ཀུན་འདུས་ཞལ་ཐང་ཆེན་མོའི་སྟོད་སྨད་མཉམ་སྒྲིག་ལེགས་འགྲུབ་བྱུང་བ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2025-04-18 21:10:53 ཀློག་གྲངས།:
       ཚེས16ཉིན་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་རྫས་བཤམས་མཛོད་གླིང་གི་གླིང་གཙོ་གཅོད་པ་ཚེ་རིང་གིས། «ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ»(«ཀུན་འདུས་ཞལ་ཐང་ཆེན་མོ»ལ་བསྡུ)ཡི་སྨད་ཆ་དེ་ཉེ་ཆར་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་རྫས་བཤམས་མཛོད་གླིང་དུ་འགྲེམ་སྟོན་གྱི་བཀོད་སྒྲིག་ཚར་ཡོད་ཅིང་། མི་འགྱངས་བར་དམིགས་བསལ་འགྲེམ་སྟོན་དུ་བརྩིས་ནས་འགྲེམ་སྟོན་བྱ་རྒྱུ་ཡིན་པ་དང་། དེའི་ཐོག་ནས་ཐང་གའི་སྟོད་སྨད་གཉིས་མཉམ་སྒྲིག་ལེགས་འགྲུབ་བྱུང་བ་མཚོན་གྱི་ཡོད་ཅེས་བརྗོད་འདུག
       «ཀུན་འདུས་ཞལ་ཐང་ཆེན་མོ»དེ་ཀྲུང་གོའི་ལྷ་རིས་སྒྱུ་རྩལ་པ་གྲགས་ཅན་སྐུ་ཞབས་བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་ལོ་ངོ40ལྷག་ཙམ་རིང་སྒྲིག་འཛུགས་ཇུས་འགོད་གནང་བ་ཞིག་ཡིན་ཞིང་། ཐང་ག་དེ་སྟོད་སྨད་གཉིས་སུ་དབྱེ་ཡོད་པ་དང་། དེ་གཉིས་མཉམ་དུ་བསྡེབས་ན་སྨི་སྟོང་ལྷག་ཡོད་པས། “སྨི་སྟོང་ཅན་གྱི་ཐང་ག”ཞེས་འབོད་ཅིང་། རིང་ཚད་ལ་བསྡོམས་པས་སྨི1028དང་ཞེང་ལ་སྨི2.5ཡོད། གང་དེ་མཚོ་སྔོན་དང་བོད་ལྗོངས། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ས་ཁུལ་གྱི་ལྷ་རིས་སྒྱུ་རྩལ་པ་གྲགས་ཅན430ལྷག་ཙམ་གྱིས་འབྲི་བཞེངས་ཞིབ་ཚགས་གནང་བ་ཞིག་རེད། ཐང་གའི་ནང་དོན་གཙོ་བོ་ནི་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས། སྒྱུ་རྩལ་སོགས་ཀྱི་ནང་དོན་དང་འབྲེལ་ཡོད་ཅིང་། བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན། སྤྱན་གཟིགས་རང་བཞིན་བཅས་གཞི་གཅིག་ཏུ་ལྡན་པའི་ཕུལ་བྱུང་བརྩམས་ཆོས་ཤིག་ཡིན་པས། བོད་ཀྱི་རིག་གནས་སྒྱུ་རྩལ་གྱི“ཤེས་བྱ་ཀུན་འདུས”ཞེས་སུ་གྲགས་ཡོད།
       གཅོད་པ་ཚེ་རིང་གིས། ཐང་གའི་སྟོད་ཆ་དེ་དུས་རབས20པའི་ལོ་རབས80པར་འབྲི་བཞེངས་གནང་འགོ་ཚུགས་པ་དང་། དུས་ཡུན་ལོ་ངོ27འབྲི་བཞེངས་གནང་བ་བརྒྱུད་ལེགས་འགྲུབ་བྱུང་ཡོད། སྟོད་ཆ་ལེགས་འགྲུབ་བྱུང་རྗེས། སྐུ་ཞབས་བརྩོན་འགྲུབ་རབ་རྒྱབ་ལགས་ནས་འཚོལ་ཞིབ་ཀྱི་གོམ་ཁ་ལྷོད་མེད་པར། ཐང་གའི་སྒྱུ་རྩལ་གྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཐུབ་པའི་ངོས་འཛིན་གནང་ཡོད་པས། 2005ལོར«ཀུན་འདུས་ཞལ་ཐང་ཆེན་མོ»སྨད་ཆའི་ཇུས་འགོད་དང་འབྲི་བཞེངས་རྣམ་གྲངས་དངོས་སུ་སྤེལ་འགོ་ཚུགས་ཡོད། ཁོང་གིས་རྒྱུན་འཛིན་སློབ་མ48ཀྱི་སྣེ་ཁྲིད་དེ་ཐུགས་ནུས་ཡོད་རྒུ་བཏོན་ནས་ལོ་ངོ19ལ་འབད་བརྩོན་གནང་བ་བརྒྱུད་རྣམ་གྲངས་དེ་གཞི་ནས་ལེགས་འགྲུབ་བྱུང་ཡོད། སྨད་ཆ་དེ་སྟོད་ཆའི་སྒྱུ་རྩལ་གྱི་རྣམ་པ་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག ནང་དོན་ཐད་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་ནང་དོན་དེ་བས་མང་བ་བསྣན་ཡོད། དཔེར་ན། ཇ་རྟའི་གནའ་ལམ་དང་ཐང་བོད་གནའ་ལམ། དར་གོས་ཚོང་ལམ་སོགས་ནང་དོན་དེ་དག་བསྣན་པས། ཐང་གའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ཅེས་བརྗོད་ཡོད།
       གཅོད་པ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། «ཀུན་འདུས་ཞལ་ཐང་ཆེན་མོ»སྨད་ཆའི་རིང་ཚད་ལ་སྨི410དང་ཞེང་ཚད་ལ་སྨི2.5ཡོད། ཐང་ག་ཧྲིལ་པོ་དུམ་ཚན27ལ་དབྱེ་ཡོད་པ་དང་། བྱེ་བྲག་གི་དོན་ཚན225ལས་གྲུབ་ཡོད། ཐང་གའི་གོང་འོག་མཐའ་གཉིས་སུ་བོད་ལུགས་ཀྱི་འཚེམ་དྲུབ་རི་མོ་ཁྲི1ལྷག་ཙམ་གྱིས་རྒྱན་སྤྲས་ཡོད་པ་དང་། པར་ངོས165ལས་གྲུབ་པ། པར་ངོས་རེ་རེར་ལི་སྨི10ཡི་ཆེ་ཆུང་གི་མེ་ཏོག80ཡིས་རྒྱན་སྤྲས་ཡོད་པ། ཁྱོན་རིགས་མི་འདྲ་བའི་རི་མོ་ཁྲི1ལྷག་ཙམ་བཤམས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
       གཅོད་པ་ཚེ་རིང་གིས«ཀུན་འདུས་ཞལ་ཐང་ཆེན་མོ»སྨད་ཆ་དེས་མི་རིགས་རིག་གནས་སྒྱུ་རྩལ་གྱི་བང་མཛོད་ནང་མཆོག་ནོར་གསར་པ་ཞིག་བསྣན་ཡོད་པ་མ་ཟད། མི་རིགས་མཐུན་སྒྲིལ་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད། དེ་ཉིད་མཚོ་སྔོན་གྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ནས། མི་དེ་བས་མང་བས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཆ་ཤེས་རྟོགས་དང་མྱོང་རོལ་ཐུབ་རྒྱུ་རེད་ཅེས་བརྗོད་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།