སློབ་མ་དཀའ་ངལ་ཅན་དང་ཕུལ་བྱུང་ཅན་ལ་རོགས་དངུལ་གནང་བའི་སྲིད་ཇུས།

རྩོམ་པ་པོ།: ཡོང་ཁུངས།:ཉིན་རེའི་གངས་ལྗོངས། དུས་ཚོད།:2022-07-06 17:58:17 ཀློག་གྲངས།:
        རང་ཞིང་གིས་སློབ་མ་དཀའ་ངལ་ཅན་ལ་རོགས་དངུལ་དང་ཕུལ་བྱུང་སློབ་མར་བྱ་དགའ་གནང་བའི་སྲིད་ཇུས་ཁྱབ་སྒྲོག་བྱས།
        འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་རྒྱུགས་གཉིས་བླངས་པའི་བབ་དང་བསྟུན་ནས་རང་ཞིང་གི2022ལོའི་འབྲིང་རིམ་དང་མཐོ་རིམ་མཐར་ཕྱིན་སློབ་མ་རྣམས་ཀྱང་མཐོ་འབྲིང་དཀྱུས་མ་དང་། འབྲིང་རིམ་ལས་རིགས་སློབ་གྲྭ། ཡང་ན་སློབ་གྲྭ་ཆེན་མོ་སོགས་སུ་འགྲིམ་དགོས་པས། རྒྱ་ཆེའི་སློབ་གསར་དང་དེའི་ཁྱིམ་བདག་རྣམས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སློབ་དངུལ་གྱི་རོགས་རམ་སྲིད་ཇུས་ལ་རྒྱུས་ལོན་གསལ་བོ་འཇུག་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་སློབ་མའི་ལས་དོན་ཞབས་ཞུ་ལྟེ་གནས་དང་ས་གནས། སློབ་གྲྭ་ཁག་གི་སློབ་མ་རྣམས་ཀྱི་མ་དངུལ་རོགས་སྐྱོར་དོ་དམ་སྡེ་ཚན་བཅས་ཀྱིས་སློབ་དངུལ་རོགས་རིམ་གྱི་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་ཆབས་ཅིག སློབ་དངུལ་རོགས་རམ་གྱི་སྲིད་ཇུས་རྩད་འདྲི་དང་ཞུ་གཏུག་བྱ་ཡུལ་ཁ་པར་བཀོད་སྒྲིག་བྱས་ཡོད་པས། དོགས་གཞི་དང་རྩད་འདྲི་བྱེད་མཁན་གྱི་སློབ་མ་དང་ཁྱིམ་བདག་གིས་ཁ་པར་འབྲེལ་ནས་རྒྱུས་ལོན་བྱེད་ཆོག་པ་ཡིན།
སློབ་འབྲིང་གི་རྒྱུགས་འཕྲོད་པའི་མཐར་ཕྱིན་སློབ་མའི་སློབ་དངུལ་རོགས་རམ་གྱི་སྲིད་ཇུས་སྐོར།
        1. གལ་ཏེ་སློབ་མ་རང་ནས་མཐོ་འབྲིང་དཀྱུས་མ་ནས་སློབ་གཉེར་བྱས་པ་ཡིན་ན། གཤམ་གྱི་སློབ་དངུལ་འདི་དག་གིས་རོགས་རམ་ཐོབ་ངེས། གཅིག་ནི་ཁུལ་དྲུག་སྟེ་མཚོ་བྱང་ཁུལ་དང་། མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ། རྨ་ལྷོ་ཁུལ། ཡུལ་ཤུལ་ཁུལ། མགོ་ལོག་ཁུལ་བཅས་ཁོངས་གཏོགས་ཀྱི་ས་ཁུལ་གྱི་སློབ་མ་ཡོངས་དང་། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་ཁྱིམ་ཚང་གི་འཁོས་ཀ་ཞན་པའི་སློབ་མ་དཀའ་ངལ་ཅན་རྣམས་ཀྱིས་སློབ་རིན་སྤྲད་མི་དགོས་པ་མ་ཟད། སློབ་དེབ་ཚང་མ་རིན་མེད་དུ་སྟེར་རྒྱུ། གཉིས་ནི་ཁྱིམ་ཚང་གི་འཁོས་ཀ་ཞན་པའི་སློབ་མ་དཀའ་ཁག་ཅན་དག་ལ་རྒྱལ་ཁབ་ཀྱི་སློབ་གཉེར་རོགས་དངུལ་སྟེར་རྒྱུ། གསུམ་ནི་སློབ་གསོ་པུའུ་ཡིས་གཅིག་གྱུར་ཐོག་རྩ་འཛུགས་བྱས་ནས་ཞིང་ཆེན་གཞན་པར་སློབ་གཉེར་དུ་མངགས་པའི་ཁུལ་དྲུག་གི་མཐོ་འབྲིང་དཀྱུས་མའི་སློབ་མ་རྣམས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བྱ་དགའ་ཁ་གསབ་ཀྱི་སྲིད་ཇུས་ལོངས་སུ་སྤྱད་ཆོག
        2. གལ་ཏེ་སློབ་མ་རང་ཉིད་འབྲིང་རིམ་ལས་རིགས་སློབ་གྲྭ་ནས་མཐར་ཕྱིན་ཅིང་རྒྱུགས་འཕྲོད་སློབ་མ་ཡིན་ན། རོགས་དངུལ་གྱི་སྲིད་ཇུས་དེ་ལས་ལེགས་ཏེ། གཅིག་ནི་ཉིན་ཧྲིལ་བོའི་སློབ་ཁྲིད་ལམ་ལུགས་དངོས་གཞི་སློབ་ཁོངས་ཀྱི་འབྲིང་རིམ་ཆེད་ལས་སློབ་མ་རྣམས་ལ་སློབ་རིན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ། གཉིས་ནི་ཉིན་ཧྲིལ་བོའི་སློབ་འཁྲིད་ལམ་ལུགས་དངོས་གཞིའི་སློབ་ཁུངས་ཀྱི་ལོ་རིམ་དང་པོ་དང་ལོ་རིམ་གཉིས་པའི་འབྲིང་རིམ་ལས་རིགས་ཀྱི་སློབ་མ་རྣམས་ལ་རིན་མེད་ཀྱི་སློབ་དེབ་གནང་རྒྱུ། གསུམ་ནི། ཉིན་ཧྲིལ་བོའི་ལམ་ལུགས་དངོས་གཞིའི་སློབ་ཁུངས་ཀྱི་ལོ་རིམ་དང་པོ་དང་ལོ་རིམ་གཉིས་པའི་ཞིང་གྲོང(རྫོང་དང་གྲོང་རྡལ་གྱི་ཞིང་པ་མ་ཡིན་པ)དང་། ཞིང་ལས་འབྲེལ་བའི་ཆེད་ལས་ཅན། གྲོང་ཁྱེར་གྱི་ཡིན་ཡང་ཁྱིམ་ཚང་གི་འཁོས་ཀ་ཞན་པའི་སློབ་མ་དཀའ་ངལ་ཅན་བཅས་ཀྱིས་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་ལོངས་སུ་སྤྱད་ཆོག བཞི་ནི། སྦྱངས་འབྲས་ཧ་ཅང་ལེགས་ཤིང་། རྩལ་ནུས་འབུར་ཐོན་ཅན་གྱི་སློབ་མ་དག་གིས་རྒྱལ་ཁབ་ཀྱིས་འབྲིང་རིམ་ལས་རིགས་སློབ་གསོའི་ཁྲོད་སྦྱངས་འབྲས་ལེགས་ཐོན་ཅན་ལ་གནང་བའི་དངུལ་གྱི་བྱ་དགའ་ལེན་པར་སྙན་ཞུ་བརྒྱབ་ཆོག ལྔ་ནི། ཞིང་ཆེན་ཕྱིར་སློབ་གཉེར་ལ་འགྲིམ་མཁན་གྱི་ཁུལ་དྲུག་གི་འབྲིང་རིམ་ལས་རིགས་སློབ་མ་རྣམས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བྱ་དགའི་ཁ་གསབ་ཀྱི་སྲིད་ཇུས་ལོངས་སུ་སྤྱད་ཆོག་གོ།
མཐོ་འབྲིང་མཐར་ཕྱིན་གྱི་རྒྱུགས་འཕྲོད་སློབ་མའི་རོགས་དངུལ་སྲིད་ཇུས་སྐོར།
        1. སློབ་གྲྭར་མ་ཞུགས་སྔོན། སློབ་རིན་སོགས་སྤྲོད་མི་ཐུབ་པའི་དཀའ་ངལ་ཅན་གྱི་སློབ་མ་དག་གིས་སྐྱེས་ཁོངས་ཀྱི་ཡིད་རྟོན་རོགས་དངུལ་བསྐྱིས་ནས་སློབ་རིན་དང་སྡོད་ཁང་གི་རིན་པ་ཐག་བཅད་ཆོག་པ་ཡིན། དེ་ཡང་སློབ་ཆེན་གྱི་སློབ་བསྡུ་བརྡ་ཐོ་འབྱོར་རྗེས་སུ་སློབ་རིན་དང་སྡོད་རིན་སོགས་སྤྲོད་ཐབས་མེད་ཚེ། ས་གནས་ཀྱི་སློབ་གསོ་ཅུས་ཀྱི་སློབ་མའི་རོགས་དངུལ་ལྟེ་གནས་ལ་སྙན་ཞུ་བརྒྱབ་ནས་སྐྱེས་ཁུངས་ཀྱི་ཡིད་རྟོན་རོགས་དངུལ་བསྐྱིས་ནས་ཐག་བཅད་ཆོག དེ་མ་ཟད་དབུས་ནུབ་ས་ཁུལ་གྱི་དམིགས་བསལ་དཀའ་ངལ་ཅན་གྱི་སློབ་གསར་དག་གིས་ལམ་རིན་དང་གནས་སྐབས་ཀྱི་འཚོ་བའི་འགྲོ་གྲོན་སོགས་ནས་ཀྱང་སྙན་ཞུ་བརྒྱབ་ཆོག
        2. སློབ་གྲྭར་ཞུགས་སྐབས། “ལྗང་མདོག་རྒྱུ་ལམ”ལས་ཁྱེད་ཀྱི་སློབ་ཞུགས་མིང་ཐོ་བདེ་བར་འགོད་ཐུབ། དེ་ཡང་རྒྱལ་ཡོངས་ཀྱི་སློབ་ཆེན་དག་གིས་སློབ་ཞུགས་སློབ་གསར་དག་ལ“ལྗང་མདོག་རྒྱུ་ལམ”ཕྱེས་ཡོད་ཅིང་། ཁྱིམ་ཚང་གི་འཁོས་ཀ་ཞན་ཅིང་སློབ་རིན་ཆ་ཚང་སྤྲོད་མི་ཐུབ་པའི་སློབ་མ་དཀའ་ངལ་ཅན་གྱིས“རྒྱུ་ལམ”དེ་བརྒྱུད་སློབ་ཞུགས་ཐོ་འགོད་བྱ་ཐུབ།
        3. སློབ་གྲྭར་ཞུགས་རྗེས་སུ་བྱ་དགའི་རོགས་དངུལ་མང་པོ་ཞིག་གིས་ཁྱེད་ཀྱི་སློབ་གཉེར་ཁྲོད་ཀྱི་དཀའ་ཁག་མང་པོ་སེལ་རོགས་བྱེད་ཐུབ་པ་ཡིན་ལ། དེ་དག་ནི་སྦྱངས་འབྲས་ཕུལ་དུ་བྱུང་ལ་ཁྱིམ་ཚང་གི་འཁོས་ཀ་ཞན་པའི་སློབ་མར་རྒྱལ་ཁབ་ཀྱིས་སྦྱངས་འབྲས་ལེགས་ཤོས་ཅན་ལ་ཡར་སྐུལ་གྱི་ཚུལ་དུ་གནང་བའི་བྱ་དགའ་དང་། རྒྱལ་ཁབ་ཀྱི་སློབ་མའི་རོགས་དངུལ་དང་འཚོ་བའི་འགྲོ་གྲོན་ཁ་གསབ་ཀྱི་རོགས་དངུལ། གློ་བུར་དུ་བྱུང་བའི་དོན་རྐྱེན་གྱིས་སློབ་ཞུགས་ལ་དཀའ་ཁག་ཡོད་པའི་སློབ་མའི་གནས་སྐབས་དཀའ་སེལ་ཐད་གནང་བྱའི་རོགས་དངུལ་ཁ་གསབ། སློབ་ཞུགས་རིང་གི་དཔལ་འབྱོར་གནད་དོན་ཐག་གཅོད་ཐུབ་ལ་རང་ཉིད་ལ་ཡང་སྦྱོང་བརྡར་བྱེད་ཐུབ་པའི་སློབ་ཞོར་ལས་གཉེར་གྱི་རོགས་རམ་བཅས་ཡིན། གལ་ཏེ་སྦྱངས་འབྲས་ཁྱད་དུ་འཕགས་ཚེ། རྒྱལ་ཁབ་ཀྱི་སློབ་སྦྱོང་རོགས་དངུལ་འཐོབ་པའི་གོ་སྐབས་ཡོད་སྲིད། དམག་ལ་ཞུགས་པའམ་གཞི་རིམ་དུ་ལས་ཀ་གཉེར་མཁན་ཡིན་ན། སློབ་རིན་གྱི་ཁ་གསབ་དང་བསྐྱི་དངུལ་ཚབ་སྤྲོད་ཀྱི་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག
        4. རང་ཞིང་གིས་ད་ལོར་སློབ་ཆེན་གྱི་དངོས་གཞི་དང་ཆེད་ཚན་སློབ་གྲྭར་རྒྱུགས་འཕྲོད་པའི་ཁུལ་དྲུག་གི་ཞིང་འབྲོག་ཁྱིམ་ཚང་གི་སློབ་མ་རྣམས་ལ(ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་དུ་ཁྱིམ་ཐོར་བསྒྱུར་བའི་ཁྱིམ་ཚང་གི་སློབ་མ་ཡང་འདུ།)ཆིག་ཐབས་ཀྱི་དངུལ་གྱི་བྱ་དགའི་ཁ་གསབ་གནང་རྒྱུ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།