བོད་ཀྱི་གཏམ་རྒྱུད་ཁྲོད་ཀྱི་རི་བོང་གི་སྣང་ཚུལ་ལ་དཔྱད་པ།

རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-10-07 08:38:16 ཀློག་གྲངས།:
ནང་དོན་གནད་བསྡུས། རྩོམ་འདིར་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ནང་གི་རི་བོང་གི་སྣང་བརྙན་དང་མཐུན་པ་སྤུན་བཞིའི་ནང་གི་རི་བོང་གི་སྣང་བརྙན་གཉིས་ལ་ལོ་རྒྱུས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་ཐབས་ལམ་བེད་སྤྱོད་བཏང་ནས་དཔྱད་ཞིབ་བྱས་པ་བརྒྱུད་རི་བོང་གི་སྣང་ཚུལ་ལས་བོད་མི་རིགས་ཀྱི་རིག་གནས་ཀྱི་བསྡུས་གཟུགས་ཤིག་སྟེ། བོད་རང་སའི་རིག་གནས་དང་ཕྱི་ལོག་ནས་ཡོང་བའི་རིག་གནས་གཉིས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་འབྲེལ་འདྲིས་དང་། བསྡུ་ལེན། སྙོམས་སྒྲིག འདུས་འགྱུར་བཅས་བྱས་ནས་གྲུབ་པའི་བོད་ཀྱི་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་དེ་མཐོང་ཐུབ་པ་གླེང་ཡོད།
གནད་ཚིག རི་བོང་གི་གཏམ་རྒྱུད། རིག་གནས་འདུས་འགྱུར། རིན་ཐང་ལྟ་བ།

       དང་པོ། དམངས་ཁྲོད་ཀྱི་གཏམ་རྒྱུད་ཁྲོད་ཀྱི་རི་བོང་གི་སྣང་ཚུལ་གླེང་བ།
       «ས་སྐྱ་ལེགས་བཤད»ལས། “ཤེས་རབ་མེད་པའི་བླུན་པོ་རྣམས། །མང་ཡང་དགྲ་ཡི་དབང་དུ་འགྲོ། །གླང་ཆེན་སྟོབས་ལྡན་ཁྱུར་ལོངས་པ། །རི་བོང་བློ་ལྡན་གཅིག་གིས་བཏུལ། །”[1]ཞེས་གསུངས་པ་ལྟར་རི་བོང་བློ་ལྡན་གྱིས་གླང་ཆེན་དང་སེང་གེ་སོགས་སྟོབས་ལྡན་གྱི་སྲོག་ཆགས་མང་པོ་བཏུལ་བའི་གཏམ་རྒྱུད་ནི་བོད་ཁམས་བྱིངས་ལ་གྲགས་ཆེ་ལ། ཕྱིས་སུ་གཏམ་རྒྱུད་ཁ་ཤས་བསླབ་དེབ་ཏུ་དྲངས་པ་སོགས་ཀྱིས་ལྷག་ཏུ་རྒྱ་ཁྱབ་ཏུ་སོང་ནས་བོད་མི་ཞིག་ཡིན་ན་གཏམ་རྒྱུད་འདི་རིགས་མི་ཤེས་པ་མེད་པ་ལྟ་བུར་གྱུར་ཡོད། གཏམ་རྒྱུད་འདི་ས་པན་ཀུན་དགའ་རྒྱལ་མཚན(༡༡༨༢ -༡༢༥༡)ལགས་ཀྱིས་མཛད་པའི་ལེགས་བཤད་དུ་བྱུང་བས་གཏམ་རྒྱུད་འདིའི་བཤད་སྲོལ་བོད་ཁམས་སུ་སྔ་མོ་ནས་ཡོད་པ་རྟོགས་ཐུབ། ཕྲན་གྱི་ཕ་ཡུལ་མདོ་ཁམས་ཁྱུང་ཡུལ་སྟོད་ཕྱོགས་སུ་རི་བོང་ནི་སྲོག་ཆགས་དམིགས་བསལ་བ་ཞིག་སྟེ། ཡུལ་ལྷའི་སྒོ་ཟོག་རྩ་ཆེན་ཞིག་ཡིན་པ་དང་། མི་ཡུལ་ལྷས་ཁྲིད་སོང་བའི་བཤད་སྲོལ་བོད་ཡུལ་སྟོད་སྨད་གང་སར་ཡོད་པ་ལྟར་ངའི་ཕ་ཡུལ་ལའང་ཡོད་ཅིང་། བཤད་སྲོལ་ལ་གལ་སྲིད་མི་ཞིག་ཡུལ་ལྷས་ཁྲིད་ནས་རི་བོང་གི་འོ་མ་བླུད་ན་མི་དེ་ཡུལ་ལྷས་བདག་པོ་རྒྱབ་པ་ཡིན་པས་ནམ་ཡང་ཡུལ་དུ་ལོག་མི་ཐུབ་ཟེར། གཞན་ཡང་ཕྲན་གྱི་ཕ་ཡུལ་ཕྱོགས་སུ་ཡུལ་ལྷ་གཞི་བདག་ཅིག་ཡོད་ལ། ལོ་དུས་ལྟར་ཡུལ་མི་རྣམས་གཞི་བདག་དེ་གསོལ་དུ་འགྲོ་སྲོལ་ཡོད་ཅིང་། རི་བོ་དེའི་འདབས་རོལ་ན་སྒར་བཏབ་སྟེ་ཉིན་ཞག་ཁ་ཤས་རིང་ཡུལ་ལྷ་གསོལ་བའི་ཆོ་ག་སོགས་བསྒྲུབ་དགོས། སྔར་ཡུལ་མི་རྣམས་གནས་དེར་སྒར་བཏབ་ནས་སྡོད་དུས་ཞོགས་པ་རེ་རེར་ཡུལ་ལྷས་གླ་བའི་རོ་ཞིག་སྒར་གྱི་གུར་འགྲམ་དུ་འཇོག་སྲོལ་ཡོད་ཟེར། ཉིན་ཞིག་རི་བོང་གི་རོ་ཞིག་བཞག་ཡོད་པ་དེ། ངོ་མ་ཡིན་ན་རྟེན་འབྲེལ་ཚུལ་དུ་ཡུལ་མི་དག་གིས་བཙོས་ནས་བཟའ་བའི་ཚུལ་བྱེད་དགོས་པ་ཡིན་མོད། དེ་ལྟར་མ་བྱུང་བར་ཡུལ་མི་དག་གིས་རི་བོང་གི་རོ་ཕྱི་རོལ་ཏུ་གཡུག་པས་རྟེན་འབྲེལ་འཆུག་སྟེ། དེ་ནས་བཟུང་ཡུལ་ལྷས་རི་དྭགས་ཀྱི་ཤ་གནང་སྲོལ་མེད་པར་གྲགས། དེ་བཞིན་རི་བོང་ནི་བཙན་གྱི་སྲོག་ཆགས་ཡིན་པས་གནོད་པ་བསྐྱལ་མི་ཉན་པའི་བཤད་སྲོལ་ཞིག་མཆིས། ཡང་ཕྲན་གྱི་ཕ་ཡུལ་ལ་རི་བོང་ཐེ་ལེ་དགུ་ཕུང་ཞེས་པའི་གཏམ་རྒྱུད་ཅིག་བཤད་རྒྱུ་ཡོད་ལ། གཏམ་རྒྱུད་དེ་ནི་རི་བོང་གིས་གཡོ་ཐབས་ཀྱིས་དྲེད་མོང་དང་སྟག་སོགས་སེམས་ཅན་དགུ་ཙམ་བསད་པའམ་གནོད་པ་བསྐྱལ་པའི་གཏམ་རྒྱུད་ཅིག་རེད། གཏམ་རྒྱུད་འདི་ལས་རི་བོང་ནི་བློ་རིག་རྒོད་པ་མ་ཟད། རང་ལས་ཆེ་བཙན་དྲག་པའི་སྲོག་ཆགས་གཞན་པ་མང་པོར་རྒོལ་ལ་དགའ་བའམ་རྒོལ་ཕོད་མཁན་ཞིག་ཡིན་པ་བསྟན་ཡོད།
       གཉིས་པ། མཐུན་པ་སྤུན་བཞིའི་ཁྲོད་ཀྱི་རི་བོང་གི་སྣང་ཚུལ་གླེང་བ།
       མཐུན་པ་སྤུན་བཞི་ནི«གཙང་ཁུལ་གྱི་དམངས་སྒྲུང་ལེགས་བཏུས»སོགས་སུ་བསྡུས་ཡོད་པའི་བོད་ཀྱི་གཏམ་རྒྱུད་ཅིག་ཡིན་ལ། གཏམ་རྒྱུད་འདི་གསུང་རྩོམ་དུ་དྲངས་པ་སྔ་ཤོས་ནི་པན་ཆེན་བསོད་ནམས་གྲགས་པ(༡༤༧༨-༡༥༥༤)ལགས་ཡིན་པའི་དོགས་སློང་བྱེད་མཁན་བྱུང[2]ཡོད། ཁོང་གིས་མཛད་པའི་དགེ་ལྡན་ལེགས་བཤད་ལས“མཁས་པ་མང་དུ་འདུས་པ་ན། །བློ་གྲོས་བསྡུར་བས་ལེགས་ལ་སྦྱོར། །གླང་པོ་ལ་སོགས་སྲོག་ཆགས་བཞི། །འཛོམས་ནས་བསླབ་ཁྲིམས་བཅས་ལ་ལྟོས། །”[3]ཞེས་གསུངས་ཡོད། གཏམ་རྒྱུད་འདི་ཐོག་མར་ཡིག་ངག་གཉིས་ནས་དར་བ་དང་། ཕྱིས་སུ་རི་མོའི་ལམ་ནས་འབྲི་བཞེངས་བྱེད་སྲོལ་བྱུང་འདུག་ཅིང་། ནང་དོན་ནི་སྔར་ཡུལ་ཀ་ཤིའི་ནགས་ཚལ་སྟུག་པོ་ན་བྱ་སྲེག་པ་དང་། རི་བོང་། སྤྲེའུ། གླང་ཆེན་བཞི་ཕན་ཚུན་ཡིད་གཅུགས་ཀྱིས་ལྷན་ཅིག་ཏུ་གནས་པ་ལ། རྒན་རིམ་ལ་བསྙེན་བཀུར་བྱ་བའི་བློ་སྐྱེས་ཏེ། ཤིང་རྒྱ་གྲོ་ཏ་འཚར་བའི་བརྒྱུད་རིམ་ལ་བརྟགས་ནས་ལོ་ཚོད་མཐོ་དམན་ཤེས་པ་དང་། རྒན་གཞོན་ལྟར་བཀུར་བསྟི་བྱས་ཤིང་བསླབ་སྡོམ་བཅས་པ། དེའི་ཕན་ཡོན་གྱིས་ཡུལ་དེར་ཆར་ཆུ་དུས་སུ་བབས་ཤིང་ལོ་ཕྱུགས་རྟག་ཏུ་ལེགས་པའི་ནང་དོན་བརྗོད་ཡོད། དེར་བརྟེན་མཐུན་པ་སྤུན་བཞི་ནི་བཀྲ་ཤིས་པའི་མཚོན་བྱེད་དུ་བརྩིས་ནས་བོད་ཁམས་སྟོད་སྨད་བར་གསུམ་དུ་ཁྱབ་པ་དང་། ལྷག་ཏུ་རི་མོའི་ལམ་ནས་འབྲི་སྲོལ་ཞིག་དར་ཏེ། ལུགས་མི་འདྲ་བའི་ལྷ་བཟོ་དག་གིས་རང་རང་གི་ཕྱག་ལེན་ཁྲོད་དུ་དྲངས་ནས་དགོན་པའི་བར་ཁྱམས་དང་། དུད་ཁྱིམ་གྱི་ཁང་པའི་གྱང་ལྡེབས་དང་ཆ་སྒམ་སོགས་ཀྱི་ངོས་སུ་མཐུན་པ་སྤུན་བཞི་འབྲི་བའི་ལམ་ལུགས་ཤིག་རྒྱ་ཁྱབ་ཏུ་དར་ཡོད། དེ་བཞིན་ཉེ་རབས་ཀྱི་དུས་སུའང་གཏམ་རྒྱུད་འདི་ནི་འཆམ་མཐུན་གྱི་དོན་སྙིང་གལ་ཆེན་ལྡན་ཞེས་སློབ་གྲྭའི་བསླབ་དེབ་ཏུ་བདམས་པ་སོགས་གཞུང་སྒེར་གཉིས་ནས་མཐོང་ཆེན་བྱས་དང་བྱེད་བཞིན་པ་ལགས་ཤིང་། གཏམ་རྒྱུད་འདིའི་ནང་གི་རི་བོང་གི་སྣང་བརྙན་ནི་གོང་མར་བསྙེན་བཀུར་ཆེ་ཞིང་། ཕན་ཚུན་ཞི་མཐུན་མཉམ་གནས་ལ་དགའ་བ། བཟོད་པའི་གོ་ཆ་བགོས་ཤིང་གཞན་ལ་ཕན་འདོགས་ཀྱི་བློ་དང་ལྡན་པ་ཞིག་ཏུ་བཞེངས་བསྐྲུན་བྱས་ཡོད།
       གསུམ་པ། གཏམ་རྒྱུད་ཀྱི་བྱུང་ཁུངས་ཀྱི་ཁྱད་པར་གླེང་བ།
       འཛམ་གླིང་ཤར་ནུབ་དང་གནའ་དེང་གི་མི་རིགས་མང་པོར་རི་བོང་དང་འབྲེལ་བའི་རང་རང་གི་བཤད་སྲོལ་བདོག་པ་ལྟར། རི་བོང་གིས་སེང་གེ་དང་གླང་ཆེན། དྲེད་མོང་དང་སྟག་སོགས་བཏུལ་བའི་གཏམ་རྒྱུད་ནི་གནའ་སྔ་མོ་ནས་བོད་ཀྱི་དམངས་ཁྲོད་དུ་དར་ཞིང་རིམ་བཞིན་མཁས་པ་དག་གི་གསུང་རྩོམ་དུ་དྲངས་ཡོད། དཔེར་ན། ས་པན་གྱི་ལེགས་བཤད་དུ་རི་བོང་གིས་གླང་ཆེན་བཏུལ་བའི་གཏམ་རྒྱུད་དྲངས་པ་དང་། པན་ཆེན་བསོད་ནམས་གྲགས་པས་དགེ་ལྡན་ལེགས་བཤད་དུ་རི་བོང་གིས་སེང་གེ་བསད་པའི་གཏམ་རྒྱུད་དྲངས་པ་ལྟ་བུ་རེད། མདོར་ན་གཏམ་རྒྱུད་འདི་དག་ནི་བོད་རང་ས་ནས་བྱུང་བ་ཞིག་ཡིན་པ་ཤེས་ཐུབ།
       མཐུན་པ་སྤུན་བཞིའི་ས་བོན་ནི་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་རབས་ལས་བྱུང་བ་ཡིན་ལ། དེའང་སྔོན་ལ་བྱ་སྲེག་པ་དང་སྤྲེའུ། གླང་ཆེན་གསུམ་གྱི་གཏམ་རྒྱུད་བྱུང་བ་དང་། དེའི་ཐོག་ཏུ་ཕྱིས་སུ་རི་བོང་གི་གཏམ་རྒྱུད་ཁ་སྣོན་བྱས་ནས་མཐུན་པ་སྤུན་བཞི་ཞེས་པའི་གཏམ་རྒྱུད་བྱུང་། གཏམ་རྒྱུད་དེ་དག་འཁོད་པའི་འདུལ་གཞུང་བོད་ལ་འགྱུར་བ་དང་། བོད་རང་གི་ཁྱད་ཆོས་ཡོད་པར་བྱས་ནས་རིམ་བཞིན་བོད་ཁུལ་དུ་དར་ཁྱབ་ཏུ་སོང་བར[4]བཤད། ཁྱད་པར་དུ་གཏམ་རྒྱུད་འདི་ནི་ཐུབ་བསྟན་ཆོས་ལུགས་ཀྱི་དགོངས་དོན་དང་སྟོན་པའི་འཁྲུངས་རབས་དང་འབྲེལ་བས་ཐུབ་བསྟན་དར་རྒྱས་སོང་བ་དང་བསྟུན་ནས་བོད་ཀྱི་དགོན་སྡེ་དང་དད་ལྡན་དག་གིས་དང་ལེན་དང་གཙིགས་འཛིན་བྱས་ཡོད། དེ་བཞིན་མཐུན་པ་སྤུན་བཞིའི་བརྗོད་དོན་ལ་ཐོག་མཐའ་བར་གསུམ་དུ་འགྱུར་བ་རབ་དང་རིམ་པ་ཞིག་ཕྱིན་ཡོད་དེ། ཐོག་མར་སྟོན་པ་དང་ཀུན་དགའ་བོ། མོའུ་གལ་བུ། ཤར་རིའི་བུ་བཞིའི་བསླབ་པའི་གོ་རིམ་དང་། བསླབ་པ་ལྔའི་ནང་དོན་བཅས་མཚོན་པ་ལས་རིམ་བཞིན་རྒན་བཀུར་གཞོན་གཅེས་ཀྱི་བསམ་བློ་དང་། ཡ་རབས་ཀུན་སྤྱོད། མཐུན་སྒྲིལ་དང་འཆམ་མཐུན་གྱི་ནང་དོན་སྟོན་པའི་བར་དུ་འཕེལ་འགྱུར་ཕྱིན་ཡོད། མདོར་ན་གཏམ་རྒྱུད་འདི་ནི་ཐོག་མར་རྒྱ་གར་ནས་བྱུང་བ་དང་རིམ་བཞིན་བོད་ཀྱི་ཁྱད་ཆོས་དང་ལྡན་པར་བྱས་ཏེ་དར་རྒྱས་ཕྱིན་པ་ཞིག་ཡིན།
བཞི་པ། མཚོན་བྱེད་མིའི་རིགས་རིག་པའི་མཐོང་སྣེ་ལས་རི་བོང་གི་སྣང་ཚུལ་གླེང་བ།
       བོད་ཡུལ་དུ་ཁྱབ་པའི་གཏམ་རྒྱུད་ནང་གི་རི་བོང་གི་སྣང་ཚུལ་མི་འདྲ་བ་གཉིས་ནི་སྲོག་ཆགས་ཤིག་གི་རང་སྟེང་གི་ངོ་བོ་དང་ཁྱད་ཆོས་ལས་བརྒལ་ཏེ། རིག་གནས་ཀྱི་རིན་ཐང་ལྟ་བ་མི་འདྲ་བ་དང་འདུ་ཤེས་མི་འདྲ་བ། བསམ་བློ་མི་འདྲ་བ་གཉིས་ཀྱི་མཚོན་བྱེད་དུ་གྱུར་ཡོད། དེའང་དམངས་ཁྲོད་ནས་དར་བའི་གཏམ་རྒྱུད་ཁྲོད་ཀྱི་རི་བོང་གི་སྣང་ཚུལ་འདིས་མིའི་རིགས་ཀྱི་གཉུག་མའི་རང་གཤིས་དང་འཚོ་གནས་ཀྱི་གནས་བབ། འཚོ་ཐབས་ཀྱི་ཤེས་རབ་སོགས་མཚོན་པ་མ་ཟད། བོད་ཀྱི་མེས་པོ་དག་གི་བསམ་བློའི་འཁྱེར་ཕྱོགས་ཤིག་གམ་སྙིང་སྟོབས་རིགས་ཤིག་མཚོན་པ་ཡིན་ཏེ། «ཆོས་འབྱུང་མཁས་པའི་དགའ་སྟོན»ལས“རྒྱལ་ཕྲན་དེ་རྣམས་འཐབ་རྩོད་གསོད་གཅོད་དགའ། །ལེགས་ཉེས་མི་རྩི་བཀྱོན་འབེབས་བཙོན་རར་འཛུད། །མཐའ་བཞིའི་རྒྱལ་པོས་རྟག་ཏུ་མནར་ཞིང་གཙེ། །རྒྱ་ནག་རྒྱལ་པོ་ཤིང་ལ་སྦྲུལ་ལྟར་འཁྲི། །རྒྱ་གར་རྒྱལ་པོ་ལུག་ལ་སྤྱང་ལྟར་འཇབ། །སྟག་གཟིག་རྒྱལ་པོ་བྱ་ཁྱུར་ཁྲ་ལྟར་རྒྱུག །གེ་སར་རྒྱལ་པོ་ཤིང་ལ་སྟ་ལྟར་འཚབ། །”[5]ཞེས་གསུངས་པ་ལྟར་རྒྱལ་ཕྲན་སིལ་མའི་དུས་ནས་བཟུང་བོད་ཁམས་ལ་ཕྱོགས་བཞིའི་དགྲ་ཚོགས་ཀྱི་གནོན་བཙེར་རྒྱུན་དུ་ཡོང་བ་དང་། ཕྱིས་ཀྱི་དུས་རབས་རིམ་བྱུང་གི་འཕོ་འགྱུར་ཁྲོད་དུ་དམག་འཁྲུག་དང་འཐབ་འཛིང་སོགས་ཟམ་མི་ཆད་པར་ཡོང་བ། ལྷག་ཏུ་བོད་ཁུལ་གྱི་ཡུལ་སྡེ་མང་པོ་ཞིག་འབྲོག་པའི་ཚུལ་དུ་གནས་པས་རུ་བ་གནས་སྤོ་དང་རྩྭ་སའི་བདག་དབང་གི་དོན་དུ་ཚོ་བ་དང་ཚོ་བའི་བར། དུད་ཁྱིམ་དང་དུད་ཁྱིམ་གྱི་བར་སོགས་སུ་རྩོད་རྙོག་རྒྱུན་དུ་ཡོང་བས། བཙན་པོའི་དབང་ཤེད་ལ་མགོ་བོ་མི་སྒུར་བའི་དཔའ་ངར་ཞིག་གམ་འཐབ་རྩོད་ཀྱི་བསམ་བློ་ཞིག འཚོ་གནས་ཀྱི་དཀའ་ཁག་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་ཤེས་རབ་ཅིག་གམ་སྤྱང་གྲུང་གི་བློ་སྟོབས་ཤིག་མཚོན་པར་བྱས་ཡོད། གཞན་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི«རྒྱལ་རབས་དེབ་ཐེར་དཀར་པོ»ལས“དཔའ་བོ་རྣམས་ལ་གུས་པ་བྱེད་ཅིང་། བུས་ཕ་ལ་གུས་པ་བྱེད་ལ། མས་བུ་ལ་གུས་པ་བྱེད། ཕོ་རྣམས་འགྲོ་ལ་གྲི་དང་མདའ་གཞུ་མ་བྲལ་བ་བྱེད། ལམ་དུ་འགྲོ་ཚེ་ཕོ་གཞོན་པ་རྣམས་སྔོན་དང་། རྒན་པོ་རྣམས་རྗེས་སུ་འགྲོ། སྤྱིར་ན་རྒན་པ་ལས་གཞོན་པ་ལ་གུས་པ་ཆེ།”[6]ཞེས་གསལ་བ་ལྟར་བོད་མིའི་རིན་ཐང་ལྟ་ཚུལ་ནི་རྒན་གཞོན་གཉིས་ནས་གཞོན་པ་གལ་ཆེན་དུ་ལྟ་བ་བཤད་ཡོད། འདི་ལྟ་བུའི་སྣང་ཚུལ་ནི་གླིང་སྒྲུང་སོགས་སུ་རྒྱུན་འབྱམས་སུ་འདུག་ཅིང་། ཁམས་ཁུལ་གཙོ་བོར་གྱུར་པའི་བོད་ཀྱི་དམངས་ཁྲོད་དུ་དེང་གི་བར་དུ་གནས་ཡོད་པ་དེ་རེད། དེར་བརྟེན། དམངས་ཁྲོད་གཏམ་རྒྱུད་ཁྲོད་ཀྱི་རི་བོང་དང་སེང་གེ་གཉིས་ནི་སྲོག་ཆགས་རང་ག་བ་གཉིས་ཀྱི་གཏམ་རྒྱུད་ཙམ་ཞིག་མ་ཡིན་པར་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་རིན་ཐང་ལྟ་བ་དམིགས་བསལ་བ་ཞིག་གི་མཚོན་བྱེད་དུ་གྱུར་ཡོད་དོ། །
       མཐུན་པ་སྤུན་བཞིའི་གཏམ་རྒྱུད་དང་དེའི་ནང་གི་རི་བོང་གི་སྣང་བརྙན་གྱིས་སྤྱིར་ན་འདུལ་བའི་བསླབ་པ་རྒན་གཞོན་གྱི་གོ་རིམ་དང་དེའི་གལ་ཆེན་རང་བཞིན། གཏམ་རྒྱུད་བོད་ཁུལ་དུ་དར་རྗེས་རིམ་བཞིན་རྒན་བཀུར་གཞོན་སྐྱེས་ཀྱི་ལྟ་བ་དང་། བཀྲ་ཤིས་པའི་རྟེན་འབྲེལ། ཞི་བདེ་འཆམ་མཐུན་སོགས་ཀྱི་མཚོན་བྱེད་དུ་གྱུར་ཡོད་པ་རེད། མདོར་ན། གཅིག་ཤོས་ཀྱིས་མིའི་རིགས་ཀྱི་གཉུག་གཤིས་དང་འཚོ་ཐབས་ཤེས་རབ་ཀྱི་གལ་ཆེན་རང་བཞིན། བོད་མིའི་རིང་ཐང་ལྟ་བ་དམིགས་བསལ་བ་ཞིག་མཚོན་པ་དང་། གཅིག་ཤོས་ཀྱིས་འདུལ་བའི་བསླབ་པའི་གོ་རིམ་དང་ཞི་བདེ་དང་འཆམ་མཐུན། བཀྲ་ཤིས་རྟེན་འབྲེལ་སོགས་མཚོན་པ་རེད།
       ལྔ་པ། གཏམ་རྒྱུད་མི་འདྲ་བ་གཉིས་ཀྱིས་སྤྱི་ཚོགས་ལ་ཐོན་པའི་བྱེད་ནུས་གླེང་བ།
       རི་བོང་གིས་སེང་གེ་བཏུལ་བའི་གཏམ་རྒྱུད་ནི་སློབ་གྲྭའི་བསླབ་དེབ་ཏུ་དྲངས་ནས། བྱིས་པ་རྣམས་ལ་སྤྱང་གྲུང་གི་གལ་ཆེན་རང་བཞིན་སྟོན་པའི་སློབ་ཚན་ཞིག་ཆགས་ཟིན་པ་བཞིན་གཏམ་རྒྱུད་འདི་དག་གིས་སྤྱང་གྲུང་གི་གལ་ཆེན་རང་བཞིན་དང་། འཚོ་ཐབས་ཀྱི་ཤེས་རབ། རང་ལས་ཆེ་བཙན་དྲག་པ་དག་ལ་དཔའ་མི་ཞུམ་པའི་སྙིང་སྟོབས་ཤིག་བསྐྱེད་བསྲིངས་བྱེད་བཞིན་ཡོད། དེང་གི་སྤྱི་ཚོགས་ནི་སྔར་གྱི་དུས་སྐབས་ནང་བཞིན་དགྲ་ཇག་གི་གནོད་འཚེ་རབ་ཏུ་རྒོད་པ་མ་ཡིན་ནའང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་། ལས་ཁུངས་སོ་སོའི་ནང་དུ་བྱ་བ་གཉེར་བཞིན་པའི་མི་དག་ལ་མཚོན་ན་ལས་ཀ་དང་འཚོ་བའི་ཁྲོད་དུ་དབང་ཤེད་ཅན་སོགས་ཀྱི་ཐུབ་ཚོད་དང་། བཙན་ཤེད། མགོ་གནོན་སོགས་ཀྱི་དཀའ་ཁག་མྱོང་སྲིད་པས། དེའི་དུས་སུ་རང་ཉིད་ལ་རི་བོང་བློ་ལྡན་ལྟ་བུའི་ཤེས་རབ་དང་སྙིང་སྟོབས་ཤིག་ཅིས་ཀྱང་མཁོ་བ་ཡིན། སྙིང་སྟོབས་འདི་ལྟ་བུ་ནི་ཆུང་དུས་ནས་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་དུ་རི་བོང་བློ་ལྡན་གྱི་གཏམ་རྒྱུད་སོགས་ཉན་པའི་ཁྲོད་ནས་འབྱུང་དགོས་པ་ཡིན། དེས་ན་འདི་ལྟ་བུའི་གཏམ་རྒྱུད་ལ་ད་དུང་ཡང་མིའི་རིགས་ལ་དགོས་མཁོ་ཡོད་པ་མ་ཟད་སྤྱི་ཚོགས་ཀྱི་བྱེད་ནུས་ཆེན་པོ་ཡོད་ལ། སྒོས་སུ་བྱིས་པ་དག་ལ་འདི་ལྟ་བུའི་གཏམ་རྒྱུད་མཉན་དུ་འཇུག་རྒྱུ་ནི་གལ་ཆེན་པོ་ཆགས་ཡོད།
       མཐུན་པ་སྤུན་བཞི་ནི་ཞི་བདེ་དང་འཆམ་མཐུན་གྱི་འདུ་ཤེས་སྒྲོག་སྤེལ་བྱེད་པའི་གཏམ་རྒྱུད་ཅིག་ཡིན་པའི་ངོས་ནས་གཅིག་ནས་འཛམ་གླིང་གཙོ་རྒྱུག་རིག་གནས་ཀྱི་ཁྱད་ཆོས་དང་མཐུན་པ། གཉིས་ནས་ཆོས་ལུགས་ཀྱི་ནང་དོན་དང་འབྲེལ་བས་བོད་རིགས་དད་ལྡན་གྱི་མོས་པ་དང་མཐུན་པ། གསུམ་ནས་སྣོད་བཅུད་དང་མིའི་རིགས། སྲོག་ཆགས་དང་མི། མི་རིགས་དང་མི་རིགས་བར་གྱི་མཐུན་ལམ་དང་ཞི་བདེ་མཉམ་གནས་སྟོན་པས་རྒྱལ་ཁབ་གཞུང་གི་སྲིད་རྒྱུས་ཀྱི་ཁ་ཕྱོགས་དང་མཐུན་པ་སོགས་ཀྱི་ཁྱད་ཆོས་ལྡན་པས། སྔར་བཞིན་སྒྲོག་སྤེལ་བྱེད་པའི་གོ་སྐབས་མང་བ་དང་། གཏམ་རྒྱུད་འདི་སྒྲོག་སྤེལ་བྱས་པའི་ཕན་ནུས་ནི་སྤྱི་ཚོགས་ཁྲོད་ཀྱི་འབྲེལ་ལམ་མང་པོ་ཞིག་ལ་འཆམ་མཐུན་གྱི་བྱེད་ནུས་འདོན་སྤེལ་ཐུབ་པ་དང་། མི་རིགས་འདྲ་མིན་དང་རིག་གནས་འདྲ་མིན། གོམས་སྲོལ་འདྲ་མིན་སོགས་ཀྱི་ཁྲོད་ནས་འཚོ་སྡོད་དགོས་པའི་དེང་གི་མི་རྣམས་ལ་མཚོན་ནའང་ཕན་ཚུན་གྱི་མཐུན་ལམ་དང་འགྲོགས་འདྲིས་སོགས་ལ་གཏམ་རྒྱུད་འདིས་བྱེད་ནུས་གལ་ཆེན་འཐོན་བཞིན་པ་ནི་བསྙོན་དུ་མེད་དོ། །
       དྲུག་པ། རི་བོང་གི་སྣང་ཚུལ་ལས་མངོན་པའི་བོད་ཀྱི་རིག་གནས་ཀྱི་ཐུན་མིན་རང་བཞིན་གླེང་བ།
       གོང་གི་གཏམ་རྒྱུད་མི་འདྲ་བ་གཉིས་ལས་མངོན་པའི་རི་བོང་གི་སྣང་ཚུལ་ལ་དཔྱད་ཞིབ་བྱས་པ་བརྒྱུད། ང་ཚོས་གནད་དོན་ཞིག་ལ་དོ་སྣང་བྱུང་བ་ནི་བོད་ཀྱི་རིག་གནས་ཀྱི་སྣ་ཚང་རང་བཞིན་དང་། དེའི་རྒྱབ་ལོག་གི་འདུ་ཤེས་མི་འདྲ་བ་གཉིས་དང་། དེ་དག་གིས་བོད་ཀྱི་སྤྱི་ཚོགས་སུ་ཐོན་པའི་བྱེད་ནུས་སོགས་རེད། ཕྲན་གྱིས་བསམས་ན། གཏམ་རྒྱུད་འདི་དག་ལས་མངོན་པའི་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་གཙོ་བོ་དེ་ནི་ཞི་བདེ་འཆམ་མཐུན་ཕྱོགས་སུ་ཐལ་དྲག་པ་མ་ཡིན་པར་དེ་དང་མཉམ་དུ་དཔའ་ངར་དང་འཐབ་རྩོད། སྤྱང་གྲུང་གི་ཆའང་འདུས་པ། ཡང་འཐབ་རྩོད་དང་སྤྱང་གྲུང་གི་ཕྱོགས་སུ་གཞོལ་ཆེ་དྲག་པ་མ་ཡིན་པར་དེ་མཉམ་དུ་ཞི་བདེ་དང་འཆམ་མཐུན། སྙིང་རྗེ་དང་གཞན་ཕན། བསམ་ཤེས་སོགས་ཀྱི་ལྟ་བ་འདུས་པ་དེ་རེད། འདི་ནི་གཏམ་རྒྱུད་འདི་ལས་མངོན་པའི་བོད་མི་རིགས་ཀྱི་རིག་གནས་ཀྱི་བསྡུས་གཟུགས་ཤིག་དང་། བོད་རང་སའི་རིག་གནས་དང་ཕྱི་ལོག་ནས་ཡོང་བའི་རིག་གནས་གཉིས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་འབྲེལ་འདྲིས་དང་། བསྡུ་ལེན། སྙོམས་སྒྲིག འདུས་འགྱུར་བཅས་བྱས་ནས་གྲུབ་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་དང་ལྟ་བ་ཞིག་རེད་སྙམ། རིག་གནས་དང་ལྟ་བ་འདི་ལྟ་བུ་ནི་དེང་གི་འཛམ་གླིང་ཤར་ནུབ་ཀྱི་ཆབ་དཔལ་རིག་གསུམ་གང་གི་མཐོང་སྣེ་ནས་བརྟགས་ནའང་ཕུལ་དུ་བྱུང་བའི་རིག་གནས་ཤིག་ཡིན་ཞེས་བདག་གིས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་ཐུབ་བོ། །

དཔྱད་གཞི།
[1] ས་པན་ཀུན་དགའ་རྒྱལ་མཚན། «ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ།།» གངས་ཅན་རིག་མཛོད་པོད་བརྒྱ་ཕྱོགས་བསྒྲིགས། དེབ་དགུ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༤ལོར། ཤ ༡༡༦
[2][4] ནོར་བུ་རྒྱལ། «མཐུན་པ་སྤུན་བཞིའི་རིག་གནས་སྣང་ཚུལ་སྐོར་གྱི་དཔྱད་པ།» «ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག»སྤྱིའི་དེབ་གྲངས་དགུ་པ། ཤ༡༠༥ ཤ༡༠༥ནས༡༠༦བཅས་སུ་གསལ།
[3] བསོད་ནམས་གྲགས་པ། «དགེ་ལྡན་ལེགས་བཤད།» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༠ལོར། ཤ༥༡
[5] དཔའ་བོ་གཙུག་ལག་ཕྲེང་བ། «དམ་པའི་ཆོས་ཀྱི་འཁོར་ལོ་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན།» མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོར། ཤ༨༤
[6] དགེ་འདུན་ཆོས་འཕེལ། «བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ་བཞུགས་སོ།།» མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོར། ཤ༤༢
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།