༄༅། །ཙན་དན་ཤད་བཅོས་ཀྱི་ལག་ལེན་ཟིན་བྲིས། རྔོག་བུ་བདུད་མགོན་ཚེ་རིང་།

རྩོམ་པ་པོ།:རྔོག་བུ་བདུད་མགོན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-07-12 06:38:22 ཀློག་གྲངས།:
༄༅། །ཙན་དན་ཤད་བཅོས་ཀྱི་ལག་ལེན་ཟིན་བྲིས།
རྔོག་བུ་བདུད་མགོན་ཚེ་རིང་།

གླེང་སློང་བ།
       བོད་ཀྱི་གསོ་བ་རིག་པའི་ཕྱི་ནང་གསང་གསུམ་གྱི་མན་ངག་གི་གཞུང་པོད་སྔ་བ་རྣམས་སུ་ཐོག་མར་ནད་ལ་རིམ་གྲོ་ནས་བརྩམས་ཏེ་དཔྱད་བཅོས་ཀྱི་ཆོ་ག་སྣ་ཚོགས་མངོན་སུམ་དང་གབ་གསང་གི་སྒོ་ནས་གསུངས་ཡོད་པ་དང་། དེ་ནས་རིམ་བཞིན་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་རྒྱལ་རབས་སོ་སོར་གསོ་བ་རིག་པའི་གཞུང་ལུགས་ཀྱི་རྩ་འགྲེལ་གང་མང་ཡུན་གྱིས་དར་ཡོང་བའི་ལོ་རྒྱུས་ཁྲོད། ནད་རིགས་བཅོས་པའི་གཉེན་པོ་ལ་ཟས་སྤྱོད་སྨན་དཔྱད་རྣམ་པ་བཞིར་གཏན་འཁེལ་བྱུང་ནས་ད་བར་དུ་བརྒྱུད་ཡོང་ལ། སྒོས་སུ་དཔྱད་བཅོས་ཀྱི་ཆ་བྱད་དང་མཚོན་རྨའི་གཞུང་ལུགས་ལ་དེང་རབས་གསོ་རིག་གིས་ད་དུང་ཡང་འགྲེལ་མི་ཞོག་སའི་གནས་དང་། དོན་མི་འཁྲོལ་ས་གང་མང་བཞུགས་པས་བོད་ཀྱི་གསོ་བ་རིག་པའི་དགོངས་བཅུད་འདིས་སྤྱི་ཚོགས་དང་མིའི་རིགས་ཀྱི་བདེ་ཐང་འཕྲོད་བསྟེན་ལ་ཕྱོགས་ཡོངས་ནས་ཞབས་ཞུ་དང་བཀོལ་སྤྱོད། ཞིབ་འཇུག་དང་སྔོག་འདོན་གྱི་རིན་ཐང་བླ་ན་མེད་པ་བསྐྲུན་ཡོད། ང་ཚོས་རིགས་རུས་དང་གྲུབ་མཐའི་མཐའ་མཚམས་བརྒལ་ཏེ་མིའི་རིགས་རིག་པའི་ངོས་ནས་སླར་བོད་ཀྱི་གསོ་རིག་གི་རིན་ཐང་ལ་ཕྱིར་ལྟ་ཞིག་བྱས་ཚེ། གཞུང་རང་ཉིད་ནས་གསུངས་པའི་མན་ངག་གི་ཡོན་ཏན་དེ་དག་ལས་བྱ་སླ་བ། ཚེགས་ཆུང་བ། ཕན་ཆེ་བ། དོན་རྒྱ་ཆེན་པོ་འགྲུབ་པ་སོགས་ཀྱི་ཁྱད་ཆོས་དང་ཡོན་ཏན་ལྷང་ངེར་མཐོང་ཐུབ་ལ། ལུས་སེམས་གཉིས་ཀྱི་ནད་གཞི་ལ་རྒྱུ་འབྲས་གཉིས་ཀྱི་གཉེན་པོ་སྤྲོད་ལུགས་རྫས་སྔགས་ཟུང་འབྲེལ་གྱི་ཐབས་ལམ་ལྟ་བུ། ཡང་ལུས་ནད་གཉིས་ག་འབྱུང་བཞིས་གྲུབ་པ་ལ་གཉེན་པོ་སྤྲོད་ལུགས་སྨན་རྩིས་ཟུང་འབྲེལ་གྱི་སྙོམས་ཐབས་ལྟ་བུ། དོན་སྣོད་ནང་གི་ནད་རིགས། རྩ་རྒྱུས་བར་གྱི་ནད་རིགས། ཤ་ལྤགས་ཕྱི་ཡི་ནད་རིགས་སོགས་སོ་སོར་ལག་ལེན་བཅོ་བརྒྱད་ཀྱིས་གཉེན་པོ་རྣམས་བྱེ་བྲག་ཏུ་གང་ལ་གང་འདུལ་གྱིས་བསྟན་ཡོད། དེ་ཡང་རྡོ་རྗེ་དབྱུག་བཅོས་ལྟ་བུ་ཡིན་ན་སྨན་སྔགས་ཟུང་འབྲེལ་སྒོས་བྱུག་དུགས་མཉམ་བཅོས་ཀྱི་ལག་ལེན་དང་། དབྱུག་ཚུགས་ཀྱི་བཅོས་ཐབས་ལྟ་བུ་ཡིན་ན་ཏེལ་བ་ཤིང་མེས་བཙའ་ཐབས་ཀྱི་ལག་ལེན། འོག་ཏུ་འཆད་འགྱུར་གྱི་ཙན་དན་ཤད་བཅོས་ལྟ་བུ་ཡིན་ན་བྱུག་མཉེ་དུགས་གསུམ་མཉམ་བཅོས་ཀྱི་ལག་ལེན་སོགས་གནས་སྐབས་ནད་ཐོག་ཏུ་སྤྱོད་སྒོ་ཆེ་ཆུང་དང་། ལག་ལེན་གྱི་རྒྱུད་པ་ཡོད་མེད་ཙམ་གྱིས་མ་གཏོགས་བོད་སྨན་གྱི་གཞུང་གི་ལག་ལེན་བཅོ་བརྒྱད་ལ་མ་འདུས་པ་མེད་པ་རེད།
དང་པོ། ཙན་དན་ཤད་བཅོས་ཀྱི་གོ་དོན།
       དེ་ཡང་བོན་གྱི་ཐེག་པ་རིམ་དགུ་སོགས་ལས་མོ་རྩིས་གཏོར་དཔྱད་ཅེས་པའི་ཐ་སྙད་འདི་དག་བྱུང་ཡོད་པ་ལས་གསོ་རིག་གི་གཞུང་ལུགས་ཡོངས་སུ་མ་གྲུབ་པའི་ཡར་སྔོན་ལ་འགྲོ་བ་མིའི་ལུས་སྲོག་སེམས་གསུམ་ལ་བགེགས་དང་བར་ཆད་གང་བྱུང་ལ་གཉེན་པོ་མོ་རྩིས་གཏོར་དཔྱད་ཀྱིས་བཅོས་པའི་རིག་པའི་ཤུལ་རྗེས་དཔོག་ཐུབ་ལ། སྒོས་སུ་དཔྱད་ཀྱི་ཆོ་ག་འདི་མིའི་སྤྱི་ཚོགས་ཀྱི་འཕེལ་རིམ་དང་བསྟུན་ནས་དང་པོ་མེ་གཏོང་ཤེས་པའི་དུས་ནས་བཟུང་མེ་བཅོས་ཀྱི་ཆོ་ག་སྣ་ཚོགས་དར་ཡོད་པ་དཔེར་ན་སྨན་གྱི་སྔ་བ་ལ་ཆུ་ཁོལ་ལྟ་བུ་མེའི་ནུས་ཤུགས་ལས་བྱུང་བའི་འབྲས་བུ་ཡིན་པ་དང་། རྡོ་དང་བོང་བ་རྩི་ཤིང་སོགས་ཀྱང་མེའི་ནུས་ཤུགས་ལ་བརྟེན་ནས་གྲང་བ་ཚ་བའི་ངོ་བོར་བསྒྱུར་བའམ་ཚ་བ་གྲང་བར་བསྒྱུར་དེ་ནད་བཅོས་པའི་ཆོ་ག་དར་བ། རང་བྱུང་ཁམས་ཀྱི་ཆུ་ཚན་ལ་བརྟེན་ནས་ཐོག་མར་པགས་ནད་ནས་བརྩམས་ཏེ་ནང་དོན་སྣོད་དང་ཤ་རུས་ཆུ་རྒྱུས་རྩ་དཀར་ནག་གི་ནད་རིགས་བཅོས་པའི་ལག་ལེན་སོགས་རིམ་བཞིན་རྙེད་པར་གྱུར་བས། ན་ཟུག་འཇོག་ཐབས་ནས་བརྩམས་ཏེ་ནད་ཀྱི་རྒྱུ་རྐྱེན་དབྱེ་རྟགས་སོགས་ཀྱི་གནས་ལུགས་ལ་གོ་རྟོགས་གསར་དུ་རྙེད། དེ་ནས་རིམ་བཞིན་གསོ་བ་རིག་པའི་མིང་དོན་གྱི་གནས་ལུགས་དང་ཤེས་བྱ་བསྡུས་ཏེ་གསོ་དཔྱད་ཀྱི་གཞུང་ལུགས་གྲུབ་པ་ཡིན་པར་འདོད། རྒྱུད་བཞི་ལས། ལུས་ཀྱི་ཕྱི་ནས་ནད་རྣམས་འབྱིན་པ་དང་། །ཞི་བར་བྱེད་པ་གང་ཡིན་དཔྱད་ཅེས་བྱ། །ཞེས་དཔྱད་ནི་ལུས་ཕྱི་ནས་ནད་རིགས་ཕྱིར་འབྱིན་པའི་ལག་རྩལ་དང་ཆོ་ག་ཡོད་དོ་ཅོག་ལ་གོ་བ་ལེན་ཆོག་པར་འདོད་དེ། ཆེ་ས་ནས་འཛམ་བུ་གླིང་གི་ཤར་ནུབ་གསོ་བ་རིག་པའི་རིག་གནས་ལས་ཐོན་པའི་འཇམ་པའི་སྦྱོར་བ་དུགས་ལུམས་བྱུག་གསུམ། རྩུབ་པའི་སྦྱོར་བ་གཏར་བསྲེག་དབུག་པ། དྲག་པོའི་སྦྱོར་བ་འདྲལ་གཅོད་འདྲིལ་འབྱིན་བཞི་སོགས་འགྲོ་བ་མིའི་ཐུན་མོང་གི་ནད་བཅོས་ལག་རྩལ་ལ་གསོ་དཔྱད་ཅེས་གོ་བ་མ་ཟད། རྒྱུད་བཞི་ནས་གསུངས་པའི་བྱུག་བཅོས་ཀྱི་ཁོངས་སུ་དེང་སང་ཡིན་ན་བོད་སྨན་ཁང་སོ་སོར་དེ་དག་རེ་རེའི་ནད་བཅོས་གོ་རིམ་དང་། སྤྱོད་བྱ། སྤྱོད་བྱེད། སྤྱོད་ཡུལ་སོགས་ཀྱི་གཞུང་ལུགས་ཀྱི་མ་ལག་ཡོངས་སུ་ཚང་ཞིང་། ནད་བཅོས་ཀྱི་བརྒྱུད་རིམ་དང་ལག་རྩལ་འཕེལ་རྒྱས་སུ་སོན་ཡོད་པའི་གནས་བབས་ཅུང་མཐོན་པོ་ཞིག་ཏུ་སླེབས་ཡོད་པ་རེད།
       བོད་ཀྱི་དཔྱད་བཅོས་རིག་པ་ལས་རྡོ་རྗེ་དབྱུག་བཅོས་ནི་སློབ་དཔོན་པདྨ་འབྱུང་གནས་ནས་དར་ཚུལ་གྱི་ལོ་རྒྱུས་སོགས་གནས་སྐབས་ཡོངས་གྲགས་ལྟར་ཞོག ཡང་དབྱུག་པ་དང་ཤིང་གིས་བཅོས་ཐབས་ལ་རྣམ་གྲངས་དང་ངོ་བོའི་ཆ་ནས་རྡོ་རྗེ་དབྱུག་བཅོས་ཞེས་སྦ་ཤིང་གི་བཅོས་ཐབས་ལག་ལེན་ཁོ་ན་ཙམ་གྱིས་མ་འཐུས་ཏེ། དེའུ་དམར་གསོ་རིག་གཅེས་བཏུས་ལས། ཤིང་ཏེལ་སྨྱུག་མ་ཤུག་པ་ཚལ་བུ་དང་། །བེ་དང་སྐྱེར་པ་སེང་ལྡེང་སྨྱག་ཤ་དང་། །འོམ་བུ་ལ་སོགས་རང་རིགས་ཤིང་ལེབ་ལ། །དྲག་གཙུབས་དུ་བ་བྱུང་དུས་ནད་དམིགས་ལ། །དག་བཀྲུས་སྣུམ་བྱུགས་སྟེང་གདབ་པགས་པ་བསྲེག །[2P829]ཅེས་ཤིང་ཏེལ་གྱི་རིགས་སྣ་ཚོགས་དང་། སྐྱེར་བ། མཛོ་མོ་ཤིང་། ཤུག་པ། སྨག  སེང་ལྡེང་། དཱེ་བ་དཱ་རུ། ཨ་གར། ཙན་དན་དཀར་དམར་སོགས་དང་། འཕང་དང་མདའ་སྨྱུག་སོལ་བ་སོགས་ཀྱི་ཐ་སྙད་མང་དག་ཅིག་གསོ་རིག་གི་གཞུང་འགྲེལ་དུ་རྒྱུད་མར་བྱུང་ཡོད་པར་དཔག་ན། ཤིང་དབྱུག་གི་བཅོས་ཐབས་ལ་བསྣུན་བཅོས། བརྡར་བཅོས། བརྡུང་བཅོས། དྲུད་བཅོས་སམ་ཤད་བཅོས། ཚུགས་བཅོས། བསྲེག་བཅོས། གཏུག་བཅོས། གཙགས་ཤད་སོགས་ཟབ་གནད་ཀྱི་མཁྱུད་བཅོས་ལག་རྩལ་སྣ་ཚོགས་མངོན་སུམ་དང་སྦས་པའི་ཚུལ་དུ་གསུངས་ཡོད་ལ། ཐུན་མོང་གི་ངོས་ནས་བཤད་ན་ཀྲུང་ལུགས་གསོ་རིག་གི་མཉེ་བཅོས་ལ་སྤྱོད་པའི་རྡོ་དང་ཤིང་གི་རིགས་རྣམས་ཀྱང་བོད་ཀྱི་གསོ་རིག་གི་མཁྲིས་ནད་སྤྱོད་ལམ་གྱིས་བཅོས་པའི་སྐབས་སུ། དྲི་བཟང་བསིལ་ཞིང་ཡིད་དུ་འོང་བས་བྱུག[P94]ཅེས་ག་བུར་དང་ཙན་དན་ལ་སོགས་པ་སྨན་དྲི་བཟང་བོ་དང་ལྡན་པ་སྟེ། ཤིང་གི་རྒྱལ་བོ་དྲི་ལྡན་རྣམ་པ་གསུམ་ཞེས་ཙན་དན་དཀར་དམར་དང་ཨར་ནག་སོགས་ནུས་པ་བསིལ་ཞིང་ཡིད་དུ་འོང་བས་ལུས་ལ་བྱུག་དགོས་པར་བསྟན་ཡོད་པ་དང་། ཡང་དེའུ་དམར་གནམ་ལྕགས་ཐོག་མདའ་ལས། ཐ་མ་སྨག་ཤད་ལ་སོགས་ཤིང་ཚབ་རུང་ཞེས་པ་ནང་བཞིན་སྐབས་སུ་བབས་པའི་ཙན་དན་ཤད་བཅོས་འདིའང་དྲི་བཟང་བོ་རང་བྱུང་ཙན་དན་གྱིས་བྱུག་མཉེ་གཅིག་ལྕོགས་ཀྱི་བཅོས་ཐབས་ཤིག་ཡིན་པར་བཤད་ཆོག
       སྒོས་སུ་ཐེངས་འདིར་ཤད་བཅོས་ཞེས་པའི་མིང་གི་འགྲེལ་ཚུལ་ལ་གོང་གི་རྡོ་རྗེ་དབྱུག་བཅོས་ལྟ་བུ་ལ་མཚོན་ན་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་རྡོ་རྗེ་དབྱུག་པའི་མན་ངག་གནམ་ལྕགས་ཐོག་མདའ་ལས་མགོ་གསང་བཞི་བཅུ་རྩ་བདུན། ལག་པའི་བརྡུང་དམིགས་སུམ་ཅུ། མདུན་གསང་ང་གཉིས། རྒྱབ་ཀྱི་སྟོད་གསང་དྲུག རྒྱབ་གསང་ཉེར་དགུ སྨད་གསང་ཉེར་ལྔ་སོགས་གསང་དམིགས་བྱེ་བྲག་པ་རེ་རེ་ལ་བསྣུན་བརྡུང་བརྡར་གསུམ་གྱིས་ནད་གཞི་གང་ལ་གང་གིས་ཕན་ཚུལ་གསལ་བོར་གསུང་ཡོད་པའི་ཕན་ཡོན་ལས། ལྷག་ཏུ་རྒྱབ་ཕྱོགས་སུ་སྐེ་གསང་། རྒྱབ་གསང་། སྨད་གསང་ཞེས་རྒྱབ་ཀྱི་སྤྱི་གསང་གསུམ་དང་། མདུན་ཕྱོགས་སུ་བྲང་དང་། ལྟོ་བ། རྐང་པ་ཞེས་མདུན་གྱི་སྤྱི་གསང་གསུམ་དུ་དགར་ནས་མེ་དམིགས་ནད་ཀྱིས་བསྟན་དང་སྨན་པས་བཙལ་པའི་དཔེ་ལྟར། ནད་ཀྱིས་བསྟན་པ་གང་ན་བའི་དམིགས་ཡོད་སར་ཤད་རུང་བ་ལ། དེའུ་དམར་གནམ་ལྕགས་ཐོག་མདའ་ལས། དང་པོ་བབས་གསང་ནད་པས་ཤེས་པ་ནི། །ནད་དམིགས་གཟེར་ཡོད་མནན་ཚེ་ན་བ་དང་། །མནན་ན་ཕན་སྙམ་གྲང་ཤ་ཟ་བ་དང་། །གཟེར་དམིགས་མཐེབ་རྗེས་འོང་དང་བ་སྤུ་ལོག །ཤ་མདོག་འགྱུར་དང་ཁྱད་པར་སྐྱ་གསོབ་འཁྱག །ཟ་འཕྲུག་འབྲུམ་ཆུང་མང་བ་རྣམས་སུ་གདབ། །ཞེས་དང་ཡང་དེ་ཉིད་ལས། མཐེབ་མཛུབ་བར་འཇུས་སྒང་ལ་གཙགས་ཤད་གཏར།།[P997]ཞེས་ཐོག་མར་དབྱུག་རྩེས་གཙགས་པ་དང་། དེ་ནས་དབྱུག་པས་ཡང་ཡང་ཤད་པས་ཤ་ལྤགས་བར་ལ་ཤད་རྗེས་ཏེ་ཁྲག་གི་མདོག་བབས་ན་གཏར་བར་བྱ་དགོས་ཞེས་པའི་གཙགས་ཤད་གཏར་གསུམ་གྱི་ལག་ལེན་ལས་འཕྲོས་ཏེ་ཤད་བཅོས་ཞེས་བཏགས་པའོ། ། དེ་ལྟར་གཙགས་ཤིང་ཤད་པས་ཀྱང་ཁྲག་མདོག་མ་བབས་ན་གཏར་བའམ་མེ་བུམ་བྱས་པས་ཀྱང་ཆོག་ཅེས་བཤད། སྨན་པས་བཙལ་བ་དོན་སྣོད་གསང་རྣམས་ཡིན་ཏེ་ཨན་སྟོང་ཚིགས་པ་དང་པོ་རླུང་གི་གསང་སོགས་གཞུང་ལྟར། གང་ན་བའི་གནས་དེའི་ཤ་གྲིམས་ཀྱི་ཆགས་ཚུལ་དང་གྱེས་དབྱིབས་ལྟར་སོ་མང་གིས་སྐྲ་ཤད་པ་ཇི་བཞིན། ལུས་ཕྱིའི་ཤ་གྲིམ་གྱི་གྱེས་ལུགས་ལྟར་གཡས་གཡོན་གོང་འོག་སོགས་སུ་ཡང་ནས་ཡང་དུ་ཤད་པས་ན་ཟུག་འཇོག་ཅིང་ནད་གཞི་འབྱིན་པ་མ་ཟད། ཚོ་ཆེས་ཏེ་ལྟོ་ལྡིར་ཅིང་ལུག་པ་ལ་ལྷེན་འོག་ནས་སྤུ་མཚམས། རྩིབ་ཐུང་གཡས་གཡོན་ནས་དཔྱིའི་ཁ་གཟར་བཅས་ཀྱི་གནས་སུ་གོང་འོག་གཡས་གཡོན་དུ་ཡང་ཡང་ཤད་པས་ཚིལ་འཇུ་ཞིང་ཤ་གནག་གྲིམས་པར་འགྱུར་བ་སོགས་ཀྱི་ནུས་པ་དང་ལྡན་པའི་ཙན་དན་དཀར་དམར་དང་ཨར་ནག་ལས་བཟོས་པའི་ཤད་བྱེད་ཀྱི་དབྱུག་པ། ཤད་བྱའི་ནད་དམིགས། ཤད་པའི་ཐབས་སོགས་གཞུང་གོང་མ་རྣམས་དང་ཉེ་བར་སྦྱར་ཞིང་ཁུངས་བཅོལ་བའི་དཔྱད་བཅོས་རིགས་ཤིག་ཡིན།
གཉིས་པ། ཙན་དན་ཤད་བཅོས་ཀྱི་གསང་དམིགས།
གསུམ་པ། ཤད་དམིགས་དང་ཕན་ཡོན།
        ཡན་ལག་གི་གསང་བཅུ།
        ༡ ཕྲག་གོང་གཉིས། རོ་སྟོད་ན་ལ་རྒྱས་ཤིང་རྒྱོང་པ་དང་སྙིང་མི་དགའ་ལ་ཕན།
        ༢ མཁྲིགས་མཚམས་གྱེན་སོར་བཞི། ངུ་འདོད་སྙིང་མི་དགའ་ལ་ཕན།
        ༣ དཔུང་བའི་འབྲེལ་མཚམས། དཔུང་བ་ལག་པའི་རྐང(སྒང)ནས་ན་བ་ལ་ཕན།
        ༤ ཕྲག་གོང་འབྲེལ་མཚམས། ལག་པ་མི་ཐེག་པ་ལ་ཕན།
        ༥ མཐེབ་ཆེན་ཀྱོང་མོ། ལག་མགོ་ན་ན་ཕན།
        ༦ དཔུང་མགོ་གཉིས་ཀྱི་འབྲེལ་མཚམས་རྒྱབ། ལག་པ་མདུན་དུ་མ་འཁྱོག་པ་ལ་ཕན།
        ༧ གྲུ་མོའི་ཕྱི་ཀྱོང་། གྲུ་མོ་ན་ན་ཕན།
        ༨ སོར་མོའི་ནང་གི་འབྲེལ་མཚམས། སོར་མོ་ན་ན་ཕན།
        ༩ གཉའ་ཆུ་གཡས་གཡོན། སྨྱོ་ཞིང་འབོག་ན་ཕན།
        ༡༠ དཔུང་མགོ་ལུག་གཞུག་གི་མཚམས། སྨྱོ་ཞིང་འབོག་ན་ཕན།
        ཕོ་གསང་རིམ་དགུ།
        ༡ ལྷེན་གྱི་གསང་གསུམ། ལྷེན་ལྕགས་དྲེག་ལ་ཕན།
        ༢ སྐྲན་གྱི་གསང་གསུམ། ཕོ་སྐྲན་ལ་ཕན།
        ༣ མེ་མཉམ་གྱི་གསང་གསུམ། མ་ཞུ་མེ་ཉམས་ལ་ཕན།
        རྒྱུ་ལོང་གི་གསང་རིམ་དགུ།
        ༡ ལོང་ཕུག་གསང་། མ་ཞུ་ལོང་སྐྲན་སྦོ་འཁྲོག་དང་གྲང་བས་ཆུ་སེར་འཁྲུ་ཞིང་འབྱམས་པ་ལ་ཕན།
        ༢ རྒྱུ་སྟོད་གསང་། རྒྱུ་མའི་གྲང་རླུང་དང་སྦོ་འཁྲོག་བྱེད་ཅིང་འཁྲུ་བ། རྒྱུ་མའི་སྐྲན་དང་རྒྱུ་ནད་ལ་ཕན།
        ༣ རྒྱུ་སྨད་གསང་། རྒྱུ་མའི་གྲང་རླུང་དང་སྦོ་འཁྲོག་བྱེད་ཅིང་འཁྲུ་བ། རྒྱུ་མའི་སྐྲན་དང་རྒྱུ་ནད་ལ་ཕན།
        ལྒང་པའི་གསང་གཅིག
        སྤུ་མཚམས་གསང་། གྲང་བས་བསྐྱེད་པའི་ཆུ་ཁ་སྲ་སྙི་དང་། མཁལ་རྐེད་ན་བ་དང་ཕོ་ཡི་འབྲས་སྐྲངས་མོ་ཡི་རྔུལ་འབྱམས་ལ་ཕན།
        རྒྱབ་ཀྱི་དམིགས་དྲུག
        ༡ སོག་པའི་འདབ་གཉིས། རོ་སྟོད་ན་ཞིང་ཁེངས་པ་ལ་ཕན།
        ༢ རྩིབ་ཟུར་གསང་། རོ་སྟོད་ན་ཞིང་ཁེངས་པ་ལ་ཕན།
        ༣ རྩིབ་ཐུང་ཟུར་གསང་འོག་མ། ཁོག་པ་སྟོད་དང་ཕོ་མཆིན་རྩིབ་ལོགས་མཆིན་དྲིའི་ན་བ་ལ་ཕན།
        གསལ་བཤད། ཤད་བཅོས་བྱ་མི་རུང་ཞིང་ཤིན་ཏུ་འཛེམས་དགོས་པའི་གནས་ལ། མགུལ་བ། མཆན་ཁུང་། སྣེ་ཁུད་སོགས་རྨེན་ཆགས་སའི་གནས་དང་སྙིང་ག མཆིན་གནས་སོགས་ལ་འཛེམས་དགོས། དེ་ལས་གཞན་པགས་ནད་ཅན་གྱི་ནད་པ་དང་པགས་པའི་རིམས་འགོག་ཞན་པའི་མི་ལ་བརྟག་གཞིགས་བཏང་ནས་ཤད་བཅོས་བྱ་དགོས།
གསུམ་པ། ཟུར་བཀོད། རྡོ་རྗེ་དབྱུག་པའི་མན་ངག་གནམ་ལྕགས་ཐོག་མདའ།
        དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་རྡོ་རྗེ་དབྱུག་པའི་མན་ངག་གནམ་ལྕགས་ཐོག་མདའ་ལས། གསུམ་པ(གཉིས་པ)བརྡེག་རུང་བ་ལ་ནད་གནས་གཉིས། །དང་པོ་ནད་ནི་བད་རླུང་ལས་གྱུར་རིགས། །ནད་དམིགས་ཡོད་པ་ཀུན་དང་ཁྱད་པར་ནི། །མགོ་བོའི་གནས་ལ་འཕར་རྩ་ཕལ་ཡང་རུང་། །གཉིས་པ་བརྡེག་རུང་གནས་ཀྱི་གསང་ལ་ཡང་། །ནད་ཀྱི་བབས་གསང་ནད་པས་བཙལ་བ་དང་། །རང་བཞིན་གནས་གསང་སྨན་པས་བཙལ་བ་གཉིས། །དང་པོ་བབས་གསང་ནད་པས་ཤེས་པ་ནི། །ནད་དམིགས་གཟེར་ཡོད་མནན་ཚེ་ན་བ་དང་། །མནན་ན་ཕན་སྙམ་གྲང་ཤ་ཟ་བ་དང་། །གཟེར་དམིགས་མཐེབ་རྗེས་འོང་དང་བ་སྤུ་ལོག །ཤ་མདོག་འགྱུར་དང་ཁྱད་པར་སྐྱ་གསོབ་འཁྱག །ཟ་འཕྲུག་འབྲུམ་ཆུང་མང་བ་རྣམས་སུ་གདབ། །གཉིས་པ་རང་བཞིན་སྨན་པས་བཙལ་གསང་ལ། །མགོ་དང་ཡན་ལག་མདུན་རྒྱབ་སྒལ་སྨད་དྲུག །དང་པོ་མགོ་གསང་སྤྱི་བོའི་གཙུག་དེ་ནི། །དོན་སྙིང་ལྔ་སོགས་ནང་རྩ་ཐམས་ཅད་འདུས། །ཀླད་པའི་རྒྱ་ལ་རླུང་ཞུགས་འབོག་པ་དང་། །གཞུངས་ལ་རླུང་དང་ཆུ་སེར་ཞུགས་པ་ཡིས། །རྒུར་བོར་སོང་བ་སོགས་ལ་ཕན་པས་བརྡེག །ལྟག་པ་གཡས་པ་གློ་གསང་གཡོན་པ་ནི། །མཚེར་བའི་གསང་ཡིན་ལྟག་འབོར་མཁལ་མའི་གསང་། །དཔྲལ་བའི་ཟུར་གཉིས་མཆིན་གསང་དཔྲལ་དཀྱིལ་ནས། །ཚོན་གསུམ་གྱེན་དུ་བཅལ་བ་མཚོག་མའི་གསང་། །གཙུག་གི་གཡས་གཡོན་སོར་གཉིས(བཞི)ལག་གི་གསང་། །དེ་ཡི་སྔ་ཕྱི་སོར་བཞི་ཟུར་གསང་བཞི། །གཟེར་བཞི་ཞེས་གྲགས་དེ་དག་ཀུན་གྱིས་ནི། །མགོ་ནད་སྤྱི་དང་ཁྱད་པར་རང་ནད་སེལ། །སྨིན་མའི་མཚམས་ནས་སོར་བཞི་གྱེན་བཅལ་བའི། །གཡས་གཡོན་སོར་བཞི་རེ་བཅལ་གང་དམིགས་པའི། །རང་ཕྱོགས་ཟུག་ལྡང(ཟུང་རྡུང)སྣ་ཁྲག་འཛག་པ་གཅོད། །རླུང་གིས་རྣ་བ་འོན་ལ་རྣ་ལྟག་གི། མདུན་དུ་སྣུམ་བསྐུས་ཕྱི་ལ་དལ་བུས་བརྡེག །ལྕེ་མི་བདེ་ཞིང་དིག་པར་གྱུར་པ་ལ། །མཁུར་ཚོས་ངོས་ནས་རྣ་ཤལ་དུ་སོར་བཞི། །རྩེའུ་ཆུང་དང་རྣ་ཤལ་ནས་འཐེན་ཁ། །ལྟག་པའི་གདོང་ལ་བརྡེག་པས་མགོ་འཁོར་ནས། །འགྱེལ་དང་བུབ་པར་བྱེད་པ་དག་ལ་ཕན། །དེ་ཡི་གཡས་གཡོན་སོར་བཞིར་མི་རྩ་གནས། །དེ་ལ་མ་ཕོག་མ་འཁྲུགས་གཟེར་སར་གནང(གནད)། །ལྟག་ཁུང་ཀྱོང་མོ་བརྡུང་བས་མིག་ནད་སེལ། །མིག་གཉིས་ཕྱི་ཟུར་ཚོན་རེར་མིག་འགྲིབ་སེལ། །སྙིང་མི་དགའ་ན་སྐྲ་མཚམས་དབུས་སུ་བརྡུང་། །ལྟག་ཟུར་གཡས་གཡོན་སྤུ་འཁྱིལ་ལ་བསྣུན་པས། །མཇིང་བ་རེངས་དང་མིག་མི་བདེ་བ་སེལ། །དྲི་མི་ཚོར་ན་སྣ་ཡི་ཕྲུམ་ཕྲུམ་མཉེ། །སོ་འགྲམ་ན་ན་གང་ནའི་མུར་འགྲམ་དང་། །ཨོལ་སྒོའི་འཕར་རྩ་དལ་བུས་བརྡུང་ན་ཕན། །སྨྱོ་འབོག་སྙིང་ནད་མ་མཆུའི་སྤུ་འཁྱིལ་དང་། །འབྲེལ་མཚམས་དེ་དང་སྒྲོག་རུས་ནང་དུ་བསྣུན། །སྙིང་མི་དགའ་ཞིང་ཤེས་འཕྱོ་ཚིག་པ་ཟ། །དེ་ལ་དཔྲལ་དཀྱིལ་སྐྲ་ཡི་མཚམས་སུ་བསྣུན། །གླལ་མང་སྨྲ་དིག་ཨོལ་སྒོའི་ཟུར་ན་བརྡེག། རྟག་ཏུ་མཆུ་ན་མ་མཆུའི་གཤོང་མོ་བརྡུང་། །དང་ག་མི་བདེ་བ་དང་བུ་བཙས་རྗེས། །སྐྲངས་ལ་ཨོལ་ཁུང་གོང་ནས(ཨོལ་སྟོང་ཁུང་དུ)བརྡུང་བར་བྱ། །གྲེ་འགགས་མིད་པ་འཆུས་ལ་ཨོལ་མདུད་ནས། །འོག་ཏུ་ཚོན་གང་བཅལ་ལ་དལ་བུས་བརྡུང་། །གཉིད་སྔངས་སྣ་རྩེ་ཐད་ཀྱི་སྐྲ་མཚམསབརྡུང་། །ཡ་སོ་ན་ལ་མུར་གོང་ཕྱི་ཁུང་བརྡེག །ཁ་འཐམ་པ་ལ་སྣ་ཞོལ་གཡས་གཡོན་ནས། །འཕྲེད་ལ་ཚོན་གང་བཅལ་ས་བརྡུང་བས་ཕན། །རྣ་བ་ན་ན་དེ་མདུན་ཀྱོང་མོར་བརྡེག །དེ་ནི་མགོ་གསང་རྐྱང་བརྡེག་བཅུ་དྲུག་ཡིན། །ཟུང་ཡ་བགྲངས་ན་བརྡེག་དམིགས་བཞི་བཅུ་བདུན། །
        གཉིས་པ་ལག་པའི་གསང་ནི་འདི་ལྟ་སྟེ། །རོ་སྟོད་ན་ལ་རྒྱས་ཤིང་རྒྱོང་པ་དང་། །སྙིང་མི་དགའ་ལ་ཕྲག་གོང་གཉིས་ལ་བསྣུན། །ངུ་འདོད་སྙིང་མི་དགའ་ལ་ལག་མགོ་ཡི། །མཁྲིག་མཚམས་གྱེན་སོར་བཞི་ལ་བརྡེག་པར་བྱ། །དཔུང་བ་ལག་པའི་རྐང(སྒང)ནས་ན་བ་ལ། །འབྲེལ་མཚམས་ཕྱི་ནང་གང་ནར་བསྣུན་པས་ཕན། །ལག་པ་མི་ཐེག་ཕྲག་གོང་དཔུང་ལག་གི།  འབྲེལ་མཚམས་དག་ལ་བརྡེག་པར་བྱས་ན་ཕན། །ལག་མགོ་ན་ན་མཐེབ་ཆེན་ཀྱོང་མོར་བརྡུང་། །ལག་པ་མདུན་དུ་མ་འཁྱོག་དཔུང་མགོ་གཉིས། །འབྲེལ་མཚམས་རྒྱབ་ཕྱོགས་བརྡུངས་པས་ཕན་པར་འགྱུར། །གྲུ་མོ་ན་ན་ཕྱི་ཡི་རྐྱོང་མོ་བརྡུང་། །སོར་མོ་ན་ན་ནང་གི་འབྲེལ་མཚམས་བརྡུང་། །སྨྱོ་ཞིང་འབོག་ན་གཉའ་ཆུ་གཡས་གཡོན་དང་། །དཔུང་མགོ་ལུག་གཞུག་མཚམས་སུ་བརྡེག་པར་བྱ། །དེ་ལ་ལག་པའི་ཕན་གསང་བཅུ་ཞེས་འབོད། །ལག་པའི་བརྡུང་དམིགས་སུམ་ཅུ་ཐམ་པའོ། །
        གསུམ་པ་མདུན་གསང་ཨོལ་སྒོའི་ཏོང་ཏོང(སྟོང་སྟོང)སར། །སྲོག་རྩའི་མདུན་གསང་ཞེས་པ་དེ་བརྡུང་བས། །རླུང་གྱེན་ལོག་པས་སྙིང་འཆུས་སྒོ(གློ)དང་སྐྱུགས། །སྟོད་འཚངས་གྲེ་འགགས་མགྲིན་པ་མི་བདེར་ཕན། །སྒྲོག་རུས་ཕུག་གི་མཇིང་མཚམས་དབྱུག་རྩེ་ཡིས། །དལ་བུས་བསྣུན་པས་སྒྲོག་རུས་ཕུག་གསང་འདིས། །སྔངས་དང་དབུགས་འདྲེན་མི་ཤེས་སྒྲོག་རུས་གཟེར། །སྣ་ན་རྣ་འགགས་སོགས་ལ་ངེས་པར་ཕན། །སྒྲོག་རུས་སྟེང་འོག་རྩིབ་བར་བཞིར་བསྣུན་པས། །རོ་སྟོད་ན(དགྱེས)དང་སྙིང་མི་དགའ་ལ་ཕན། །ནུ་མའི་སྟེང་ནས་གྱེན་ཚོན་གང་གི་ཕྱིར(ས)། །སྙིང་གསང་སྒོར་མོ་ཞེས་བྱ་སྙིང་དང་ནི། །སྲོག་རྩ་འདོམས་པའི་མདུན་གསང་གོང་མ་དེར། །བརྡུང་བས་སེམས་ངལ་སྙིང་ཆུ་བསགས་ལ་ཕན། །ནུ་མའི་མདུན་ནས་བྲང་ངོས་ཚོན་གང་ན། །སྙིང་ལོག་བད་རླུང་ཆུ་སེར་རླུང་འཁྱིལ་ཕན། །སྙིང་གསང་ཕོར་གཡོན་མོ་ལ་གཡས་པ་གཙོ། །ནུ་ཐད་གཞུང་འཛོམས་དཀར་ནག་མཚམས་དབུས་ལ། །སྲིན་མཛུབ་གཡོན་ནས་བཟུང་བསྡམ་བསྣུན་པ་ན། །གདོན་གྱིས་བཏབ་པའི་ནད་ཀུན་འཇོམས་པར་ནུས། །དེ་ཡི་གཡས་གཡོན་ཚོན་རེ་བཅལ་བའི་སར། །གློ་སྙིང་འདོམས་པའི་གསང་ཡིན་དེར་བསྣུན་པས། །སྟེང་རླུང་སྐྲན་དང་ཆུ་སེར་ཞུགས་པ་སོགས། །གློ་སྙིང་བྲང་རླུང་ཆུ་སེར་རྒྱས་ལ་ཕན། །སྒྲོག་རུས་དཀྱིལ་ནས་རྩིབ་བུ་གསུམ་འདས་མཚམས། །གོ་ཆེན་གསང་ཡིན་དེ་ནས་རྩེ་སོར་བཞི། །མར་བཙལ་གོ་ཆུང་གསང་ཡིན་དེར་བརྡུང་བས། །སྟོད་དུ་ཆུ་སེར་ཞུགས་པའི་སྐྲན་ལ་ཕན། །མཆན་ཁུང་འཛུམ་ནས་སོར་བཞི་ཐུར་བཅལ་བས། །རྩིབ་མ་གསུམ་འདས་གོ་བར་འཛོལ་བུ་ཆུང་། །གློ་བའི་ནད་ལ་ཕན་པའི་བརྡུང་གསང་ཡིན། །ནུ་མ་གཡོན་ནས་ཚོན་དོ་ཐུར་བཅལ་བ། །མཚེར་བའི་མདུན་གསང་ཞེས་པ་མཚེར་ནད་སེལ། །ནུ་གཡས་འོག་ཏུ་ཚོན་དོ་རྩིབ་མཐའ་ནི། །མཆིན་པའི་མདུན་གསང་དེར་བསྣུན་མཆིན་ནད་སེལ། །ཕོ་གསང་རིམ་དགུ་ལྷེན་སྣའི་རྩེ་མངོན་ནས། །ཐུར་དུ་ཚོན་གསུམ་རེ་རེ་གཡས་གཡོན་དུ། །ཚོན་རེ་བཅལ་བའི་གཡས་གཡོན་བཅལ་ཁ་གསུམ། །གོང་མ་ཁ་གསུམ་ལྷེན་གྱི་གསང་གསུམ་ཡིན། །བར་གསུམ་སྐྲན་གསང་འོག་གསུམ་མེ་མཉམ་གསང་། །དེ་དག་གང་ན་བརྡུང་བས་ལྷེན་ལྕགས་དྲེག།  ཕོ་སྐྲན་མ་ཞུ་མེ་ཉམས་རིམ་པས་སེལ། །འོག་མས་སྦོས་འགྱིངས་ཕོ་ལྷོག་ནད་ལ་ཕན། །དེ་ཡང་ཕོ་བ་ཚ་ལོག་ཚ་འཁྱུག་གཟེར། །དེ་ལ་དབྱུག་སྤང་གྲང་ལོག་སྦོ་འཁྲོག་གྲང་། །སྟོད་བརྒྱང་ལག་པས་བརྡུང་ཚེ་དེང་དེང་སྒྲོགས། །དེ་སྟེང་སྐེད་ཉག་དྲོད་མེད་གྲང་བར་བརྡེག། ལྟེ་བའི་གཡས་གཡོན་ཚོན་རེ་ལོང་ཕུག་གསང་། །དེར་བསྣུན་མ་ཞུ་ལོང་སྐྲན་སྦོ་འཁྲོག་དང་། །གྲང་བས་ཆུ་སེར་འཁྲུ་འབྱམས་པ་ལ་ཕན། །ལྟེ་འོག་ཚོན་གང་ཁ་གསུམ་རྒྱུ་སྟོད་གསང་། །དེ་འོག་ཚོན་གང་ཁ་གསུམ་རྒྱུ་སྨད་གསང་། །གང་ནར་བཏབ་པས་རྒྱུ་མའི་གྲང་རླུང་གིས། །སྦོ་འཁྲོག་འཁྲུ་དང་རྒྱུ་མའི་མཆིན(མཁྲིས)སྐྲན་དང་། །སྲིན་ལག་ལ་སོགས་གཉན་མེད་རྒྱུ་ནད་སེལ། །དེ་འོག་ཚོན་གང་ཁ་གསུམ་སྤུ་མཚམས་ནི། །ལྒང་པའི་གསང་བརྡུང་གྲང་བས་བསྐྱེད་པ་ཡི། །ཆུ་ཁ་སྲ་སྙི་མཁལ་སྙིང(རྐེད)ན་བ་དང་། །ཕོ་ཡི་འབྲས་སྐྲངས་མོ་ཡི་རྡུལ་འབྱམས་སེལ། །རྩ་ཆུ་བསྡམ་དང་དབང་མེད་འཆོར་བ་དང་། །བུད་མེད་བུ་ཡི་ནད་ཀྱིས་འཆིར་ཐུག་ན། །སྒང་གསང་གསུམ་དང་བཤུལ་ཤའི་གསང་གཅིག་དང་། །སྨད་ཀྱི་དྲུག་མདོ་རྣམས་ལ་བརྡུང་བས་ཕན། །ཡང་ན་བཤང་གཅིས་མཚན་དཔྲག་བར་ལ་བསྣུན། །གཡས་གཡོན་དཔྱི་ཡི་ཁ་གཟར་ཟུར་གཉིས་ནས། །རྒྱུ་ཞབས་ཐུར(ཐེར)དུ་ཐག(ཆག)གང་བཅལ་བའི་ཁར། །སྨད་ཀྱི་དབྱེ་གསང་གཉིས་ཡིན་གྲང་བ་ཡིས། །ཆུ་ཁ་སྲ་སྙི་རླིག་སྐྲངས་ས་བོན་འཛག། བུད་མེད་ཟླ་མཚན་ཆུ་སེར་འབྱམས་རྣམས་སེལ། །བསྡོམས་པས་ཉེར་གསུམ་གདབ་གསང་ང་གཉིས་ཡིན། །
        བཞི་བ་རྒྱབ་གསང་སོག་པའི་འདབ་གཉིས་ན། །བྱང་ཁོག་སྟོད་ཀྱི་གསང་ཆེན་གཉིས་ཡོད་པས། །དེ་ཐད་ཕྱི་ཡི་རྩིབ་ཟུར་ཟུར་གསང་སྟེ། །དེ་དག་བརྡུང་བས་རོ་སྟོད་ན་ཁེངས་སེལ། །རྣ་ཤལ་གུང་མཛུབ་ཀྱིས་བཟུང་གྲུ་མོ་ཡིས། །གར་སླེབས་ཕྱི་རྒྱབ་ངོས་ཀྱི་རྩིབ་ཐུང་ཟུར། །ཟུར་གསང་འོག་མ་ཞེས་བྱ་བྱང་ཁོག་སྟོད། །སྤྱི་དང་ཕོ་མཆིན་རྩིབ་ལོགས་མཆིན་དྲིའི་ནད། །གང་བརྡུང་གཡས་གཡོན་སྟོད་སྨད་ཕྱོགས་མཐུན་ཕན། །རྒྱབ་ཀྱི་སྟོད་གསང་སྤྱི་གསུམ་དམིགས་དྲུག་ཡིན། །
ལྔ་བ་སྒལ་བའི་གསང་ཞེས་རྒྱབ་གཞུང་གི །ཚིགས་སྲོང་ལག་པ(ཚིགས་ལས་མ་ལེ)བྲང་སྦྱར་མགོ་བཀུག་ཚེ། །གཉའ་གོང་འབུར་ཆེན་ཚིགས་པ་ཨན་སྟོང་ཞེས། །ཚིགས་པ་དང་པོ་རླུང་གི་གསང་ཡིན་པས། །སྣུམ་བྱུག་བསྲོས་ལ་བརྡུང་བས་རླུང་འབོག(ལོག)དང་། །འཕྱོ་འདར་ཁ་ལྕེ་མཆུ་སྐམ་དབུགས་མི་བདེ། །དང་ག་འགགས་དང་གཡས་གཡོན་ཕྲག་གོང་གཟེར། །སྐད་འགགས་པ་དང་ལག་པས་འདེགས་མི་ཤེས། །ཤེད་ཆུང་ལྕི་འཐིབ་གློ་མང་ལུ་བ་དང་། །ཟི་ཐོམ་སྐྱུགས་པ་སོགས་ལ་ཕན་པ་ཡིན། །གཉིས་པ་རླུང་མཁྲིས་འདྲེས་གསང་གྲང་མཁྲིས་དང་། །མིག་སེར་རླུང་ཁྲག་འདྲེས་པའི་ནད་ལ་ཕན། །གསུམ་པ་བད་ཀན་གསང་ཡིན་སྐད་འཛེར་དང་། །སྐྱུགས་དང་མགུལ་ལྦ་ཟས་མི་ཞིམ་པ་དང་། །མགོ་དང་གློ་སྙིང་སྟོད་ལ་བད་རྒྱས་སེལ། །བཞི་བ་གློ་བུའི་གསང་ཡིན་སྟོད་འཚང་དང་། །བད་ཀན་སྟོད་དུ་རྒྱས་པའི་སྟོད་གཟེར་དང་། །ལུད་པ་སྔོ་ནག་འབྱིན་དང་གློ་བ་ལ། །བད་ཀན་ཞུགས་པ་རྣམས་ལ་མཆོག་ཏུ་ཕན། །ལྔ་བ་གློ་བ་མ་ལྔའི་གསང་ཡིན་ཏེ། །མཁྲིས་པ་གློར་ཞུགས་ལུད་པ་སེར་བ་དང་། །ལུད་པ་རྣག་འོང་བྲང་རྒྱབ་འབྱར་སྙམ་བྱེད། །གློ་སྐམ་རླུང་ལུ་ཆུ་སེར་རྒྱས་རྣམས་སེལ། །དྲུག་པ་སྲོག་རྩའི་གསང་ཡིན་སྙིང་ག་འཚང་། །སྔངས་ཤིང་དབུགས་མི་བདེ་དང་སྲོག་རླུང་དང་། །རླུང་གིས་སྒུར་སོགས་ལུས་སྟོད་ནད་ལ་ཕན། །བདུན་པ་སྙིང་གི་གསང་ཡིན་སྲོག་འཛིན་དུ(རླུང)། །ལོག་པས་སྙིང་རླུང་དབུགས་འཐུམ་སྨྱོ་འབོག་བརྒྱལ། །སྔངས་སྐྲག་བརྗེད་ངས་འཕྱོ(རེངས)རྣམས་ལ་ཕན། །བརྒྱད་པ་མཆིན་དྲིའི་གསང་ཡིན་གློ་འགྲམས་དང་། །རྩིབ་ལོགས་གཟེར་དང་མཆིན་དྲིར་བད་ཁྲག་རྒྱས(ཆགས)། །ལུས་འགྱུར་མི་ཤེས་ཚིགས་པ་དགྱེ་སྒུར་ཟུག །ཏོང(སྟོང)སྒྲ་འོང་ཞིང་སྐྱུགས་དང་མཆིན་ནད་དང་། །རབ་རིབ་མིག་མི་གསལ་ལ་ཕན་པ་ཡིན། །དགུ་བ་མཆིན་པའི་གསང་ཡིན་མཆིན་པ་ན། །མཆིན་ཁྲག་རྒྱས(མཆིན་རྒྱས་འཕར)དང་མཆིན་པ་སྟོང་རྡེབ་དང་། །མཆིན་ཆུ་སྐྱུགས་དང་མིག་ལ་རབ་རིབ་འོང་། །མཆིན་རྒུད་མཆིན་སྐྲན་བད་རླུང་ཞུགས་པ་ཡིས། །རྒྱང་མིག་མི་མཐོང་བ་དང་འགྲིབ་པ་དང་། །བད་མཆིན་ཆུ་སྐྱུར་སྐྱུགས་དང་མཆིན་པའི་རྩ། །སྦུབས་སུ་ཆང་མ་ཞུ་བར་ལུས་པ་ཡིས། །དམུ་ཆུར་སོང་དང་བད་རླུང་ཟས་མི་འཇུ། །ཤ་དང་གསུས་པ་རྒྱས་དང་སྲིན་ལོག་སེལ། །འདི་ནི་ཁྲག་གི་མཛོད་ཅེས་ཤིན་ཏུ་གཉན། །བཅུ་བ་མཁྲིས་པའི་གསང་ཡིན་ཕོ་བ་ལ། །མཁྲིས་ལུད་ཁ་ཁ་མཁྲིས་པ་སྐྱུགས་པ་དང་། །མཁྲིས་སྐྲན་འཁྲུ་འབྱམས་ཟ་མར་ཡི་ག་འགགས། །དེ་ཀུན་ལ་ཕན་ཕལ་ཆེར་འགའ་ཞིག་ཏུ། །མཁྲིས་གསང་བརྡུང་བརྡེག་མི་རུང་གཉན་ཞེས་བཤད། །བཅུ་གཅིག་མཚེར་བའི་གསང་ཡིན་གཡོན་ལོགས་གཟེར། །རྩ་ཆུ་བསྡམས་དང་སྦྲིད་པ་འགགས་པ་དང་། །སྦོ་ཞིང་འུར་སྒྲ་འདོན་ལ་འཁྲོག་པ་དང་། །མཆུ་ལ་བད་ཀན་ཆགས་དང་མིག(མཆུ)སྐྲངས་པ། །ཕོ་མཚེར་གཅིག་ཏུ་འབྲེལ་ནས་ན་བ་དང་། །གདོང་ལ་ཁྱེ་མ་འོང་དང་རླུང་ཆུ་སེལ། །བཅུ་གཉིས་ཕོ་གསང་ལྷེན་དང་མེ་དྲོད་ཉམས། །མ་ཞུ་བད་རླུང་སྐྲན་དང་སྐྱུགས་ནད་དང་། །འཁྲོག་ཅིང་ཟོས་འཕྲལ་སྦྱོངས་པ་རྣམས་ལ་ཕན། །བཅུ་གསུམ་དོན་སྣོད་སྤྱི་གསང་ལ་བསྣུན་པས། །ཁུ་ཁྲག་འཛག་དང་གྲང་རླུང་དམུ་ཆུ་འཁྲུ། །མངལ་སྐྲན་སམས་འཕྱོ་སྣོད་ནད་སྤྱི་ལ་ཕན།།འདི་ལ་རིན་ཆེན་དབྱིབས(དབྱིག)ཆགས་བྱ་བ་སྟེ། །དོན་སྣོད་སྤྱི་ཞབས་ནད་རྣམས་འདྲེན་གསང་ཡིན།།བཅུ་བཞི་མཁལ་གསང་མཁལ་རྐེད་ན་བ་ཡིས། །སྒུར་པོར་སོང་དང་གོམ་འདེགས་མི་ཤེས་པ། །ཚིགས་པ་ཕྱི་ནང་འགྱུར་ཞིང་འབུར་བ་དང་། །དཀར་དམར་ཁམས་མི་བརྟན་པས་འཆོར་བ་སེལ། །དེ་ཡི་གཡས་གཡོན་ཚོན་རེར་མཁལ་མའི་རྩ། །ན་གུ་བྱ་བ་ཡོད་དེར་བསྣུན་པས་ན། །སྣང་བ་སྣ་ཚོགས་འཆར་དང་འཇིགས་སྐྲག་སྐྱེ། །མཁལ་མ་གྲང་འཁྱག་ནད་ལ་ཕན་པ་ཡིན། །དེ་འོག་ཚོན་གང་ས་ན་མཁལ་འབྲས་གནས། །དེར་བརྡེག་མི་རུང་དེ་འོག་ཚོན་གང་ན། །མཁལ་མའི་ཚིལ་ཡོད་མཁལ་མའི་གྲང་རླུང་སེལ། །བཅོ་ལྔ་བསམ་སེའུ་ཐིག་ལེ་དཀར་དམར་གསང་། །ཤིན་ཏུ་གཉན་ཡང་དལ་བུས་དྲུད(བྲུད)བསྣུན་པས། །གྲང་རླུང་ཞུགས་དང་ཕོ་མཁལ(ཁར)སྲིན་ཞུགས་སེལ། །ཁ་ཅིག་གཉན་པས་བརྡུང་མི་རུང་ཞེས་གསུངས། །བཅུ་དྲུག་ལོང་གསང་འུར་འཁྲོག་རྩམ་པ་དང་། ལྗང་སེར་འཁྲུ་བའི་ནད་ལ་ཕན་པས་བརྡུང་། །བཅུ་བདུན་རྒྱུ་གསང་འཁྲོག་ཅིང་བེ་སྣབས་འཁྲུ། །རྒྱུ་སྲིན་དང་བཅས་འཁྲུ་དང་ལྟེ་བ་ལོང(མན)། །ན་བའི་བད་མཁྲིས་གྲང་རླུང་ཀུན་ལ་ཕན། །བཅོ་བརྒྱད་ལྒང་གསང་དྲི་ཆུ་སྲི་བ་དང་། །ཡང་ན་མི་ཐུབ་ལྒང་བའི་ནད་རྣམས་སེལ། །བཅུ་དགུ་གྲང་གསང་ཆུ་ནད་ས་བོན་འཛག །གྲང་བས་འཁྲུ་ནད་མ་ལུས་སེལ་བར་བྱེད། །ཉི་ཤུ་ཐུར་སེལ་རླུང་གི་སྒོ་གསང་སྟེ། །འོག་རླུང་སྡོམ་དང་མི་ཐུབ་སྐྱེས་པ་ཡི། །ས་བོན་དྲོད་ཆུང་བུ་ཚ་མི་ཆགས་དང་། །བུད་མེད་ཟླ་མཚན་དུས་མིན་འཛག་གམ་བསྡམ། །ཕྱེན་མི་ཐུབ་པ་རྣམས་ལ་མཆོག་ཏུ་ཕན། །ཐུར་སེལ་ལོག་པས་དྲི་ཆུ་བསྡམས་པ་དང་། །ཐིག་ལེ་ཟགས་ཤིང་མཁལ་རྐེད་ན་བ་ལ། །མཁལ་འབྲས་སྟེང་ནས་ཕྱིར་ལ་སོར་བཞི་ན། །མཁལ་མའི་བྱ་འདབ་འདི་དང་གྲུ་མོ་ཡིས། །སླེབས་པའི་བཤུལ་ཤའི་གསང་བརྡུང་ཕན་ཞེས་ཐོས། །ཉེར་གཅིག་འཁྲུ་འཁྲོག་མཇུག་སྲིན་ཟ་བ་སེལ། །ཉེར་གཉིས་འབྲུམ་ནག་ནད་ཀྱིས་བཟུང་བར་ཕན། །ཉེར་གསུམ་ཕོ་མོའི་མཚན་མ་ལུག་པ་དང་། །སྐྱེས་པའི་འབྲས་བུ་ཁུང་དུ་བྲོས་པ་དང་། །ཐུར་སེལ་གྱེན་ལོག་རླུང་ནད(འོག་རླུང)སྟོད་འཚང་སེལ། །ཉེར་བཞི་མཇུག་ཏོ་ཏོག་ཏོག་ལ་རྒྱབ་ན། །དབུགས་འཁྱིལ་མི་བསྡོམ་ཐིག་ལེ་འཁྱིལ་བ་སེལ། །ལར་ནི་སྒལ་ཚིགས་ཉི་ཤུ་བརྒྱད་ཟེར་བ། །ཨན་སྟོང་དང་པོ་ཡན་གྱི་སྐེ་དངོས(ངོས)ལ། །རུས་པའི་འཕང་ལོ་བཞི་ཡོད་དེ་རྣམས་དང་། །ལར(མར)གྱི་ཉི་ཤུ་མན་ནས་མཇུག་ཏོ་ཡི། །ཏོག་རྩེ་ཡན་གྱི་ཚིགས་པ་བརྒྱད་པ་དེར། །ཕུན་རེ་བཤད་ཀྱང་ཚེ་རྟགས་བླ་གནས་ཀྱི། །ཚེ་ཡི་སྲོག་རྩ་ནག་པོ་དང་འགྲོགས་པས། །ཁེ་ལས་ཉེས་ཚེ་བརྡུང་པར་སུ་ཡིས་ནུས། །ཨན་སྟོང་ཉག་ལ་རྒྱབ་ན་གཉིད་ཡེར་སེལ། །རྒྱབ་ཚིགས་ཉེར་བཞི་ཟུར་བཅས་ཉེར་དགུའོ། །
        དྲུག་པ་སྨད་ཀྱི་བརྡུང་གསང་བསྟན་པ་ནི། །བཅུ་དྲུག་མདོར་བསྣུན་རླུང་ཚད་རིགས་ལ་ཕན། །དཔྱི་མིག་སྟེང་ནས་གྱེན་ཚོན་རིང(རེར)བསྣུན་པས། །མཁལ་སྐེད་སྨད་གྲང་བརླ་ཟུར་ཆུ་སེར་འབམ། །རྐང་པ་བཤལ་བ་རྣམས་ལ་མཆོག་ཏུ་ཕན། །བརླ་ཡི(དཔྱི)འབྲེལ་མཚམས་དཔྱི་མིག་ལ་གཏད་ནས། །ལུས་བསྲིང་སོར་མོ་བསྐུམ་ནས་ལག་བརྐྱངས་པས། །གར་སླེབས་མཚམས་བརྡུང་རྐང་པ་ན་བཤལ་དང་། །ཆུ་སེར་ཞུགས་དང་འདེགས་བྱེད་རྩ་དཀར་སེལ། །པུས་མོའི་ལྷ་ངར་བྱོལ་བའི་མཐའ་བསྐོར་དང་། །རྗེ་ངར་གདོང་ཟུར་བྱ་རོག་མིག་བརྡུང་བས། །རྐང་ནད་ཆུ་སེར་ཞུགས་ལ་ཕན་པར་བཤད།།སྒྱིད་ཁུང་བརྡུང་བས་བྱིན་པ་འཁུམས་ལ་ཕན། །ངར་གདོང་ཚིགས་འབྲེལ་མཚམས་བསྣུན་ཆུ་རྒྱུས་ན། །ཆུ་སེར་ཞུགས་སོགས་རྩ་ཡི་ནད་ཀུན་སེལ། །ལོང་མོའི་རུས་མགོ་གཉིས་བརྡུང་རྒྱ་ཚིགས་ལ། །ཆུ་སེར་ཞུགས་པ་ལ་ཕན་བོལ་གོང་གི། ཀྱོང་གཉིས་སོར་མོའི་འབྲེལ་མཚམས་ཀྱོང་མོར་བསྣུན། །བོལ་སོགས་རྐང་མགོ་ན་བ་རྣམས་ལ་ཕན། །མཐེབ་ཆེན་སྤུ་སྐྱེས་བརྡུངས་པས་སྙིང་རླུང་སེལ། །བོལ་ཕྲག་གོང་དང་ཕྱི་ཟུར་ལོང་འབུར་ཚིགས། །བརྡུངས་པས་དྲེག་གི་ནད་ལ་ཕན་པ་ཡིན། །རྒྱུ་མ་ཁུག་བརྡུང་བརླ་རེངས་སྟོད་འཚངས་སེལ། །སྙིང་གཟེར་མོ་ནད་དག་ལ་ཕན་པ་ཡིན། །དེ་ལྟར་སྨད་གསང་ཉི་ཤུ་རྩ་ལྔའོ། །
        མགོ་སོགས་ས་དཔྱད་དྲུག་གི་གསང་དམིགས་ནི། །བརྡུང་དམིགས་བརྒྱ་དང་གྱ་དགུ་བསྟན་ཟིན་མོད། །དམིགས་བསལ་དེ་དག་རྣམས་ལ་མ་ལྟོས་པར། །རྩ་མཁྲིས(འཁྲོས)རླུང་མཁྲིས(འཁྲོས)གར་འཁྲོས་དེ་རུ་བརྡེག། གཞན་ནི་དམིགས་ཀྱི་གསང་རྣམས་བརྡུང་བའི་ཚེ། །ཟུར་ལོག་འཆོར་དང་ཉེས་པ་འབྱུང་བ་མང་། །ཁྱད་པར་མྱ་ངན་རྩ་གསུམ་བརྡུང་མི་རུང་། །དེ་ཡང་ཉམ་ངའི་རྩ་ནི་མཁལ་མར་གནས། །བརྡུང་ན་རླུང་དང་སེམས་འཁྲུགས་ཉམ་ང་འབྱུང་། །མྱ་ངན་རྩ་ནི་རྐང་མཐིལ་གཉིས་ལ་ཡོད། །དེར་བསྣུན་རླུང་སེམས་འདུས་ནས་མྱ་ངན་འབྱུང་། །འདྲེ་རྩ་ལག་པའི་མཐེ་བོང་གཉིས་དང་ནི། །སྲིན་ལག་གཉིས་ལ་ཡོད་དེ་བརྡུང་པས་ན། །རླུང་སེམས་འདུས་ནས་མྱ་ངན་ཉོན་མོངས་ནོན། །འདྲེ་གདོན་ཀུན་ལྡང་གནོད་པ་ཚབས་ཆེན་འབྱུང་། །དེ་ཕྱིར་དེ་འདྲའི་ཉེན་ལ་མ་བསྡོ་བར། །འཚབ་འཚུབ་འཆལ་འཆོལ་ཐོ་ཅོ་མེད་པ་ཡིས། །གསང་ལ་ཚེར་མ་ཟུག་པ་འདོན་བཞིན་བསྣུན། །གཉན་པའི་གནད་ལ་མིག་འབྲས་བཞིན་དུ་འཛེམ།།ཞེས་གསུངས་སོ། །
བཞི་བ། ཏིལ་ནག་གི་མར་བྱུག་པའི་ཐབས་དང་ཕན་ཡོན།
        དེ་ཡང་ཤད་བཅོས་ཀྱི་སྔོན་དུ་འབྲུ་མར་ཐམས་ཅད་ལས་མཆོག་ཏུ་གྱུར་བའི་ཏིལ་ནག་གི་མར་གང་ལ་ཤད་སའི་གནས་དེར་བྱུག་པར་བྱ། ཏིལ་མར་གྱི་ནུས་པས་རླུང་ནད་འཇོམས། ལུས་སྟོབས་དང་མེ་དྲོད་སྐྱེད། བཤང་བ་འགག་པ་འབྱིན། རོ་ཙ་ཁུ་བ་འཕེལ་ཞིང་དྲན་པ་གསལ། པགས་པ་འཇམ་ཞིང་སྐྲ་དང་སྨ་ར་སྨིན་མ་སྐྱེ། སྐྲ་དཀར་སྐྱེས་པ་འགོག་པའི་ཡོན་ཏན་ཡོད་པ་མ་ཟད། ལྟེ་ཁུང་དུ་མཛུབ་མགོ་ཐིག་པ་གཅིག་གཉིས་ཙམ་བརྐུས་ཤིང་ལྟོ་བ་ཡོངས་ལ་སྣུམ་ཤིག་གེར་བྱུགས་རྗེས་ཤད་ན་ཚིལ་གྱི་ཕུང་བོ་ཞི་ཞིང་། ལྟོ་ལྡིར་བ་ནང་དུ་བསྐུམ་པ། ཤ་གནག་རྒྱས་ཤིང་གྲོད་ཤ་གྲིམས་པར་འགྱུར་བ་སོགས་མྱོང་གྲུབ་ཡིན།
དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་རྡོ་རྗེ་དབྱུག་པའི་མན་ངག་གནམ་ལྕགས་ཐོག་མདའ་ལས། སྙིང་རླུང་སྨྱོ་འབོག་གདོན་གསར་སེམས་འཕྱོ་འཇོམས། །ལྷེན་དང་ལྕགས་དྲེག་མེ་དྲོད་ཉམས་པ་གསོ། །མ་ཞུ་བད་ཀན་གྲང་བའི་སྐྲན་འབྲས་བཤིག །ཤ་རུས་རྩ་ལྤགས་ཚིགས་ནད་སོ་སོར་འབྱིན། །མགོ་དང་ཡན་ལག་ཁྲག་ངན་ཆུ་སེར་འདོན། །ལས་རླུང་ལོག་པའི་རྩ་ནད་རླུང་ལོག་སྐྲན། །རྩ་འབྲུམ་འཆུས་པའི་རླུང་འཐུམ་བགེགས(འགགས)ནད་སེལ། །བྱེ་བྲག་དམིགས་གནས་རང་རང་སྐབས་སུ་གསལ། །གཏར་བསྲེག་འཕང་དང་བརྡེག་པའི་དཔྱད་བཞི་ལས། །འདི་ཉིད་བྱ་སླ་ཉེན་ཆུང་ཕན་ཡོན་ཆེ། །ཞེས་པ་འདི་དབྱུག་བཅོས་ཀྱི་སྐབས་སུ་གསུངས་བའི་ཕན་ཡོན་ཡིན་ནའང་ཙན་དན་ཤད་བཅོས་དང་རྡོ་རྗེ་དབྱུག་བཅོས། ཐུར་བཅོས། མེ་བཅོས་སོགས་གང་གི་སྐབས་སུ་སྦྱར་ཀྱང་གསང་དམིགས་ཕལ་ཆེར་མི་འཁྲུགས་པར་མཐུན་ཆེས་པས་སྐབས་འདིར་སྦྱར་ནའང་མི་རུང་བ་མེད་པར་བསམ།
        ཤད་བྱེད་ཀྱི་དབྱུག་པ། རྒྱུ་ཙན་དན་དཀར་དམར་ཁྲ་གསུམ་དང་ཤུག་པ། སེང་ལྡང་། སྦ་ཤིང་སོགས་ལས་བྱས་པའི་དབྱིབས་ཟུར་གསུམ་ཅན་ལ། ངོས་གཅིག་ཟླ་བའི་དབྱིབས་ཀྱི་ཟོར་ཁ་ཕྱི་ལ་འཁོར་ཡོད་པ། ནད་གཞི་ཚ་བ་འཇོམས་པའི་རྟེན་འབྲེལ་ཚང་བ། ངོས་གཅིག་ཉི་མའི་དབྱིབས་ཀྱི་ལྟོ་བ་ཕྱི་ལ་འཁོར་ཡོད་པ། ནད་གཞི་གྲང་བ་འཇོམས་པའི་རྟེན་འབྲེལ་ཚང་བ། ངོས་གཅིག་ཆུ་སྲིན་གྱི་མཆེ་བ་ལྟ་བུའི་སོ་ཁ་ཕྱི་ལ་འཁོར་ཡོད་པ། ནད་རིགས་ཚ་གྲང་ཐུན་མོང་གི་ནད་བདག་གཞོམ་པའི་རྟེན་འབྲེལ་ཚང་བ། ལུས་ཀྱི་ངོས་གང་ལ་གང་འཚམ་གྱིས་འཕུར་མཉེ་བྱུག་གསུམ་བྱེད་པར་སྟབས་བདེ་ཞིང་འཕྲོད་པ།  རབ་ཡིན་ན་དེང་སང་སྨན་ཆས་བཟོ་གྲྭ་སོགས་ནས་བཟོས་པའི་ཤིང་རིགས་ཀྱི་གཅིག་སྤྱོད(一次性)ཤད་ཆས་ཡིན་ན་དུག་སེལ་གཙང་མ་ཡོང་མིན་སོགས་ལ་བསམ་བློ་གཏོང་མི་དགོས་པས་ཧ་ཅང་ཡག་སྙམ།
        ཤད་ཐབས། པགས་པ་སྲབ་སར་ཡང་ཞིང་ཁད་སྙོམས་པ། ཤ་ཀོ་མཐུག་སར་གཟུགས་གཞིའི་དབྱིབས་དང་སྦྱར་ནས་དང་པོ་ཡང་ཞིང་འཇམ་པ། དེ་ནས་ནད་པའི་བཟོད་ནུས་པ་ཙམ། རིམ་བཞིན་དབུགས་ཀྱི་འབྱིན་སྡོམ་དང་སྦྱར་ནས་གནད་ཕུག་ཙམ་གྱིས་ཤད་པར་བྱ།
        ཕན་ནུས། ཙན་དན་དམར་པོ། ཁྲག་གི་ཚད་པ་སེལ། ཁྲག་རྒྱས་པ་དང་། ཁྲག་ཤེད་མཐོ་བ། ཁྲག་རླུང་འཐབ་པ་སོགས་ལ་ཕན། ལྡེ་གུ་བྱུགས་པས་ཡན་ལག་སྐྲངས་པ་འཇོམས། ཙན་དན་དཀར་པོ། གློ་དང་སྙིང་ལ་ཞུགས་པའི་ཚད་པ་དང་འཁྲུགས་ཚད་སེལ་ཞིང་སྟོངས་ཚད་ལའང་ཕན། ལུས་ལ་བྱུག་ན་ཤ་པགས་ཀྱི་ཚད་པ་འཇོམས། དྲི་ཡིས་དབང་པོ་གསལ་ཞིང་བྱིང་རྨུག་ལྕི་འཐིབ་སེལ། སེང་ལྡེང་། ཁྲག་ངན་ཆུ་སེར་སྐེམ་ཞིང་ལྷག་ཏུ་མཛེ་ནད་ལ་མཆོག་ཏུ་ཕན། ལུས་རྩུབ་པ། ཁྲག་དང་ཁུ་བ་ཟད། སྟོབས་ཆུང་ཞིང་རྒས་པ། མྱ་ངན་སེམས་ལས་ཆེ་བ། མིག་འགྲིབ་པ། གཉིད་མེད་པ། རྩོལ་བས་དུབ་པ་དང་རླུང་ནད་ཀུན་ལ་ཕན།
        ཞེས་པའི་ཟིན་བྲིས་འདི་ཡང་ལོ་ངོ་དུ་མར་རང་ཉིད་ཀྱིས་རང་སྟེང་ལ་དཔེ་བླངས་ཤིང་ཉམས་སུ་སྤྱད་པས་ཚིགས་མིག་ན་བ་དང་ཤ་གྲིམ་གྱི་ནུས་པ་ཞན་འགྱུར། རྩ་དང་ཆུ་རྒྱུས་འཁུམས་པའི་རིགས་ལ་ཕན་ཐོགས་ཤིང་། ནད་པ་རེ་གཉིས་ལ་ནད་བཅོས་དང་ཁམས་གསོ། ཚོ་བྱང་སོགས་སུ་སྤྱོད་དུ་བཅུག་པའི་ཕན་འབྲས་ཙམ་ཚང་མར་མཉམ་སྤྱོད་ཀྱི་ཚུལ་དུ་བྲིས་པ་དགེ་བར་གྱུར་ཅིག །

(རྩོམ་འདིའི་བར་བཅུག་རི་མོ་སྐོར་ཞིག་ཤེས་རམས་ཞིབ་འཇུག་སློབ་མ་བསོད་ནམས་རང་གྲུབ་དང་མཉམ་དུ་བཟོས་པ་ཡིན་པས་ཆེད་དུ་ཁོ་ལ་བཀའ་དྲིན་ཆེ་ཞུའོ། །)
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།