གློག་བརྙན«སྨོན་ལམ་གཙང་པོའི་ཕ་རོལ»ལ་བྱ་དགའ་ཆེན་པོ་གསུམ་ཐོབ་འདུག

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-11-19 17:10:36 ཀློག་གྲངས།:
       ཟླ༡༡ཚེས༡༥དགོང་མོར། སྐབས་ལྔ་བའི་ཡ་གླིང་རྒྱལ་སྤྱིའི་ན་གཞོན་གློག་བརྙན་དུས་ཆེན་དེ། ནང་སོག་རང་སྐྱོང་ལྗོངས་མཁར་སྔོན་པོ་གྲོང་ཁྱེར་ནས་འཚོགས། གློག་བརྙན«སྨོན་ལམ་གཙང་པོའི་ཕ་རོལ»ལ་གསར་རྩོམ་གློག་བརྙན་དང་། སྒྲིག་སྦྱོར་རྩེ་གྲ། ཕབ་སྐྲུན་པ་རྩེ་གྲ་བཅས་གཟེངས་རྟགས་བྱ་དགའ་ཆེན་མོ་གསུམ་དུས་ལྷན་དུ་ཐོབ།
       འགྲེམས་སྟོན་བྱ་འགུལ་སྟེང་། གློག་བརྙན་ཁང་ཚང་མ་གཟིགས་མོ་བས་ཁེངས་ཤིང་། ཡིད་སེམས་འགུལ་བའི་བྱུང་རིམ་གྱིས་མི་མང་པོར་མིག་ཆུ་འཁོལ་དུ་བཅུག་པ་མ་ཟད། གློག་བརྙན་ལ་གཟིགས་རྗེས་ཀྱི་བགྲོ་གླེང་བྱ་འགུལ་དེ་ཡང་སྤྲོ་སེམས་དང་རང་དབང་གིས་སྤེལ་ཞིང་། གློག་བརྙན་ལས་རིགས་དང་སྒྱུ་རྩལ་ལས་རིགས་ལ་དགའ་བའི་མི་མང་པོ་ཞིག་གིས་གདེང་འཇོག་ཚད་མཐོན་པོ་གནང་།
       དེར་མ་ཟད་གློག་བརྙན་འདིར་ཞ་མིན་གསེར་བྱའི་ན་གཞོན་གློག་བརྙན་འགྲེམས་སྟོན་སྟེང་དུ། ཕུལ་བྱུང་གློག་བརྙན་གྱི་འདམས་ཐོན་བྱ་དགའ་ཡང་ཐོབ་པ་རེད།
བྱ་དགའ་ཐོབ་མཁན། འཁྲབ་ཁྲིད་པ་བདུད་རྩི་སྐྱིད།
       འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་མཁན་བདུད་རྩི་སྐྱིད་ལ་བྱ་དགའ་ཐོབ་པའི་རྒྱུ་རྐྱེན་ནི། འདི་ནི་ན་གཞོན་བུད་མེད་འཁྲབ་ཁྲིད་པ་ཞིག་གི་འཚོ་བའི་མཚན་ཉིད་གྱི་རང་བཞིན་ལྡན་པའི་གློག་བརྙན་ཞིག་ཡིན། འཁྲབ་ཁྲིད་པས་ཕུལ་དུ་བྱུང་བའི་དོན་བརྗོད་ནུས་པ་དང་ཐུན་མིན་གྱི་སྒྱུ་རྩལ་ཚོར་ཤེས་ལ་བརྟེན་ནས། གློག་བརྙན་ལ་མི་སྒེར་གྱི་ཉམས་འགྱུར་མངོན་གསལ་དོད་ཡོད། མདོར་ན་ན་ཆུང་བྱིས་པའི་ལྟ་སྟངས་དང་མྱོང་ཚོར་ལ་བརྟེན་ནས། དར་མའི་འཇིག་རྟེན་ཁྲོད་ཀྱི་རྙོག་འཛིང་ཆེ་བའི་མི་གཤིས་མངོན་པར་བྱས་ཡོད་ལ། བརྩམས་ཆོས་འདི་ངེས་གཏན་གྱི་རིག་གནས་ཤིག་གི་ཁྱབས་ཁོང་ལས་བརྒལ་དེ། ཡོངས་ཁྱབ་རིན་ཐང་གི་རྣམ་པ་ཞིག་མངོན་པར་བྱས་ཡོད།
བྱ་དགའ་ཐོབ་མཁན་སྒྲིག་སྦྱོར་ཁྲིད་སྟོན་པ། ཕྱག་རྡོར་སྐྱབས།
       སྒྲིག་སྦྱོར་མཁན་ཕྱག་རྡོར་སྐྱབས་ལ་བྱ་དགའ་ཐོབ་པའི་རྒྱུ་རྐྱེན་ནི། སྒྲིག་སྦྱོར་བས་བརྙན་རིས་ཚོད་འཛིན་ཐད་གནད་ལ་འཁེལ་ཞིང་དོན་ལ་གནས་པའི་ཐབས་རྩལ་ལ་བརྟེན་ནས། གློག་བརྙན་གྱི་བརྗོད་དོན་ཧྲིལ་པོར་བྱང་ཆ་དང་རྐྱོང་ཤུགས་ལྡན་པའི་དོན་བྱ་ཟབ་མོ་མངོན་པ་དང་ཆབས་ཅིག གློག་བརྙན་གྱི་ཡུལ་ཁམས་རིག་གནས་ཀྱི་སྣང་ལྗོངས་ཀྱང་ལག་རྩལ་དང་སྒྱུ་རྩལ་མཉམ་འདྲེས་བྱས་པ་ཚད་ངེས་ཅན་ཞིག་ལ་སླེབས་ཡོད།
བྱ་དགའ་ཐོབ་མཁན་ཕབ་སྐྲུན་པ། བསོད་ནམས་རྒྱལ།
       གློག་བརྙན་ཕབ་སྐྲུན་པ་བསོད་ནམས་རྒྱལ་ལ་བྱ་དགའ་ཐོབ་པའི་རྒྱུ་རྐྱེན་ནི། གློག་བརྙན་འདིའི་ཁྲོད་དུ་བརྙན་སྐྲུན་ལས་རིགས་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མ་དངུལ་མི་འདང་བ་སོགས་ཀྱི་དཀའ་ཚེགས་ལ་མ་འཛེམ་པར་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཀྱིས་གློག་བཪྙན་ཕབ་སྐྲུན་ཁྲོད་ཀྱི་འགངས་ཆེ་བའི་རིན་ཐང་མངོན་པར་བྱས་ཏེ། མཐར་སྒྱུ་རྩལ་དང་བསམ་བློ། ལག་རྩལ་བཅས་ཀྱི་ཐད་ཚད་རིམ་ངེས་ཅན་ལ་སླེབས་པའི་གློག་བརྙན་བརྩམས་ཆོས་བརྙན་སྐྲུན་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།