མཁས་པའི་རྣམ་དཔྱོད་བཞུགས་པའི་ཕོ་བྲང་གསར་པ་ཞིག་སྒོ་ཕྱེ་འདུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2024-08-12 10:29:29 ཀློག་གྲངས།:
       སྤྱི་ཟླ8ཚེས8ཉིན་བོད་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སར་རིག་གནས་ཀྱི་ཕོ་བྲང་གསར་རྐྱང་ཞིག་སྟེ་ལྷ་སའི་ལྟེ་བའི་དཔེ་དེབ་གྲོང་དངོས་སུ་ཚོད་ལྟ་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། དེའི་ཐོག་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་གྲོང་ལྷ་སས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་ཐོག་སླར་ཡང་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་ཡོད།
       ལྷ་སའི་ལྟེ་བའི་དཔེ་དེབ་གྲོང་ནི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་ས་ཁྱོན་སྨི་ངོས་གྲུ6308བཟུང་བ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ18535.57ཟིན་པ་མ་ཟད་མ་དངུལ་བསྡོམས་འབོར་སྒོར་ཁྲི10422ཙམ་བཏང་ཡོད་པ་རེད། རྣམ་གྲངས་དེ་སྤྱི་ལོ2021ལོའི་ཟླ་བ་དང་པོར་འཛུགས་སྐྲུན་བྱེད་འགོ་ཚུགས་ཚུན་དུས་ཡུན་ལོ་གསུམ་ལྷག་ཙམ་གྱི་གྲ་སྒྲིག་དང་ཨར་ལས་ཞིབ་ཚགས་བྱས་པ་བརྒྱུད་མཐར་སྤྱི་ལོ2024ལོའི་ཟླ7པར་ཕུན་སུམ་ཚོགས་པོའི་ངང་ལས་མཇུག་འགྲིལ་ཞིང་། དཔེ་ཁང་ཆེན་མོ་དེའི་ནང་དུ་རྩོམ་རིག་དང་། སྒྱུ་རྩལ། ཆབ་སྲིད། དཔལ་འབྱོར། མཚན་ཉིད་རིག་པ། དམག་དོན། བསླབ་གཞི་སྦྱང་གཞི་སོགས་དཔེ་དེབ་ཁྲི2ལྷག་ཙམ་ཡོད་པ་དང་། སྣ་རིགས་ཕུན་སུམ་ཚོགས་ཤིང་། ད་དུང་བོད་ཀྱི་ལོ་རྒྱུས་དང་། རིག་གནས། ས་ཁམས་བཅས་སྐོར་གྱི་དེབ་འབོར་ཆེན་ཞིག་ཡོད་པ་བཅས་ཀྱིས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་དཔེ་དེབ་ཀྱི་མཆོད་པ་གྱ་ནོམ་པ་ཞིག་བཤམས་ཡོད།
       དཔེ་དེབ་གྲོང་དེ་ནི་སྲོལ་རྒྱུན་གྱི་དོན་སྙིང་ལྡན་པའི་དཔེ་ཚོང་ཁང་ཞིག་ཡིན་པ་མ་ཟད། དཔེ་དེབ་ལྟ་ཀློག་དང་ཉོ་ཚོང་། རིག་གཏོད་ཐོན་རྫས་འགྲེམས་ཚོང་། སྒྲ་བརྙན་ཐོན་རྫས་འགྲེམས་སྤེལ། བཟའ་བཏུང་སྤྲོ་གསེང་། བྱིས་པའི་བློ་སྦྱོང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་དང་སྔོན་ཐོན་རང་བཞིན་གྱི་རིག་གནས་འཛད་སྤྱོད་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན། དཔེ་དེབ་གྲོང་ནང་ཁུལ་གྱི་ནུས་པ་བཀོད་སྒྲིག་ཚན་རིག་དང་མཐུན་ཞིང་ལེ་ལག་ཆ་ཚང་པོ་ཡོད་དེ། ས་འོག་ཐོག་སོ་དང་པོར་རླངས་འཁོར་འཇོག་ས་དང་། ཐོག་སོ་དང་པོར་བརྗོད་བྱ་གཙོ་བོའི་དཔེ་སྐྲུན་དངོས་པོ་འགྲེམས་ཚོང་བྱེད་ས་དང་། ནུས་མང་ཚོམས་ཆེན། སྐས་རིམ་དཔེ་ཀློག་ཁུལ། དཔེ་དེབ་གསར་པ་ཁྱབ་བསྒྲགས་ཁུལ། རིག་གནས་གསར་གཏོད་ཐོན་རྫས་ཁུལ་བཅས་བཙུགས་ཡོད་པས་རྒྱ་ཆེའི་ཀློག་པ་པོའི་སྣ་མང་ཅན་གྱི་དགོས་མཁོ་གང་ལེགས་སྐོང་ཐུབ་པ་བྱུང་ཡོད།
       ཐོག་སོ་གཉིས་པར་བཟའ་བཏུང་ཁུལ་དང་། བསླབ་གཞི་སྦྱོང་གཞི་ཁུལ། རིག་ལུས་ཡིག་ཆས་ཁུལ། རྩོམ་རིག་རིག་རྩལ་དཔེ་དེབ་ཁུལ་བཅས་ཡོད་པས་རིག་རྩལ་ལ་དགའ་པོ་བྱེད་མཁན་དང་སློབ་མའི་ཚོའི་སེམས་ཀྱི་ཞིང་ཁམས་ཤིག་རེད། ཐོག་སོ་གསུམ་པར་ཆེད་མངགས་བྱིས་པར་ཇུས་འགོད་བྱས་ཡོད་པ་དང་ཕྲུ་གུའི་རིམ་པ་དབྱེ་བའི་ཀློག་དེབ་ཁུལ་དང་། ལག་ཤེས་རི་མོའི་ཁུལ། ཕ་མ་དང་བུ་ཕྲུག་མཉམ་ཀློག་ཁུལ། ལོ་ཆུང་བྱིས་པའི་བྱེད་སྒོ་ཁང་བཅས་བཙུགས་ཡོད་པས་དྲོ་སྐྱིད་ཞི་མཐུན་གྱི་ཁྱིམ་ཚང་གི་ལྟ་ཀློག་རྣམ་པ་བཏོད་ཡོད་པ་རེད།
       བོད་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང་གིས་རྣམ་གྲངས་གཉེར་སྐྱོང་གི་གཙོ་གཟུགས་ཡིན་པའི་ངོས་ནས་རིག་གནས་སྒྲིག་བཀོད་དང་ཤེས་དཔལ་གཞི་རྟེན་ཡིན་པའི་ནུས་པ་གལ་ཆེན་མུ་མཐུད་འདོན་སྤེལ་བྱས་ཏེ་ལྷ་སའི་ལྟེ་བའི་དཔེ་དེབ་གྲོང་གི་ལས་སྟེགས་གསར་པ་དེར་བརྟེན་ནས་དྲ་ཐོག་དང་དྲ་འོག་གི་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་། ཐོན་རྫས་མཁོ་སྤྲོད་ལེགས་སྒྱུར། ནུས་པའི་གྲུབ་ཆ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་རིག་གནས་ཐོན་ལས་གྲངས་གཞི་ཅན་དང་། རིག་ནུས་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
       ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་ཉང་བྲན་ལམ་གྱི་སྒོ་རྟགས18པར་ཡོད་པའི་ལྷ་སའི་ལྟེ་བའི་དཔེ་དེབ་གྲོང་གི་སྒོ་དབྱེའི་དུས་ཚོད་ནི་ཉིན་རེའི་སྔ་དྲོའི་ཆུ་ཚོད10པ་ནས་དགོང་མོའི་ཆུ་ཚོད8པའི་བར་ཡིན་པ་རེད།
       འབྱུང་འགྱུར་ཤིན་ཧྭ་དཔེ་ཚོང་ཁང་གིས་ཞབས་ཞུ་ཆེད་ལས་ཅན་དང་གནད་སྨིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་གཞོལ་ནས་དོ་སྙོམས་ཅན་དང་སྟབས་བདེ་ཅན་གྱི་རིག་གནས་ཞབས་ཞུའི་མ་ལག་བཏོད་དེ་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་བྱས་ཏེ་ཤིན་ཧྭ་དཔེ་ཚོང་ཁང་གི་བརྒྱུད་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་བོད་ལྗོངས་ཙམ་མ་ཟད་ཐ་ན་རྒྱལ་ཡོངས་ཀྱི་རིག་གནས་འཛུགས་སྐྱོང་ལ་སྟོབས་ཤུགས་གསར་པ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།