བས་ཁོས་འདི་ལྟར་ཚིག་འགའ་ལས་ཅི་ཡང་བཤད་མ་ཐུབ་སྟེ། “ལས་ཀ་ལྗིད་མོ་རྣམས་ཁྱོད་ཀྱིས་ཕྲག་ལ་ཁུར་དང་། འདྲེ་དམག་རྣམས་ཕམ་པར་བརྒྱབ་རྗེས་ང་ཕྱིར་ལོག་ནས་ཁྱོད་ལ་བཀའ་དྲིན་ཞུ”ཟེར།
སྐད་ཆ་དེ་བཤད་ཚར་རྗེས། ཧྲོས་ཧྲིན་རོགས་པ་རྣམས་ཀྱི་ཁྱིམ་དུ་བུད་སོང་། ཁོའི་སེམས་ལ་རང་ཉིད་ཕྱིར་ཡོང་རྗེས་ད་གཟོད་ཨ་ཕ་དང་ཁ་བརྡ་ཞིབ་མོ་ཞིག་བྱ་སྙམ།
བྱ་སྐད་མགོ་མ་གྲག་པའི་སྐབས་སུ། ཧྲོས་ཧྲིན་གཞི་ནས་ཁྱིམ་དུ་ལོག་ཡོང་། ཆུང་མ་སྔར་བཞིན་ཧོན་ཐོར་བ་ལྟར་སྒོ་རའི་ནང་དུ་ཙོག་པུར་བསྡད་དེ་ཁོ་ལ་སྒུག་འདུག ཆུང་མས“ཁྱོད་ལ་མངགས་བཅོལ་བྱེད་རྒྱུའི་སྐད་ཆ་ཨེ་ཡོད”ཟེར།
“མངགས་བཅོལ་བྱེད་རྒྱུ་ཅང་མེད། ང་སོང་རྗེས་ཁྱོད་རང་རྒྱུན་ཆད་མེད་པར་ཡར་ཐོན་ཡོང་དགོས། ཡི་གེ་སྦྱང་དགོས་ལ། ཐོན་སྐྱེད་ཀྱི་ལས་ཀ་བསྒྲུབ་རྒྱུ་ཡང་གལ་ཆེ།”
“འོ་ཡ།”
“བྱ་བ་གང་ཞིག་བསྒྲུབ་ཀྱང་མི་གཞན་པའི་རྗེས་སུ་ལུས་མི་རུང་།”
“འོ་ཡ། དེ་མ་གཏོགས་ཅི་ཡོད།”
“དགྲ་བོ་དང་ནང་རུལ་བར་རང་ཉིད་འཛིན་བཟུང་བྱེད་དུ་འཇུག་མི་རུང་། གལ་ཏེ་འཛིན་བཟུང་ཐེབས་ཚེ་ཁོ་ཚོ་དང་སྲོག་བསྡོས་བྱེད་དགོས།”
འདི་ནི་ཆེས་གནད་འགག་གི་བཅོལ་གདམས་ཤིག་ཡིན་པས། ཆུང་མས་མིག་ནས་མཆི་མ་བཞུར་གྱིན་ཁོ་ལ་ཁས་ལེན་བྱིན།
ཕྱི་ཉིན། ཆུང་མས་ཁོ་ལ་འབོག་སྒྲིལ་ཆུང་ཆུང་ཞིག་བཟོས་ནས་ནང་དུ་རས་ལྭ་ཐར་རྐྱང་ཞིག་དང་ལག་ཕྱིས་ཤིག ལྷམ་ཆ་གཅིག་བཅས་བཅུག ཁྱིམ་ཚང་གཞན་པ་དེ་ཚོའི་དངོས་པོ་ཡང་དེ་དང་འདྲ་བར་ཧྲོས་ཧྲིན་ལ་བསྐུར་ནས་འཁྱེར་དུ་བཅུག་པ་དང་བཟའ་མི་གང་བོས་ཁོ་ལ་སྐྱེལ་མ་བྱས་ཏེ་སྒོར་བུད། ཨ་ཕས་ལག་པ་ཡ་གཅིག་གིས་ཞའོ་ཧྭར་འཇུས་ནས་ཧྲོས་ཧྲིན་ལ་བཤད་རྒྱུར། “ཧྲོས་ཧྲིན། ཁྱོད་ཀྱིས་སྒྲུབ་པ་ནི་རླབས་ཆེ་བའི་བྱ་བ་ཡིན་པས་ངས་བཀག་འགོག་མི་བྱེད། ཁྱོད་རང་སེམས་བདེ་མོས་སོང་། ཁྱིམ་ཚང་གི་དོན་དག་དང་བྱིས་པར་ངས་ལྟ་སྐྱོང་བྱ། གང་ལ་ཡང་ཞེ་ཐོགས་མི་དགོས།”
སྡེ་བའི་ཕོ་མོ་རྒན་གཞོན་ཀུན་གྱིས་ཀྱང་ཧྲོས་ཧྲིན་ལ་སྐྱེལ་མ་བྱས་ནས་སྒོར་བུད་པ་དང་། ཧྲོས་ཧྲིན་གྱིས་ཚང་མར་སྐོར་ལྟ་ཞིག་བྱེད་བཞིན་འཛུམ་ཙམ་བསྟན་རྗེས་གྲུར་བསྡད་དེ་བུད་སོང་།
མཐའ་མར། བུད་མེད་རྣམས་ལ་གྱེས་ཁའི་འཁྲེང་སེམས་ཅུང་ཟད་ཅིག་སྐྱེས་ཡོང་། ཉིན་གཉིས་འགོར་རྗེས། གཞོན་ནུ་མ་བཞི་ཧྲོས་ཧྲིན་ཚང་ལ་འཛོམས་པ་དང་། ཁོ་མོ་ཚོས་མིག་སྔའི་དོན་དག་མང་པོར་གྲོས་བསྡུར་མཛད།
“གོ་ཐོས་ལྟར་ན། ཁོ་ཚོ་འདི་ནས་ད་དུང་སོང་མི་འདུག་ཟེར། ངས་ཁོ་ཚོར་བར་ཆད་བཏང་བ་མིན་མོད། འོན་ཀྱང་། གོན་པ་ཞིག་འཁྱེར་རྒྱུ་བརྗེད་སོང་།”
“ང་ལ་སྐད་ཆ་གལ་ཆེན་ཞིག་ཁོར་བཤད་རྒྱུ་ཡོད།”
ཧྲོས་ཧྲིན་གྱི་ཆུང་མས“ཁོས་བཤད་པ་ལྟར་ན། འདྲེ་དམག་གིས་ཐོང་ཁི་སྡེ་བའི་ནང་དུ་དམག་སྒར་འདེབས་རྒྱུ་རེད་ཟེར……”
“ཁོ་ཚོར་ཐུག་འཕྲད་བྱེད་ན་དེ་འདྲའི་སྟབས་བདེ་མོ་ཞིག་གང་ནས་ཡོང་། ང་ཚོ་མྱུར་དུ་སོང་ནས་མྱུར་དུ་ཕྱིར་ཡོང་དགོས།”
“ང་མ་གཞིར་ཁོ་ལ་ཐུག་ཏུ་འགྲོ་མི་འདོད་མོད། འོན་ཀྱང་ངེད་ཚང་གི་སྒྱུག་མོས་ཅིས་ཀྱང་བལྟ་རུ་སོང་ཟེར། དེ་ལ་བལྟ་རིན་ཅི་ཞིག་ཡོད་ཨང་།”
དེ་ནས། བུད་མེད་དེ་ཚོ་ལྐོག་ཏུ་གྲུ་ཆུང་ཞིག་ལ་བསྡད་དེ། ཁ་གཏད་ཀྱི་མཱ་ཀྲོང་སྡེ་བའི་ནང་དུ་ཕྱིན།
མཱ་ཀྲོང་སྡེ་བའི་ནང་དུ་ཐོན་རྗེས། ཁོ་མོ་ཚོ་སྲང་ལམ་ནང་འཚོལ་དུ་འགྲོ་མ་ཕོད་པར་སྡེ་བའི་གོང་ན་ཡོད་པའི་གཉེན་ཉེ་ཞིག་གི་ཁྱིམ་དུ་སོང་། གཉེན་ཉེས་བཤད་རྒྱུར། “ཁྱོད་ཚོ་ཡོང་སྐབས་མ་འགྲིག་ཐལ། མདང་དགོང་ཁོ་ཚོ་ད་དུང་འདི་རུ་བསྡད་དེ་ནམ་གུང་ཙམ་ལ་བུད་སོང་། ས་གང་དུ་ཕྱིན་པ་སུས་ཀྱང་མི་ཤེས། ཁྱོད་ཚོས་ཁོ་ཚོར་སེམས་ཁྲལ་བྱེད་མི་དགོས། གོ་ཐོས་ལྟར་ན་ཧྲོས་ཧྲིན་རུ་དམག་ནང་དུ་ཐོན་མ་ཐག་ཕའེ་ཀྲང་གཞོན་པར་བསྐོས་པས་ཚང་མ་དགའ་སྤྲོ་ཆེན་པོ་སྐྱེས་འདུག……”
བུད་མེད་ཚོ་ཁ་སྐྱེངས་ཤིང་ངོ་གདོང་ཡང་དམར་པོར་གྱུར་ནས་དེ་གར་ཁ་བྲལ་ཏེ། ཆུ་ངོགས་སུ་བསྐྱུར་བའི་གྲུ་ཆུང་ལ་ཁ་ལོ་བསྒྱུར་ནས་ཕྱིན་སོང་། ད་ལྟ་ནི་ཉིན་གུང་དུ་བསླེབ་ལ་ཉེ་ཞིང་། ནམ་མཁའ་ན་སྤྲིན་པ་རྟ་མགོ་ཙམ་ཡང་མི་སྣང་མོད། འོན་ཀྱང་། གཙང་ངོས་སུ་ད་དུང་བསིལ་རླུང་ཅུང་ཟད་ལྡང་གིན་འདུག རླུང་བུ་དེ་ནི་ལྷོ་ཕྱོགས་ནས་མཆེད་འོངས་ཏེ་འདམ་རྩྭའི་ཡལ་འདབ་དང་ལོ་མའི་སྟེང་དུ་གཡུགས་ཡོང་། གཙང་བོའི་ཀླད་དུ་གྲུ་གཅིག་ཀྱང་མཐོང་རྒྱུ་མེད་པས་ཆུ་ངོས་ནི་མུ་མཐའ་མེད་ཅིང་འཕྱོ་ལྡིང་བྱེད་པའི་དངུལ་དཀར་གྱི་མེ་ལོང་དང་གཉིས་སུ་མེད།
བུད་མེད་ཚོས་ཁྱོ་ག་དག་མཐོང་མ་ཐུབ་པས་རེ་ཐག་ཆད་ཅིང་སེམས་པ་ཡང་ཅུང་ཟད་སྐྱོ་བར་གྱུར་ཏེ་ཁོག་ནས“རྒྱུ་འབྲས་མེད་པའི་ལྟས་ངན་དེ་ཚོ”ཞེས་སྡུག་ཡུས་འདོན་མོད། སྤྱིར་བཏང་ན་གཞོན་ཚོ་ནི་ནམ་ཡང་སྤྲོ་སྣང་འཕེལ་བའི་དོན་དག་གི་ཕྱོགས་ལ་བསམ་བློ་གཏོང་བར་མོས་ཤིང་། ལྷག་པར་དུ་བུད་མེད་རྣམས་ཀྱིས་རང་གི་སྡུག་བསྔལ་མཐའ་དག་ཡིད་ནས་བརྗེད་སླ་བས། ཅང་མ་འགོར་བར་ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་གླེང་མོལ་གྱི་མགོ་བརྩམས་བྱུང་།
“ལྟོས་དང་། འགྲོ་རྒྱུ་ཟེར་ན་དེ་མ་ཐག་བུད་འགྲོ།”
“ཁོ་ཚོར་དགའ་སྤྲོ་སྐྱེས་འདུག་ཨང་། དགའ་སྤྲོ་ཚད་མེད་སྐྱེས་འདུག་སྟེ། ལོ་གསར་དང་མནའ་མ་བསུ་བ་ལས་ཀྱང་ལྷག་ཏུ་དགའ་སྤྲོས་ཁེངས་ཡོད་ལ། ཁོ་ལ་འདི་འདྲའི་དགའ་སྤྲོ་སྐྱེས་པ་ད་རག་བར་མཐོང་མ་མྱོང་།”
“ཁོ་ནི་ཕུར་བ་ལྟ་བུས་བཏགས་ཀྱང་འགོག་མི་ཐུབ།”
“མ་འགྲིག་ཐལ། ཁོ་ནི་རྟ་རྒོད་མཐུར་ལས་ཤོར་བ་དང་འདྲ།”
“རུ་དམག་གི་ནང་དུ་ཐོན་མ་ཐག ཁོས་ཁྱིམ་མི་རྣམས་བརྗེད་འགྲོ་བ་ཁོ་ཐག་ཡིན།”
“དེ་ལོས་ཡིན། ངེད་ཚང་དུ་ན་གཞོན་རུ་དམག་སྐོར་ཞིག་བསྡད་མྱོང་། ཉིན་གང་བོར་སྒོ་རའི་ནང་ནས་སྒོར་འབུད་དུས་དང་ནང་དུ་འགྲོ་དུས་གཉིས་ཀར་གླུ་དབྱངས་ལེན། ང་ཚོར་ཚེ་གང་བོར་ཡང་འདི་འདྲའི་སྤྲོ་སྣང་ཞིག་ལངས་མ་མྱོང་། ཁོ་ཚོར་ཁོམ་པ་བྱུང་དུས་ངའི་སེམས་སུ་ད་ནི་ངལ་གསོ་རྒྱུ་རེད་སྙམ་མོད། ངའི་དྲན་ཚུལ་དེ་ནི་གླེན་རྟགས་ཤིག་རེད། ཁྱོད་ཀྱིས་ཚོད་དཔག་གྱིས་དང་། ཁོ་ཚོས་ཅི་ཞིག་བསྒྲུབ་རྒྱུ་རེད། ས་རྩི་དཀར་པོས་ངེད་ཚང་གི་གྱང་ངོས་སུ་རི་མོ་སྒོར་སྒོར་མང་པོ་བྲིས་པ་དང་། མི་རེ་རེ་སྒོ་རའི་ནང་དུ་ཙོག་པུར་བསྡད་ནས་དེ་ལ་མེ་མདས་དམིགས་བཞིན་སླར་ཡང་གླུ་དབྱངས་བླངས་འོངས།”
ཁོ་མོ་ཚོས་དལ་གྱིས་གྲུ་ལ་ཁ་ལོ་བསྒྱུར་བྱུང་། གྲུ་ཆུང་གི་གཡས་གཡོན་གཉིས་ནས་འཕྱོ་བའི་ཆུ་བོའི་རླབས་སྒྲ་ནི་ཤག་ཤག་ཏུ་གྲག་གིན་འདུག བུད་མེད་ཅིག་གིས་ལག་པའི་བདེ་ཕྱོགས་ཀྱིས་ཆུ་ནང་ནས་ཚེར་མ་རྭ་མགོ་རྐང་གཅིག་བཏོན་ཡོང་། དེ་ནི་ཧ་ཅང་ནེམ་ཞིང་སྙི་ལ། ཤིན་ཏུ་ཆུང་ཞིང་འོ་མདོག་དང་ལྡན་པ་ཞིག་རེད། བུད་མེད་དེས་ཚེར་མ་རྭ་མགོ་དེ་སླར་ཡང་ཆུ་ནང་དུ་དབྱུགས་པ་ན། བརྟན་ཆགས་སེ་ཆུ་ཁར་གཡེང་ནས་སྔར་རྒྱུན་ལྟར་སྐྱེ་བཞིན་འདུག
“ད་ལྟ་ཁྱོད་ཀྱིས་ཁོ་ཚོ་ས་གང་དུ་ཐོན་འདུག་པ་ཤེས་སམ།”
“ཁ་ཡ་བྱེད་མི་དགོས། ནམ་མཁའི་ཕ་མཐར་ཕྱིན་འདུག་ནའང་ཐང་།”
ཁོ་མོ་ཚོས་མགོ་བོ་དགྱེ་ནས་རྒྱང་རིང་ལ་ལྟ་ཙམ་བྱེད།
“ཨ་ཙི་ཙི། ཕ་གི་ན་གྲུ་ཞིག་ཚུར་ཡོང་གིན་འདུག”
“ཨ་ཙི་ཙི། ཁྱོད་ཀྱིས་དེ་ཚོའི་གྱོན་པར་ལྟོས་དང་། འཇར་པན་འདྲེ་དམག་རེད།”
“རེམ། མྱུར་དུ་གྲུ་ལ་ཁ་ལོ་སྒྱུར་ཅིག”
གྲུ་ཆུང་སྲོག་བསྡོས་ཀྱིས་མདུན་དུ་སྐྱོད་ཀྱིན་འདུག ཁོ་མོ་ཚོའི་སེམས་སུ་ད་ཐེངས་འདི་ལྟར་ཧོལ་རྒྱུགས་བྱས་པ་ནི་ཅུང་མ་འགྲིག་སྙམ་ནས་འགྱོད་པ་སྐྱེ་བཞིན་འདུག་ལ། ཡང་གཅིག་བཤད་ན། འདི་ལྟར་རྒྱང་རིང་དུ་ཕྱིན་ཟིན་པའི་སྐྱེས་པ་ཚོར་འཁང་ར་བྱེད་པ་ཡིན་ཀྱང་སྲིད། ཡིན་ན་ཡང་། ད་ནི་དེ་དག་ལ་བསམ་བློ་གཏོང་ཁོམ་གང་ན་ཡོད། མྱུར་དུ་གྲུ་ལ་ཁ་ལོ་སྒྱུར་དང་། དགྲ་བོའི་གྲུ་རྫིངས་ཀྱིས་རྗེས་དམ་པོར་བསྙེགས་ནས་ཐོན་ལ་ཉེ་བ་མ་ཡིན་ནམ།
གྲུ་རྫིངས་ཇེ་ཉེ་ནས་ཇེ་ཉེར་བཅར་ཡོང་།
དགའ་འོས་པ་ཞིག་ལ། གཞོན་ནུ་མ་ཚོ་ནི་པའེ་དབྱང་ཏེན་ནས་ནར་སོན་པ་ཡིན་ཞིང་། ཁོ་མོ་ཚོའི་གཟིངས་རྩལ་ཕུལ་དུ་སོན་འདུག་པས་གྲུ་ཆུང་གི་སྐྱོད་ཚུལ་ནི་ཤིན་ཏུ་མགྱོགས་ཏེ། ཆུ་ངོས་ནས་འཕགས་ཏེ་འཕྱོ་ལྡིང་བྱེད་པའི་ཉ་མོ་མདུང་དབྱིབས་མ་ཞིག་དང་འདྲ། ཁོ་མོ་ཚོ་ཆུང་དུས་ནས་གྲུ་དང་འགྲོགས་ཏེ་ལོབས་ཡོད་པས། དེ་ལ་ཁ་ལོ་བསྒྱུར་བའི་ཚེ་ན་བྱང་ཆ་ལྡན་ཞིང་ཐོགས་རྡུགས་ཅི་ཡང་མེད། གལ་ཏེ། དགྲ་བོས་རྗེས་བསྙེགས་འོངས་ཏེ་ཐར་ལམ་བྲལ་བའི་སྐབས་སུ། ཁོ་མོ་ཚོ་ཆུར་ལྡིང་ནས་སྲོག་བསྡོས་བྱེད་ངེས་ཡིན།
སྐབས་དེར། རྗེས་ཕྱོགས་ནས་གྲུ་རྫིངས་ཤིག་གིས་བསམ་དབང་གཟུར་དབང་མེད་པར་བདས་ཡོང་། དེ་ནི་བལྟས་མ་ཐག་ནས་འདྲེ་དམག་རྣམས་ཡིན་པ་ཤེས་ཐུབ། གཞོན་ནུ་མ་ཚོས་ཨམ་གཙིགས་བསྡམས་ཤིང་སྙིང་གི་འཕར་ལྡིང་མར་མནན་ཏེ། གྲུ་ཁེམ་གྱི་འདེགས་འཇོག་བསྒྱུར་བའི་ལག་ཟུང་གཏན་ནས་ལྷོད་དུ་མ་བཅུག ཆུ་སྒྲ་ནི་གྲུ་ཡི་གཞོགས་གཉིས་སུ་ཤག་ཤག་ཏུ་གྲག་གིན་འདུག ཤག་ཤག ཤག་ཤག་ཤག
“པདྨའི་རྫིང་བུའི་ནང་དུ་ཁ་ལོ་སྒྱུར་དང་། དེ་གའི་ཆུ་གཏིང་མི་ཟབ་པས་དགྲ་བོའི་གྲུ་རྫིངས་འགྲོ་མི་ཐུབ།”
ཁོ་མོ་ཚོས་གྲུ་ཆུང་ལ་ཁ་ལོ་བསྒྱུར་ཏེ་རྒྱ་ཁྱོན་གྱི་ཚད་མཐའ་མི་དཔོག་པའི་པདྨའི་རྫིང་བུའི་ཕྱོགས་སུ་བསྐྱོད། ཕ་མཐའ་མི་མངོན་པར་བཞད་པའི་མེ་ཏོག་པདྨའི་འདབ་མ་དག་ནི་རྫུབས་སྟུག་པོའི་ངང་ཕྱི་རིམ་ནང་རིམ་གྱིས་བརྩེགས་ཏེ་ཉི་ཟེར་འོག་ཏུ་ཕྱོགས་ཀྱི་མཐར་ཁེབས་པ་དང་། སྒྱེལ་ཐབས་མེད་པའི་ཟངས་ཀྱི་མཁར་གྱང་དང་ལྕགས་ཀྱི་རྩིག་པ་ལྟར་རྨང་བརྟན་པོར་གནས་འདུག་ལ། དམར་ཞད་ཆེ་བའི་པདྨའི་གཞུང་རྟ་རྣམས་ཀྱང་ཀྲོང་ངེར་འགྱིང་སྟེ་པའེ་དབྱང་ཏེན་ལ་གཟིགས་རྟོག་བྱེད་པའི་སོ་དམག་གི་བརྟུལ་ཞུགས་སྐྱོང་།
ཁོ་མོ་ཚོའི་གྲུ་ཆུང་སྔར་བཞིན་དམིགས་སར་སྐྱོད་ཀྱིན་ཡོད་ཅིང་། མཇུག་མཐར། ཤུགས་གློ་བུར་བ་ཞིག་བརྒྱབ་སྟེ་ཁ་ལོ་བསྒྱུར་པས་སྐད་ཅིག་ཏུ་པདྨའི་རྫིང་བུའི་ནང་དུ་ཞུགས། ངང་ངུར་འགའ་འདྲོགས་ཏེ་སྐད་ཅོར་རྒྱག་བཞིན་གཤོག་པས་ཆུ་ངོས་སུ་གཙུབ་ནས་འཕུར་སོང་། སྐབས་དེར། ཁོ་མོ་ཚོའི་རྣ་འགྲམ་དུ་མེ་མདའི་སྒྲ་བསྟུད་མར་གྲགས་འོངས།
པདྨའི་རྫིང་བུ་ཀུན་ནས་དཀྲོགས་པར་གྱུར། ཁོ་མོ་ཚོའི་བསམ་པར་ད་ནི་དགྲ་བོའི་རྙི་དོང་ནང་དུ་ལྷུང་བ་དང་། ཐར་ལམ་མེད་པར་འདོད་དེ་ཚང་མ་མཉམ་གཅིག་ཏུ་ཆུ་ནང་དུ་ལྡིང་། ཕྱིས་སུ། སྒྲ་དེ་ནི་ཕྱི་ཕྱོགས་སུ་འཕངས་པའི་མེ་མདའི་སྐད་ཡིན་པ་རིམ་གྱིས་གསལ་བོར་ཐོས་པས། ཁོ་མོ་ཚོས་ད་གཟོད་གྲུ་ཆུང་གི་ལོགས་ནས་མགོ་བོ་བུད་དེ་རྒྱང་ལྟ་བྱས། མི་རིང་བའི་གནས་ཀྱི་པདྨའི་ལོ་འདབ་ཆེན་པོ་དག་གི་འོག་ཏུ་མིའི་ངོ་གདོང་དག་ཆུ་ཁར་མངོན་ཞིང་། ལུས་སྨད་ཆུ་ནང་དུ་བྱིང་ནས་འདུག འོ་ན། མེ་ཏོག་པདྨ་ཐམས་ཅད་མི་རུ་གྱུར་པ་ཡིན་ནམ། ཨ་ཙི། མི་དེ་ནི་ཧྲོས་ཧྲིན་མ་ཡིན་ནམ། སླར་ཡང་གཡས་གཡོན་ཀུན་ལ་བལྟས་པའི་ཚེ། ཅང་མ་འགོར་བར་ཁོ་མོ་ཚོས་རང་རང་གི་ཁྱོ་གའི་ངོ་གདོང་ཡང་རྙེད་ཡོང་། འོ། མ་གཞིར། ཁོ་ཚོ་རེད་ཨང་།
ཡིན་ན་ཡང་། མེ་ཏོག་པདྨའི་ལོ་འདབ་ཆེན་པོའི་འོག་ཏུ་བསྐུངས་པའི་འཐབ་མོ་པ་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་སོ་ཁུང་དགྲ་བོར་གཏད་ནས་མེ་མདའ་འཕེན་པ་ལས་ཁོ་མོ་ཚོར་མིག་ཟུར་གྱིས་ཀྱང་ལྟ་བར་མི་བྱེད། དྭངས་ཤིང་གསལ་བའི་མེ་མདའི་སྐད་སྒྲ་དེ་ཡུན་རིང་དུ་གྲགས་རྗེས། ཁོ་ཚོས་ད་གཟོད་ལག་འབོམ་དབྱུགས་བྱུང་ལ། དེའི་མུར་ཚང་མ་པདྨའི་རྫིང་བུའི་ནང་ནས་ཕྱིར་མཆོངས་ཡོང་།
ལག་འབོམ་གྱིས་དགྲ་བོའི་གྲུ་རྫིངས་ལ་ཕོག་པས་ཡོད་ཚད་ཆུ་བོའི་འཇིངས་སུ་བསྣུབས་པར་བྱས། ཆུ་ངོས་སུ་སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་དུ་ཕུང་གི་སྨན་རྫས་ཀྱི་དྲི་མ་ཙམ་ལས་ཅི་ཡང་ལུས་མི་འདུག འཐབ་མོ་པ་རྣམས་ཀྱིས་དེ་གར་སྐད་གསང་མཐོན་པོའི་ངང་དགའ་བའི་དགོད་སྒྲ་སྒྲོག་བཞིན་དགྲ་ལག་ནས་ཐོབ་པའི་དངོས་རྫས་རྣམས་འཐུ་བའི་མགོ་བརྩམས་བྱུང་། ཁོ་ཚོས་ནམ་རྒྱུན་ཆུ་རུ་འཛུལ་ནས་ཉ་མོ་འཛིན་པ་ནང་བཞིན་བྱང་ཆ་དང་ལྡན་པའི་ངང་མེ་མདའ་དང་མདའ་ཁུག ད་དུང་ཆུ་ནང་དུ་སིམ་པའི་གྲོ་ཕྱེ་ཁུག་མ་གང་རེ་གང་རེ་ཆུ་ཁར་བཏོན་ཡོང་། ཧྲོས་ཧྲིན་གྱིས་ཆུ་ངོས་སུ་ལག་པས་རྡེག་བཞིན་རླབས་སྟེང་དུ་འཕྱོ་ཞིང་འགྲིལ་བའི་དངོས་པོ་ཞིག་གི་རྗེས་སྙེག་གིན་འདུག་ལ། དེ་ནི་ཤོག་སྒམ་སྤུས་ལེགས་ཤིག་གི་ནང་དུ་བཅུག་པའི་ཀ་ར་གོ་རེའི་ཐུམ་སྒྲིལ་ཞིག་རེད།
གཞོན་ནུ་མ་རྣམས་ཀྱིས་ལུས་ཡོངས་ནས་ཆུ་ཐིགས་ཙར་ཙར་དུ་འཛག་བཞིན་སླར་ཡང་རང་གི་གྲུ་ཆུང་ལ་ཁ་ལོ་བསྒྱུར་ཏེ་བུད་སོང་།
ཧྲོས་ཧྲིན་གྱིས་ལག་པ་ཡ་གཅིག་གིས་ཤོག་སྒམ་དེ་ཁྱེར་ཡོང་ནས་སྤྱི་གཙུག་ཏུ་བཏེགས་པ་དང་། ལག་པ་ཡ་གཅིག་གིས་ཤུགས་ཀྱིས་ཆུ་ངོས་སུ་བརྡེགས་ཏེ་རང་ཉིད་ཆུ་ཁར་གཡེང་དུ་བཅུག་ཅིང་། ངོ་གདོང་པདྨའི་རྫིང་བུའི་ནང་དུ་འཁོར་ནས“ཁྱོད་ཚོ་ཚང་མ་ཕྱིར་བུད་ཡ”ཞེས་སྐད་བརྒྱབ།
ཁོའི་སྐད་གདངས་ལ་ཉན་ན་ཁོང་ཁྲོ་ཆེན་པོ་ཞིག་ལངས་འདུག་པ་འདྲ།
ཁོ་མོ་ཚོས་གྲུ་ཆུང་ལ་ཁ་ལོ་སྒྱུར་བཞིན་ཕྱིར་འབུད་དགོས་བྱུང་། གློ་བུར་དུ། གྲུ་ཆུང་གི་འོག་ནས་མི་ཞིག་མངོན་ཡོང་ལ། ཧྲོས་ཧྲིན་གྱི་ཆུང་མ་ཁོ་ནས་ད་གཟོད་མི་དེ་ནི་ཡུལ་ཁུལ་གྱི་རུ་ཁག་ཆུང་བའི་རུ་གཙོ་ཡིན་པ་ཤེས་འདུག མི་དེས་ངོ་གདོང་གི་ཆུ་ཐིགས་ཡོངས་རྫོགས་ལག་པས་འབྱིད་བཞིན“ཁྱོད་ཚོ་ཅི་བྱེད་དུ་ཡོང་བ་ཡིན”ཞེས་འདྲི།
ཧྲོས་ཧྲིན་གྱི་ཆུང་མས“ཡང་ཁོ་ཚོར་གྱོན་ཆས་འགའ་བསྐྱལ་ཡོང་བ་ཡིན”ཟེར།
རུ་གཙོ་ཆུང་བས་ཁ་ཕྱིར་འཁོར་ཏེ་ཧྲོས་ཧྲིན་ལ“ཚང་མ་ཁྱོད་ཚོ་སྡེ་བའི་ཡིན་ནམ”ཟེར།
ཧྲོས་ཧྲིན་གྱིས“ང་ཚོའི་སྡེ་བའི་མིན་ན་གང་གི་ཡིན། རྗེས་ལུས་ཀྱི་མི་སྐོར་ཞིག་རེད”ཅེས་བཤད་རྗེས། ཤོག་སྒམ་དེ་གཞོན་ནུ་མ་ཚོའི་གྲུ་ཐོག་ཏུ་གཡུགས། འོན་ཀྱང་། ཤོག་སྒམ་ནི་དེ་མ་ཉིད་དུ་ཡང་བསྐྱར་ཆུ་ཞབས་སུ་ནུབ་པ་དང་།དེ་ནས་ཧ་ཅང་ཐག་རིང་བའི་གནས་སུ་ཁུར་རྗེས་རང་བཞིན་གྱིས་ཆུ་ཁར་གཡེང་ཡོང་།
རུ་གཙོ་ཆུང་བས་ཀུ་རེ་དང་བཅས“ཁོ་མོ་ཚོ་ཡོང་བ་ཡང་དོན་མེད་དུ་སོང་མི་འདུག ཁྱོད་ཚོ་མེད་རྒྱུ་ན་ང་ཚོའི་འཇབ་རྒོལ་ལ་འདི་འདྲའི་བདེ་བླག་ཅིག་ཡོང་མི་སྲིད། ཡིན་ན་ཡང་། ལས་འགན་ཡོངས་འགྲུབ་བྱས་ཟིན་པས་ཁྱོད་ཚོ་ཕྱིར་སོང་ནས་གོན་པ་ཉི་མར་བསྐམ་རན་འདུག གནས་ཚུལ་ད་དུང་ཛ་དྲག་རེད”ཟེར། འཐབ་མོ་པ་རྣམས་ཀྱིས་སྔར་ནས་བཏུས་ཡོང་བའི་དགྲ་ལག་ནས་ཐོབ་པའི་དངོས་རྫས་ཡོངས་རྫོགས་ཁོ་ཚོའི་གྲུ་ཆུང་ནང་དུ་བཞག་སྟེ་གནས་སྤོ་རྩིས་བྱས་ཤིང་། མི་རེས་མེ་ཏོག་གི་འདབ་མ་རེ་བཏོགས་ནས་སྤྱི་གཙུག་ཏུ་བཀབ་སྟེ་ཉིན་གུང་གི་ཚ་གདུགས་ལ་གཡོལ་ཐབས་བྱེད། སྐབས་དེར། གཞོན་ནུ་མ་ཚོས་ཆུ་ནང་དུ་ལྷུང་ནས་སླར་ཡང་ཡར་བཏོན་པའི་འབོག་སྒྲིལ་ཞིག་ཁོ་ཚོའི་ལག་ཏུ་གཏད་ཡོང་། འཐབ་མོ་པ་རྣམས་ཀྱི་གྲུ་ཆུང་གསུམ་པོ་ཤར་ལྷོའི་ཕྱོགས་སུ་གཟས་ཏེ་བྱ་འཕུར་བ་ལྟར་བསྐྱོད་པ་དང་། ཅང་མ་འགོར་བར་ཉིན་གུང་གི་ཆུ་ངོས་སུ་ལྡང་བའི་དུ་རླབས་ཀྱི་ཁྲོད་ནས་མཐོང་མེད་དུ་ཡལ།
གཞོན་ནུ་མ་རྣམས་ཀྱིས་རང་གི་གྲུ་ཆུང་ལ་ཁ་ལོ་སྒྱུར་བཞིན་རྟབ་རྟབ་པོར་ཁྱིམ་དུ་ལྡོག ཁོ་མོ་ཚོ་ནི་ལུས་ཡོངས་བརླན་གྱིས་གཤེར་ཏེ་ཆུ་ནང་དུ་ལྷུང་བའི་ཁྱིམ་བྱ་རེ་རེ་དང་འདྲ་ཞིང་། ལམ་གང་བོར་དགའ་བས་རབ་ཏུ་མྱོས་ཏེ་མཚམས་མེད་པར་ཁ་བརྡར་རོལ་བར་བྱེད། གྲུ་མགོར་ཙོག་སྟེ་ཁ་གཞུག་ལ་འཁོར་བའི་བུད་མེད་དེས་མཆུ་ཏོ་སྤགས་ནས“ཁྱོད་ཀྱིས་ཁོ་ཚོའི་ཚུགས་ཀར་ལྟོས་དང་། ང་ཚོ་མཐོང་ན་ཁ་ཡ་བྱེད་འདོད་མི་འདོད་ཙམ་རེད”ཟེར།
“འོ་ལོས། ང་ཚོས་ཁོ་ཚོར་གདོས་ཀྱི་ཁུར་བོ་ཅི་ཞིག་བཀལ་བ་དང་འདྲ།”
ཁོ་མོ་ཚོ་ཡང་གཏིང་ནས་དགོད་རྒྱུ་ཡོང་སྟེ། དེ་རིང་གི་དོན་དག་ནི་གཟི་དཔལ་དང་ལྡན་པ་ཞིག་མ་རེད་སྙམ་ཡོང་མོད། འོན་ཀྱང་། ཚང་མས“ཨ་ཁ་ཁ། ང་ཚོའི་ལག་ན་མེ་མདའ་མེད། གལ་ཏེ་མེ་མདའ་ཡོད་རྒྱུ་ན་པདྨའི་རྫིང་བུའི་ནང་དུ་འབྲོ་དོན་མེད། ཆུ་ནང་དུ་འདྲེ་དམག་དང་འཐབ་ན་ཆོག”ཟེར།
“ངས་དེ་རིང་ཡང་དམག་འཁྲུག་རྒྱག་པ་མཐོང་བྱུང་། དམག་འཁྲུག་རྒྱག་པ་དེ་ཡང་ཁྱད་པར་བ་ཞིག་མ་རེད། ཁྱོད་མ་སྐྲག་པར་སེམས་ལྷོད་ལ་འབབ་ཐུབ་ན། དེ་གར་ཁ་སྦུབ་ཏུ་བསྡད་ནས་མེ་མདའ་འཕེན་མི་ཐུབ་པའི་མི་སུ་ཞིག་ཡོད་ཨང་།”
“གལ་ཏེ་དམག་འཁྲུག་བརྒྱབ་ནས་གྲུ་ཆུང་ཆུ་ནང་དུ་བསྣུབས་ཚེ། ང་ཡང་བྱ་གག་ལྟར་རྐྱལ་ནས་ཆུ་ནང་གི་དངོས་པོ་དག་ཆུ་ཁར་ལེན་ཐུབ། ངས་ང་ཚོའི་རྐྱལ་རྩལ་ནི་ཁོ་ཚོ་ལས་འཕགས་པར་ཁག་ཐེག་བྱེད་ཐུབ། ཆུ་ཡི་གཏིང་ཇི་འདྲ་ཟབ་ན་ཡང་ང་མི་སྐྲག”
“ཧྲོས་ཧྲིན་གྱི་ཆུང་མ་ལགས། ཕྱིར་སོང་ན་ང་ཚོས་ཀྱང་རུ་དམག་ཅིག་འཛུགས་རྩིས་བྱ། དེ་མིན་ན་རྗེས་ཕྱོགས་ང་ཚོ་ད་དུང་སྒོར་འབུད་ཐུབ་བམ།”
“ཁོ་ཚོ་དམག་ཏུ་ཞུགས་མ་ཐག་ནས་ང་ཚོར་མཐོང་ཆུང་བྱས་ཡོང་། ལོ་གཉིས་འགོར་རྗེས། ལྷག་ཏུ་ང་ཚོ་མིག་ནང་དུ་འཇོག་རྒྱུ་མ་རེད། ང་ཚོའི་བར་དུ་རྗེས་ལུས་ཡིན་མིན་གྱི་ཁྱད་པར་ཅི་ཞིག་ཡོད་སྲིད་ཨང་།”
ལོ་དེའི་སྟོན་ཁར། ཁོ་མོ་ཚོས་མེ་མདའ་འཕེན་སྟངས་སྦྱངས་ནས་ཁོང་དུ་ཆུད་པ་དང་། དགུན་ཁར། མི་རྣམས་ཀྱིས་འཁྱག་རོམ་གཏོར་ནས་ཉ་མོ་འཛིན་པའི་སྐབས་སུ། ཁོ་མོ་ཚོ་སྐར་མདའ་ལྟར་མྱུར་བའི་འཁྱག་གྲུར་བསྡད་དེ་ཉེན་ཟོན་སྐོར་གཡེང་བྱེད་ཅིང་། དགྲ་བོས་འདམ་རྩྭའི་རྫིང་བུ་ཆེན་པོའི་མཐའ་བསྐོར་བར་འདོད་པའི་སྐབས་སུ། ཁོ་མོ་ཚོས་ཡུལ་དེའི་རུ་དམག་རྣམས་དང་བསྡོངས་ཏེ་རྒྱ་མཚོ་ལྟ་བུའི་འདམ་རྩྭའི་ཀློང་ནས་འགྲོ་འོང་གི་འཁོར་ལོ་སྐོར་བཞིན་འཐབ་མོ་འགྱེད།
ཟུར་བཀོད།
སྒྱུར་མཁན་ངོ་སྤྲོད།
འབྲོང་བུ་རྡོ་རྗེ་རིན་ཆེན། མཚོ་སྔོན་གཅན་ཚ་རྫོང་ཀླེ་ཆེན་སྡེ་བར་སྐྱེས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། བརྩམས་ཆོས་རེ་འགའ་ཕྱི་གླིང་གི་ཡི་གེར་བསྒྱུར་ནས་བཀྲམ་ཡོད། སྙན་ངག«བཀྲ་ཤིས་རྟགས་བརྒྱད་དང་སྦྱར་བའི་བསྔགས་ཚིག»ལ«སྦྲང་ཆར»གྱི་ཕུལ་བྱུང་རྩོམ་ཡིག་བྱ་དགའ་ཨང་གསུམ་པ་དང་། བརྩམས་སྒྲུང«གཞིས་བྱེས་ལྷན་འཛོམས»ལ«སྦྲང་ཆར»རྩོམ་སྒྲིག་པུས་བསྡུས་པའི“མི་རིགས་མཐུན་སྒྲིལ་དང་ཡར་ཐོན”གྱི་བྱ་དགའ་ཨང་དང་པོ། དཔྱད་རྩོམ«སྟག་འབུམ་རྒྱལ་གྱི་ཁྱིའི་སྒྲུང་གཏམ་བཀླགས་པའི་མྱོང་ཚོར»ལ་སྐབས་བརྒྱད་པའི“སྦྲང་ཆར་དཔྱད་བརྗོད་བྱ་དགའ”བཅས་ཐོབ་མྱོང་ཞིང་། བརྩམས་དེབ་ཏུ་ལོ་རྒྱུས་སྒྲུང་རིང«གངས་ཅན་བོད་ཡུལ་དུ་སྤྲིངས་པའི་འཕྲིན་ཡིག»དང«དུར་ཐང» «རྩོམ་ལ་འཇུག་པའི་སྒོ» «འབྲོང་བུ་རྡོ་རྗེ་རིན་ཆེན་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས»སོགས་ཡོད། གཞན་ཡང་ཨའེ་ལུན•ཕུའི་བརྩམས་སྒྲུང་ཕྱོགས་བསྒྲིགས«བྱི་ལ་ནག་པོ»དང་། ཞུས་ཀྲུང་ལིན་གྱི«ལྷ་རུ་བསྐོས་པའི་སྒྲུང»སོགས་ཀྱིས་མཚོན་པའི་རྒྱབ་ཁབ་ཕྱི་ནང་གི་གྲགས་རྩོམ་དེབ་འགའ་ཡང་བོད་ཡིག་ཏུ་བསྒྱུར་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཡོད།
སྒྱུར་པ་པོའི་གཏམ།
སྒྲུང་ཐུང«པདྨའི་རྫིང་བུ»ཞེས་པ་བོད་ཡིག་ཏུ་བསྒྱུར་བའི་འཆར་སྒོ།
«པདྨའི་རྫིང་བུ»ཞེས་པ་ནི་རྒྱའི་དེང་རབས་རྩོམ་པ་པོ་སུན་ལིས་ཀྱིས་གསར་རྩོམ་གནང་བའི་སྒྲུང་ཐུང་གྲགས་ཅན་ཞིག་སྟེ། སྲོལ་རྒྱུན་གྱི་དམག་འཁྲུག་འབྲི་སྟངས་ལས་བརྒལ་བའི་གསར་གཏོད་རང་བཞིན་འཛོམས་པའི་བརྩམས་ཆོས་ཤིག་ཏུ་བཤད། དེས་སྙན་ངག་གི་ཉམས་འགྱུར་ལྡན་པའི་སྐད་ཆ་དང་།་ཞིབ་ཅིང་ཕྲ་བའི་བརྩེ་དུང་།་ཐུན་མོང་མ་ཡིན་པའི་མཐོང་སྣེ་བཅས་ལ་བརྟེན་ནས་དམག་འཁྲུག་ཁྲོད་ཀྱི་མི་དཀྱུས་མའི་སེམས་ཁམས་ཀྱི་འཇིག་རྟེན་དང་ཚེ་སྲོག་གི་སྟོབས་ཤུགས་མངོན་པར་བྱས་ཡོད་པར་མ་ཟད། ཤུགས་རྐྱེན་གཏིང་ཟབ་པའི་རྩོམ་རིག་གྲུབ་མཐའ(荷花淀派)ཞིག་གི་སྒོ་འཕར་ཡངས་པོར་ཕྱེས་ཡོད།
ཕྲན་གྱིས་སྒྲུང་ཐུང་འདི་ལོ་ཙཱ་མ་བྱས་གོང་། ཐོག་མར་མ་རྩོམ་ལ་སློབ་སྦྱོང་ནན་ཏན་བྱས་ཤིང་རྩོམ་སྟངས་ཀྱི་ཐུན་མོང་མ་ཡིན་པའི་ཆ་ལ་བསམ་གཞིག་རྣལ་མོ་བཏང་བ་དང་། རྒྱ་ཡིག་གི་ལམ་ནས་སྒྲུང་ཐུང་འདིའི་དཔྱད་བརྗོད་ཐད་ཀྱི་རྩོམ་ཡིག་མང་པོ་བཀླགས་ལ། ཁྱད་པར་དུ་རྩོམ་རིག་གི་སྐད་ཆ་དང་གཏམ་རྒྱུད་ཀྱི་ནང་དོན། མི་སྣའི་གཤིས་ཀ བྱུང་རིམ་འཕེལ་རྒྱས་སོགས་ལ་རྒྱུས་ལོན་ཡག་པོ་བྱས་པར་མ་ཟད། སྒྲུང་ཐུང་གི་རྒྱབ་ལོགས་ཀྱི་ལོ་རྒྱུས་དང་རིག་གནས་རྒྱབ་ལྗོངས་སོགས་ལའང་ཞིབ་ཆ་བླངས་ནས་ཁོང་དུ་ཆུད་ཐབས་བྱས་པ་ཡིན།
གཤམ་དུ་ཕྲན་གྱིས་རྩོམ་ཡིག་འདི་ལོ་ཙཱ་བྱས་པའི་བསམ་ཚུལ་དག་སྟབས་བདེར་ཕུལ་ན།
གཅིག རྩོམ་བྱང་།
སྒྲུང་གཏམ་འདིའི་རྩོམ་བྱང་ནི་སྤྱིར་བཏང་གི་སྒྲུང་གཏམ་མང་པོ་དང་མི་འདྲ། དེ་ཡང་སྒྲུང་གཏམ་འདིའི་རྩོམ་བྱང་གིས་གཅིག་ནས་གཏམ་རྒྱུད་བྱུང་སའི་གནས་ཀྱི་ལྟེ་བ་གསལ་བར་བསྟན་པ་དང་། གཉིས་ནས་མི་སྣ་གཙོ་བོ་ཧྲོས་ཧྲིན་གྱི་ཆུང་མས་འཐུས་ཚབ་བྱས་པའི་བུད་མེད་ངལ་རྩོལ་པའི་བླ་ན་མེད་པའི་གཤིས་རྒྱུད་མཚོན་ཡོད་པས། དེ་ལ་རྒྱབ་ལྗོངས་ངོ་སྤྲོད་དང་མི་སྣ་བཞེངས་སྐྲུན། བརྗོད་སྙིང་གཏིང་ཟབ་ཏུ་སྤེལ་བ་དང་། སྙན་ངག་གི་ཉམས་འགྱུར་མཚོན་པའི་ནུས་པ་ལྡན་པ་རེད། དེ་བས་རྒྱ་ཡིག་གི“荷花淀”ཞེས་པའི་ཐ་སྙད་འདི་བོད་སྐད་དུ་བསྒྱུར་ན་གང་ལྟར་ཡང་མ་རྩོམ་གྱི་ངོ་གདོང་རྣལ་མ་དེ་དག་ཐོན་དུ་འཇུག་དཀའ་བའི་གནད་དོན་རང་བཞིན་གྱིས་བྱུང་འདུག གཞུང་ལུགས་ལྟར་ན། ཐད་བསྒྱུར་བྱེད་ཐབས་སྤྱད་དེ«ཧི་ཧྭ་ཏེན»ནམ་ཡང་ན«ཧི་ཧྭ་ཏེན་གྱི་རྫིང་བུ»ཞེས་བསྒྱུར་དགོས་པར་རྩོད་པ་མེད་མོད། འོན་ཀྱང་། དེ་ལྟར་བསྒྱུར་ན་ཀློག་པ་པོ་ལ་འགྲེལ་བཤད་དང་གསལ་བཤད་མང་པོ་འབུལ་དགོས་པས་སུན་སྣང་བཟོ་བའི་ཉེན་ཁ་གནས་པ་དང་། ཡང་གཅིག་བཤད་ན། རྩོམ་བྱང་གི་རིག་གནས་ཀྱི་གོ་དོན་ཡང་བག་ལ་ཞ་བར་འགྱུར་ངེས་རེད། དེར་བརྟེན། ཕྲན་གྱིས་བོད་སྐད་ཀྱི་ཁྱད་ཆོས་ལ་སྒོ་བསྟུན་ནས«པདྨའི་རྫིང་བུ»ཞེས་བསྒྱུར་ཏེ་ཀློག་པ་པོར་གོ་བདེ་བར་བྱས་པ་ཡིན།
གཉིས། གནད་དུ་ཐིངས་པའི་སྒོ་ནས་བརྩམས་ཆོས་ཀྱི་ཆ་འཕྲིན་དང་བརྩེ་ཚོར་བརྒྱུད་སྤྲོད་བྱས་པ།
ལོ་ཙཱའི་ལས་ཀའི་སྙིང་བོ་ནི་གནད་དུ་ཐིངས་པ་དང་ཡང་དག་པའི་སྒོ་ནས་མ་རྩོམ་གྱི་ཆ་འཕྲིན་དང་བརྩེ་ཚོར་བརྒྱུད་སྤྲོད་ཡོང་བའི་སྟེང་ན་ཡོད་ཅིང་། «པདྨའི་རྫིང་བུ»ལ་མཚོན་ན། དེའི་གཏམ་རྒྱུད་ཀྱི་བྱུང་རིམ་དང་མི་སྣའི་གཏམ་གླེང་། ནང་སེམས་ཀྱི་འགྱུར་བ་སོགས་ནི་གནད་དུ་ཐིངས་པ་དང་ཡང་དག་པའི་སྐད་ཆར་བརྟེན་ནས་མཚོན་ཐབས་བྱེད་དགོས་ཏེ། དེ་ལྟར་མིན་ན་ཀློག་པ་པོས་ཁྱོན་ཡོངས་ནས་རྩོམ་པ་པོའི་བརྩེ་ཚོར་དང་བརྩམས་ཆོས་ཀྱི་ཆ་འཕྲིན་ལ་གོ་བ་ལོན་པར་ཁག་ཐེག་བྱེད་མི་ཐུབ་པར་སྙམ། དེ་བས། ཕྲན་གྱིས་རྩོམ་ཡིག་གི་སྐད་ཆ་བེད་སྤྱོད་ཀྱི་སྟེང་དུ་ལྷག་པར་གཟབ་ནན་བགྱིས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་སྐད་ཆ་དེ“ཇི་ལྟར་བཤད་པའི”ཐད་ལ་མཉམ་འཇོག་བྱས་ཡོད། དེ་ཡང“ཇི་ལྟར་བཤད་རྒྱུ”ནི་ཐོག་མར་བསམ་བློའི་གནད་དོན་ཡིན་པ་དང་། བར་དུ་རྩོམ་རིག་གི་གནད་དོན་དང་མཐའ་མར་བརྡ་སྤྲོད་པའི་གནད་དོན་ཡིན་པས། གནད་དོན་དེར་དོ་སྣང་བྱས་པ་དེས་རང་ཉིད་ཀྱི་སྐད་ཆའི་ཁྱད་གཤིས་ཤིག་མངོན་པའི་སྒོ་ནས་མ་རྩོམ་གྱི་ནང་དོན་མཚོན་ཐབས་བྱས་ཡོད་པ་དཔེར་ན། མ་ཡིག་ངོས་ཀྱི“月亮升起来,院子里凉爽得很,干净得很。”ལྟ་བུར་མཚོན་ན། དེའི་བརྗོད་དོན་ངོ་མ་ནི་ཟླ་བ་ནམ་མཁར་འཕགས་པའི་སྐབས་སུ། ཟླ་འོད་ཀྱིས་སྒོ་རའི་ནང་དུ་བསིལ་སྣང་བསྐྱེད་པ་དང་། དེ་བཞིན་དུ་སྒོ་རའི་ནང་ཧྲིལ་བོ་གཙང་མར་བཀྲུས་པ་ལྟ་བུའི་ཁམས་ཀྱི་སྣང་བ་སྐྱིད་པོ་སྦྱིན་པར་བྱེད་པ་དེ་ཡིན་མོད། བོད་རང་གི་སྐད་དུ་ཟླ་བའི་མིང་ལ་བསིལ་ཟེར་ཅན་ཟེར་བས་སྐབས་འདིའི་འགྱུར་གྱི་ནང་དུ་“ཟླ་བ་ག་ལེར་ནམ་མཁའི་མཐོངས་སུ་འཕགས་པ་ན། བསིལ་ཟེར་གྱིས་སྒོ་རའི་ནང་དུ་གཙང་བཤལ་ཡག་པོ་ཞིག་བྱས་འོངས” ཞེས་བཀོད་དེ་དོན་གྱི་བསྐྱར་ཟློས་དང་ཡིག་ཚོགས་ལ་ངལ་བ་སྐྱུང་ཐབས་བྱས་པར་མ་ཟད། སྒྲུང་གཏམ་གྱི་མ་རྩོམ་གྱི་ཆ་འཕྲིན་ལ་འཕྲི་སྣོན་གང་ཡང་མེད་པའི་སྒོ་ནས་བརྩེ་ཚོར་གྱི་ཁྱད་ཆོས་མངོན་པར་བྱས་ཡོད།
གསུམ། རིག་གནས་ཀྱི་བར་ཁྱད་དང་འོས་འཚམ་རང་བཞིན་ལ་དོ་སྣང་བྱས་པ།
རྒྱ་བོད་རིག་གནས་ཀྱི་བར་དུ་ཁྱད་པར་ཆེན་པོ་ཡོད་པས། «པདྨའི་རྫིང་བུའི»ལོ་ཙཱའི་བརྒྱུད་རིམ་ཁྲོད་རིག་གནས་ཀྱི་ཁྱད་པར་དེ་ཐབས་མཁས་ཀྱིས་ཐག་གཅོད་གཏོང་རྒྱུ་ཡང་གནད་ཀྱི་གཙོ་བོ་ཞིག་ཡིན་པར་འདོད། དེ་ཡང་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དྲག་པོ་ཐོན་པའི་སྐད་ཆ་དང་ཚིག་སྒྲོས། ཡུལ་སྲོལ་གོམས་འདྲིས་ཀྱི་ཐ་སྙད་ནི་མ་རྩོམ་དུ་ཆེས་ཆེར་མི་སྣང་ཡང་། རྩོམ་ཡིག་ཧྲིལ་བོའི་ཆ་ནས་བཤད་ན་དེའི་རིགས་ནི་ངང་ངམ་ཤུགས་ཀྱིས་ཚིག་དང་ཡི་གེའི་བར་དུ་སིམ་ནས་ཡོད་པ་རེད། དེ་བས། ཕྲན་གྱིས་ཀློག་མཁན་གྱི་རིག་གནས་གོམས་སྲོལ་དང་ཤེས་རྟོགས་ཀྱི་ཆུ་ཚད་ལ་ཧུར་བརྩོན་གྱིས་བསྟུན་ཐབས་བྱས་ཡོད།
བཞི། སྒྱུར་སྟངས་སྣ་ཚོགས་གང་འཚམ་གྱིས་སྦྲགས་མར་སྤྱད་པ།
བསྒྱུར་ཚུལ་ལ་མདོར་བསྡུས་ན། ཐད་བསྒྱུར་དང་ལྡོག་བསྒྱུར། སྣོར་བསྒྱུར་གསུམ་ཡོད་པར་བཤད་པ་ནི་ལེགས་བཤད་དུ་བཀུར་བར་རིགས་ན་ཡང་། ལག་ལེན་དངོས་ཀྱི་སྟེང་དེ་ལས་འདས་ཏེ་ད་དུང“དོན་བསྒྱུར”དང“སྣོན་བསྒྱུར།” “གསབ་བསྒྱུར།” “འཕྲི་བསྒྱུར” “སྒྲ་བསྒྱུར”སོགས་ཀྱང་ཡོད་པར་སྣང་ལ། ལོ་ཙཱ་པ་མཁས་པ་དག་གི་སྒྱུར་སྟངས་ལ་སློབ་སྦྱོང་བྱས་ན་ཡང་། སྣང་ཚུལ་དེ་དག་ནི་ང་ཚོས་རྒྱུན་དུ་མཐོང་གི་འདུག དེ་བས། ཕྲན་གྱིས་ཀྱང་བརྩམས་ཆོས་འདི་སྒྱུར་སྐབས་སྒྲུང་གཏམ་ཐུང་བའི་ཁྱད་ཆོས་ཏེ།“ཚིག་ཉུང་བ་དང་བཅུད་འཛོམས་པ།” “བརྗོད་དོན་ཅུང་གཏིང་ཟབ་པ།” “ཟུར་བསྟན་ལེབ་མཐོང་གི་ཆ་ཐོན་པ”སོགས་ཀྱི་བླང་བྱ་འགྲུབ་པའི་ཆེད་དུ་སྒྱུར་སྟངས་གཙོ་བོར“ཐད་བསྒྱུར”དང“དོན་སྒྱུར”སྤྱད་ཡོད་ཅིང་། དགོས་དབང་གིས་ཐབས་གཞན་དག་ཀྱང་གང་འཚམ་དུ་སྤྱད་ཡོད་པ་དཔེར་ན། མ་རྩོམ་གྱི“哎呀!日本鬼子,你看那衣裳!”ཞེས་པར“ལྡོག་སྒྱུར”གྱི་ཐབས་ཅུང་ཟད་བསྟེན་ཏེ“ཨ་ཙི་ཙི། ཁྱོད་ཀྱིས་དེ་ཚོའི་གྱོན་པར་ལྟོས་དང་། འཇར་པན་འདྲེ་དམག་རེད།”ཞེས་བསྒྱུར་པ་ལྟ་བུ་ཡིན་ལ། དེ་བཞིན་དུ“后面大船来的飞快。那明明白白是鬼子!”ཞེས་ལྟ་བུར“སྐབས་དེར། རྗེས་ཕྱོགས་ནས་གྲུ་རྫིངས་ཤིག་གིས་བསམ་དབང་གཟུར་དབང་མེད་པར་བདས་ཡོང་། དེ་ནི་བལྟས་མ་ཐག་ནས་འདྲེ་དམག་རྣམས་ཡིན་པ་ཤེས་ཐུབ།”ཞེས“སྣོན་སྒྱུར་”གྱི་ཐབས་སྤྱད་དེ་ཚིག་གི་ཁ་ཇེ་གསལ་དུ་བཏང་བ་ལྟ་བུས་མཚོན་ནོ། །
ལྔ། ཡུལ་སྐད་ཀྱི་རྒྱུ་རྐྱེན།
«པདྨའི་རྫིང་བུ»ནང་དུ་གཙོ་བོར་ཚད་ལྡན་རྒྱ་ཡིག་བཀོལ་སྤྱོད་བྱས་ཡོད་མོད། འོན་ཀྱང་། ཞིབ་བརྗོད་དང་བྱུང་རིམ་སྤེལ་བ། མི་སྣའི་ཁ་བརྡ་སོགས་འགོད་པའི་སྐབས་སུ་ཧོ་པེ་དབུས་རྒྱུད་ས་ཁུལ་གྱི་ཡུལ་སྐད་ཀྱི་གཞི་རྒྱུ་མང་པོ་འདྲེས་ཡོད། ཡུལ་སྐད་ཀྱི་ཐ་སྙད་འདི་དག་ལ་མཆན་འགྲེལ་དང་གསལ་བཤད་བསྐྱོན་པའི་ངལ་བ་སྤོང་ཆེད། ཕྲན་གྱིས་སྙིང་སྟོབས་ཆེན་པོས་བོད་སྐད་ཁྲོད་ཀྱི་བབ་མཚུངས་ཀྱི་སྐད་ཆ་བཀོལ་ནས་བསྒྱུར་ཡིག་གི་ས་གནས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་བདེན་དངོས་རང་བཞིན་ཇེ་མཐོར་གཏོང་བར་ཚོད་ལྟ་བྱས་པ་དང་། བོད་སྐད་ནང་དུའང་བྲོ་བ་འཛོམས་པོ་ཡོང་ཐུབ་པའི་སྐད་ཆ་དེ་རིགས་ཀྱི་ཁྱད་ཆོས་སོར་འཇོག་བྱས་ཏེ་ས་མཐོའི་མི་རིགས་ཀྱི་སྐད་ཡིག་ལ་དམིགས་བསལ་དུ་ཡོད་པའི་སྡེབ་སྦྱོར་གྱི་ཚོར་སྣང་ལ་བརྩི་འཇོག་དང་མཐོང་ཆེན་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号