བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ་དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-04-08 08:30:52 ཀློག་གྲངས།:
       སྤྱི་ལོ༢༠༢༦ལོའི་ཟླ༤པའི་ཚེ་ས༥ཉིན་གྱི་སྔ་དྲོར་དཔལ་ཞྭ་ལུ་གསེར་བཀང་ཁྲ་མོ་དགོན་དང་སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གཉིས་མཉམ་འབྲེལ་གྱི་སྒོ་ནས་བསྒྲིགས་ཤིང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་བའི་རི་ཁ་བ་ཅན་གྱི་མཁས་མཆོག་བུ་སྟོན་ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱི་གསུང་འབུམ་པར་བསྐྲུན་འགྲེམ་སྤེལ་མཛད་སྒོའི་བཞུགས་མོལ་ཚོགས་འདུ་སྤོས་ལྡན་གྲོང་ཁྱེར་དུ་འཚོགས།
       ཚོགས་འདུ་དེར་ཕྱོགས་སོ་སོ་ནས་ཕེབས་པའི་འབྲེལ་ཡོད་དབུ་ཁྲིད་དང་ཆེད་མཁས་པ། དགེ་རྒན་སོགས་སྐུ་མགྲོན་ལྔ་བཅུ་ལྷག་ཕེབས་ཤིང་། དེ་དང་མཉམ་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་ལས་སྒྲུབ་པ་ཡོངས་བཅས་ཚོགས་འདུར་མཉམ་ཞུགས་གནང་ཡོད།
ཚོགས་རའི་ཡུལ་དངོས།
ཚོགས་ཞུགས་མཉམ་པར།

བུ་སྟོན་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས།

       ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ་ནི། གཙང་སྟོད་ཁྲོ་ཕུའི་ཕྱོགས་ཀྱི་ཤབ་སྨད་སྒོམ་གནས་ཞེས་བྱ་བའི་ཡུལ་དུ་ཡབ་རྙིང་པའི་བླ་ཆེན་བྲག་སྟོན་རྒྱལ་མཚན་དཔལ་བཟང་དང་ཡུམ་བསོད་ནམས་འབུམ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ལྕགས་སྟག(1290)ལོའི་བོད་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་སྐུ་འཁྲུངས། དགུང་ལོ་ལྔ་ནས་མ་ཡུམ་ལས་ཡི་གེའི་སྦྱོར་ཀློག་དང་དབོན་རྒྱམ་སེང་ལས་རྩིས་དང་ཡི་གེའི་རིག་པ་ལ་སྦྱངས། དགུང་ལོ་འདུན་པར་ཁྲོ་ཕུ་བསོད་ནམས་སེང་གེའི་དྲུང་དུ་ཐེག་ཆེན་སེམས་བསྐྱེད་གསན། དགུང་ལོ་བརྒྱད་ལ་རྙིང་མའི་བླ་མ་ཚུལ་ཁྲིམས་དཔལ་བཟང་གི་སྤྱན་སྔར་གསང་སྔགས་སྙིང་མའི་ཆོས་སྐོར་ཡོངས་རྫོགས་གསན། གཞན་ཡང་གསོ་བ་རིག་པའི་སྐོར་ཀྱི་སྨན་དཔྱད་དང་བཟོ་རིག་སྐོར་གྱི་ཐིག་ཚད་ཀྱང་སྦྱང་བརྩོན་གནང་། དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་མེ་ལུག(1307)ལོར་ཁྲོ་ཕུར་མཁན་ཆེན་སེང་གེ་དཔལ་དང་སློབ་དཔོན་ཚད་མའི་སྐྱེས་བུ་ལས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བཞེས། སློབ་དཔོན་བསོད་ནམས་མགོན་ལས་ཕར་ཕྱིན་དང་འདུལ་བ་ཚད་མའི་གཞུང་སོགས་མ་ལུས་པ་གསན་བསམ་མཛད་པས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་དུ་སོན། དགུང་ལོ་ཉེར་གཅིག་བཞེས་པ་ན་དབུས་གཙང་གི་ཆོས་སྡེ་ཆེན་པོ་རྣམས་སུ་གྲྭ་སྐོར་མཛད་པས་སྙན་གྲགས་དབུས་གཙང་ཀུན་ཏུ་ཁྱབ། མཁས་པའི་ཁྲོད་དུ་ཕ་སྟོན་པ་ལ་བུའང་སྟོན་པ་བྱུང་འདུག་ཅེས་བུ་སྟོན་ཞེས་པའི་མཚན་ཡང་དེ་ནས་ཐོགས། དགུང་ལོ་ཉེར་གསུམ་པ་ཆུ་བྱི(1312)ལོར་མཁན་ཆེན་བཀའ་བཞི་པ་གྲགས་པ་གཞོན་ནུ་དང་། སློབ་དཔོན་བསོད་ནམས་གྲགས་པ་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ཁྲོ་ཕུར་ཕར་ཕྱིན་དང་། འདུལ་བ། མངོན་པ་བཅས་ཀྱི་འཆན་ཉན་ལེགས་པར་མཛད། དེ་ནས་ཐར་པ་གླིང་དུ་ཕེབས་ནས་ལོ་ཙཱ་བ་ཆེན་པོ་ཐར་ལོ་ཉི་མ་རྒྱལ་མཚན་སློབ་དཔོན་དུ་བསྟེན། ལོ་བཞི་ཙམ་འབད་པ་ལྷོད་མེད་མཛད་པས་སྒྲ་ཙནྡྲ་པ་དང་ཀ་ལཱ་པའི་མདོ་འབྲེལ་དང་བཅས་སྒྲ་རིག་པའི་སྐོར་ལེགས་པར་གསན་པ་དང་ཆབས་ཅིག་སྙན་ངག། སྡེབ་སྦྱོར། ཟློས་གར་སོགས་ལ་མཁས་པར་མ་ཟད། རྒྱ་གར་སོགས་སུ་ཕེབས་མ་མྱོང་ནའང་རྒྱ་གར་ཤར་ནུབ་དང་། ཁ་ཆེ། སིང་ག་ལ་སོགས་ཀྱི་སྐད་རིགས་མཁྱེན་ཏེ་འགྲན་ཟླ་བྲལ་བའི་ལོ་ཙཱ་བ་ཞིག་དུ་གྱུར། བཀའ་དང་བསྟན་བཅོས་མང་དག་ཅིག་བོད་བསྒྱུར་མཛད། དགུང་ལོ་སོ་གཅིག་པ་ལྕགས་སྤྲེལ(1320)ལོར་ཞ་ལུ་ཆོས་སྡེ་ཆེན་པོའི་གདན་ས་བཟུང་། སྔགས་དང་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ནས་དམ་ཆོས་འཆད་སྤེལ་ལོ་ངོ་སུམ་ཅུ་སོ་དྲུག་མཛད། དེ་རྗེས་ཇོ་བོ་ཨ་ཏི་ཤ་ཡིས་བྱིན་གྱིས་བརླབས་པའི་གནས་ཞ་ལུ་རི་ཕུག་ཏུ་བདེ་ཆེན་ཕོ་བྲང་ཞེས་པའི་གཙུག་ལག་ཁང་དགེ་འདུན་གྱི་སྡེ་གསར་དུ་བཞེངས། མདོ་སྔགས་ཀྱི་བཤད་གྲྭ་ཆེན་པོ་བཙུགས། བདག་ཉིད་ཆེན་པོ་འདིའི་རླབས་ཆེན་གྱི་མཛད་འཕྲིན་ཕྱོགས་བཅུར་ཁྱབ་པས་རྒྱ་གར་གྱི་རྒྱལ་པོ་པུ་ནྱ་མ་ལ་སོགས་ཀྱིས་དད་གུས་བླ་མེད་ཞུས། དགུང་ལོ་ང་ལྔ་ལ་ཕེབས་པར་རབ་བྱུང་དྲུག་པའི་ཤིང་སྤྲེལ(1344)ལོར་གོང་མའི་གདན་ཞུའི་གསེར་ཡིག་པ་འབྱོར་ཡང་མ་ཕེབས་པར་དབེན་པར་སྒྲ་དང་གསང་སྔགས་ཀྱི་གཞུང་མང་པོ་འཕྲོ་བསྒྱུར་དང་གཞི་བསྒྱུར་མཛད། ཧོར་གྱི་མི་དཔོན་བརྒྱ་ཕྲག་དམག་འབུམ་ཚོ་གསུམ་དང་ཁྲི་ཕྲག་གཉིས་ཀྱི་འཁོར་དང་བཅས་པ་དྲུང་དུ་ལྷགས་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་སོགས་གསང་སྔགས་ཀྱི་ཆོས་འཁོར་ཞུས། དགུང་ལོ་རེ་གཉིས་པ་ལྕགས་ཡོས(1351)ལོར་གཡའ་ཕག་གཉིས་ཟིང་འཁྲུག་པ་བསྡུམ་ཆེད་དབུས་ཕྱོགས་སུ་ཆིབས་ཁ་བསྒྱུར། ཕེབས་ལམ་ཀུན་ཏུ་དམ་པའི་ཆོས་ཀྱི་བདུད་རྩི་བསྩལ། སྐལ་ལྡན་གྱི་སྐྱེ་བོ་མང་པོ་སྨིན་གྲོལ་ལམ་ལ་བཀོད། ཕྱི་ལོར་བྱང་ཆུབ་མཆོད་རྟེན་ཆེན་མོ་བཞེངས་ཤིང་རབ་གནས་མཛད། ཆུ་སྦྲུལ(1353)ལོར་ས་སྐྱར་བྱོན། ས་སྐྱའི་ལྷ་ཁང་ཆེན་མོར་དཔལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཁྲུ་བཅུ་གཅིག་ཅན་རིན་ཐང་གཞལ་དུ་མེད་པའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་བཀོད་པ་ཕུལ་དུ་བྱུང་བ་བཞེངས། གཞལ་ཡས་ཁང་གི་རྣམ་བཞག་དེ་ཉིད་གསལ་བ་ཞེས་པ་ལྗགས་རྩོམ་མཛད། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་རྒྱས་འབྲིང་བསྡུས་གསུམ་དང་། རིན་ཆེན་གསེར་ལས་བཞེངས་པའི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་། བོད་ཀྱི་ལོ་པཎ་རྣམས་ཀྱིས་མཛད་པའི་བསྟན་བཅོས་སོགས་གསུང་རྟེན་དུ་མ་བཞེངས་པར་མཛད། དགུང་ལོ་རེ་བདུན་པ་ལ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་ལ་ཞ་ལུའི་གདན་ས་གཏད་ནས་རི་ཕུག་ཏུ་གཏན་ཞུགས་མཛད་ཅིང་། དགུང་གྲངས་དོན་བཞི་པའི་མཇུག་ནས་སྐུ་མཚམས་བཅད་དེ་ཉིན་མཚན་འཁོར་མོ་ཡུག་ཏུ་ཙོག་པུར་བཞུགས་པ་ལས་དབུ་སྔས་མི་རེག་པར་ཉམས་བཞེས་ལ་གཅིག་ཏུ་གཞོལ་མུར་དགུང་གྲངས་དོན་ལྔ་ལ་ཕེབས་པར་རབ་བྱུང་དྲུག་པའི་ཤིང་འབྲུག(1367)ལོའི་བོད་ཟླ་དྲུག་པའི་ཚེས་ཉེར་གཅིག་ལ་ཞ་ལུ་རི་ཕུག་ཏུ་ཞི་བར་གཤེགས། རྗེ་འདི་ཉིད་མདོ་སྔགས་རིག་གནས་མཐའ་དག་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་ཞེས་བོད་ཀྱི་མཁས་པ་ཀུན་གྱིས་མགྲིན་གཅིག་ཏུ་བསྔགས།
       གསུང་རྩོམ་ལ་མཚོན་ན། «ཐེག་པ་ཆེན་པོ་གསང་སྔགས་ཀྱི་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་ཕ་རྒྱུད་མ་རྒྱུད་སོ་སོའི་རྒྱུད་འགྲེལ་སྒྲུབ་ཐབས»དང་། «ཕར་ཕྱིན་འགྲེལ་ཆུང» «མཐོང་ལམ་སྟོང་མཐུན» «ལྟ་བ་དག་སེལ» «བསྟན་པ་སྤྱིའི་ཆོས་འབྱུང» ཁྱད་པར་དཔལ་དུས་ཀྱི་འཁོར་ལོའི་སྐོར་ཤིན་མང་། ད་ལྟ་འདྲེན་བྱེད་ཀྱི་ཡུལ་དུ་སྣང་བའི་བཀའ་རྩོམ་རགས་རྩིས་ལྟར་ན་གསང་སྔགས་ཀྱི་སྐོར་ལེ་ཚན་ཉིས་བརྒྱ་ལྷག་དང་། མཚན་ཉིད་ཐེག་པའི་སྐོར། ཕར་ཕྱིན་བསྟན་བཅོས། འདུལ་བའི་བསྟན་བཅོས། ཚད་མའི་བསྟན་བཅོས། མངོན་པའི་བསྟན་བཅོས། དེ་བཞིན་རྩིས་དང་། སྒྲ། གསོ་བ་རིག་པའི་བསྟན་བཅོས། ཆོས་འབྱུང་། དཀར་ཆག་བཅས་ལ་ལེ་ཚན་བརྒྱད་ཅུ། ཁྱོན་པོད་ཆེན་ཉི་ཤུ་རྩ་དྲུག་ཡོད(རྩེ་པོ་ཏ་ལའི་ཞོལ་པར་ཁང་དུ་དཔར་ཡོད)ཅིང་། ད་དུང་སྔ་རྩོམ་གྱི་རིགས་འགའ་ཞིག་གླེགས་བམ་དུ་བསྡུ་མ་ཐུབ་པའི་གཞུང་ཡང་མང་དུ་ཡོད་པར་གྲགས། དམ་པ་འདི་ཉིད་ཀྱི་འགྱུར་ལ་མཚོན་ན། དབང་མདོར་བསྟན་གྱི་བཀའ་འགྲེལ་སུམ་བརྒྱ་དྲུག་ཅུ་པ། རྡོ་རྗེ་བདུད་རྩིའི་བཀའ་འགྲེལ་དྲི་མེད་སྙིང་པོས་མཛད་པ། རྡོ་རྗེ་སྙིང་པོ་རྒྱན་གྱི་བཀའ་འགྲེལ་རབ་ཞི་བཤེས་གཉེན་གྱིས་མཛད། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་འགྲེལ་པ་ལཱི་ལ་བཛྲས་མཛད་པ། སྒྲོན་གསལ་གྱི་དཀའ་འགྲེལ་ཐུགས་རྗེ་ཞབས་ཀྱིས་མཛད་པ། གསང་འདུས་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ཁུངས་མ་སོགས་གཞི་འགྱུར་དང་། སྒྲ་ཀཱ་ལ་པའི་འགྲེལ་པ་དུརྒ་བྡྷིའི་མཛད་པ་འཕྲོ་བསྒྱུར། དོན་ཞགས་ཆོ་ག་ཞིབ་མོའི་ཧོར་ཀོང་བསབས་པ་སྔར་མ་འགྱུར་བའི་འཕྲོ་བསྒྱུར་སོགས་སྔོན་མ་འགྱུར་བའི་བཀའ་བསྟན་ཁག་གཅིག་གཞི་འགྱུར་དང་། ཁག་གཅིག་ཞུས་ཆེན། ཁག་གཅིག་ཧོར་ཀོང་བསབས་པ། རྒྱུད་རྫུན་མ་རྣམས་སུན་ཕྱུང་བ་བཅས་རྗེ་འདིས་ཞུས་དག་མཛད་མྱོང་བའི་བཀའ་བསྟན་དང་བརྩམས་པའི་བསྟན་བཅོས་རྣམས་ལ་རྒྱལ་བ་ཙོང་ཁ་པ་ཆེན་པོས་ཀྱང་ཚད་མར་འཛིན་པར་མཛད་དོ།། གསུང་ལས་འཁྲུངས་པའི་སློབ་མར་མཚོན་ན། གཙོ་བོ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། བྱང་པ་དཀོན་མཆོག་གྲགས། གོང་གསུམ་བདེ་ཆེན་པ་ཆོས་ཀྱི་མགོན་པོ། ཡོ་ག་བ་རིན་བཟང་། ཡོ་ག་བ་ཚེ་དབང་། ཁྱུང་པོ་ལྷས་པ་སོགས་ཤིན་ཏུ་མང་པོ་བྱུང་ངོ་།། ལོ་རྒྱུས་རྒྱས་པ་ཁྲོ་ཕུ་བསོད་ནམས་སེང་གེས་མཛད་པའི«བུ་སྟོན་གྱི་རྟོགས་བརྗོད་ངོ་མཚར་གཏམ་གྱི་རོལ་མོ་ཉེར་གཅིག་པ» བླ་མ་མགོན་པོ་དཔལ་བས་མཛད་པའི«བུ་སྟོན་རིན་པོ་ཆེའི་རྣམ་ཐར་རིན་ཆེན་ཕྲེང་བ» ཚེ་ཆོག་གླིང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི«བུ་སྟོན་རིན་པོ་ཆེའི་གསུང་འབུམ་གྱི་དཀར་ཆག་བསྟན་པ་རིན་པོ་ཆེའི་མཛེས་རྒྱན»བཅས་སུ་གསལ།

ནང་དོན་ཡོང་ཁུངས། སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་། དཀར་མཛེས་གཏོང་སྦྱོར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།