དོགས་ཡོད་ཉེས་ཅན། ཚྭ་རྡེའུ།

རྩོམ་པ་པོ།:ཚྭ་རྡེའུ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-08-19 14:41:48 ཀློག་གྲངས།:
དོགས་ཡོད་ཉེས་ཅན།
ཚྭ་རྡེའུ།

གཅིག
       “ཨ་མ། ཨ་མ།”
       ནམ་སྨད་ཚ་ཐབ་སྟེང་ནས་གྲག་འོངས་པའི་ཁྲོག་སྒྲ་ཆོམ་སྒྲ་ཡིས། བུ་མོ་ཆུང་ཆུང་དེའི་གཉིད་ཀྱི་བདེ་བ་མ་ལུས་ཁད་ཀྱིས་དཀྲོགས་བྱུང་། མོ་སྔངས་སད་ཅིག་གིས་ཡར་དགྱེ་སྟེ་དེ་ལྟར་ཨ་མ་བོས་བྱུང་ལ། གྲིབ་ཡོར་ནག་པོ་ཞིག་གློ་བུར་སྒེའུ་ཁུང་བརྒྱུད་ནས་ཕྱི་ལ་ཤོར་བ་དང་། མོའི་ཨ་མ་ཉལ་སའི་ཚ་ཐབ་འགབ་ཀྱི་ཤེལ་ལེབ་ཁག་ཅིག་སིང་དིར་རེར་ཆག་པ་དེས།ལོ་ན་དགུ་ལ་བུད་མ་ཐག་པའི་བུ་མོ་ཆུང་ཆུང་དེ་སྐྱི་གཡའ་བར་བཏང་བྱུང་།
       “མ་སྐྲག་གཅེས་ཕྲུག་མ། ཁྱིམ་ལ་རྐུན་མ་ཞིག་འཛུལ་བ་རེད།”
       ལྷ་མོས་འཕྲལ་དུ་སྔངས་སྐྲག་གིས་བརྒྱལ་ལ་ཉེ་བའི་བུ་མོར་ཡ་ལན་བྱིན། མོའི་ལུས་ཡོངས་རྔུལ་ཆུས་བརླན་ཞིང་ཐང་ཆད་པའི་ཁར། དབུགས་ཀྱི་རྒྱུ་བ་དྲག་པོ་ད་དུང་ཡང་ལྷོད་ལ་བབས་མི་འདུག ཡོད་ཚད་གློ་བུར་ཡིན་དྲགས་པས། མལ་ས་རུ་རང་ཆས་སུ་ཡོད་པའི་བདེ་བ་མ་ལུས་པོའང་། ད་ནི་འཆར་ཀས་བདས་པའི་རི་ཟོམ་གྱི་སྨུག་པ་ཇི་བཞིན་རྩ་བྲལ་ཡེ་མེད་དུ་གྱུར་འདུག མོས་བུ་མོར་སེམས་གསོ་བྱེད་ཞོར་དུ་མགོ་སྔས་སུ་བཞག་སྟེ་ཕྱི་རོལ་གྱི་གྲག་འགུལ་ལ་རྣ་བ་བླགས།
       ནམ་སྨད་འདིར། ཁང་པ་གྱན་གཉིས་ལས་མེད་པའི་མི་ཚང་དཀྱུས་མ་འདི་རུ། ཁོང་མ་སྨད་གཉིས་དེ་ལྟར་རང་རང་སར་ཉལ་ནས་སྔངས་སྐྲག་གི་ཀློང་དུ་ཚུད། སྟོན་ཟླ་མཐའ་མའི་གྲང་ཤུར་ཤུར་གྱི་རླུང་བུ་ལྡོམ་པོ་ནི། ཤེལ་ལེབ་ཆག་ཟིན་པའི་སྒེའུ་ཁུང་བརྒྱུད་དེ་ཁོང་མ་སྨད་གཉིས་ཀྱི་ཉལ་སའི་ནང་ལ་བར་མེད་དུ་ལྡང་། ཚུལ་དེས་བུ་མོ་ཆུང་ཆུང་ལ་ལྷག་ཏུ་འཇགས་ཐབས་མེད་པའི་ཞེད་སྣང་སྣ་ཚོགས་ཡུད་ཡུད་བྱིན་པས། མོས་ལམ་སང་རང་ཉིད་ཀྱི་ཨ་ཕ་དྲན་བྱུང་། གལ་ཏེ་ཨ་ཕ་ཁྱིམ་དུ་ཡོད་རྒྱུ་ན་སྐྱི་གཡའ་བའི་དོན་དག་འདི་འདྲ་ཡེ་ནས་བྱུང་དོགས་མེད་ཁར། མོའི་ཨ་མའང་ད་ཚོད་གཉིད་ཀྱི་གཏིང་རུམ་དུ་ཞུགས་ཏེ་ཡོད་ངེས། མོས་དེ་ལྟར་སྟོང་འདང་རྒྱག་ཞོར་དུ། སྔས་འབོལ་གྱི་འོག་ཏུ་བསྡུས་པའི་ཁ་པར་བླངས་ཏེ། ལམ་སང་རང་ཉིད་ལ་གཅེས་ཤིང་བྱམས་པའི་ཨ་ཕར་ཁ་པར་བཏང་བྱུང་།
       “ཨ་ཕ། རྐུན་མ་ཞིག་གིས་འུ་ཚང་གི་ཤེལ་སྒོ་བཅགས་བྱུང་།”
       བུ་མོས་གློ་རྡེག་ངང་ཨ་ཕ་ལ་ཁ་པར་གཏོང་གིན་པ་ཐོས་འཕྲལ། ནང་སེམས་ཅུང་ལྷོད་ལ་བབས་འདུག་པའི་ལྷ་མོ་ཡང་བསྐྱར་ཉལ་སའི་ནང་འཕག་འཚག་ཅིག་གིས་ཡར་དགྱེ་བྱུང་།
       “ཅི་བྱས་སོང་།”
       “ཨ་མས་རྐུན་མར་རྡུང་རེས་བྱས་ཏེ་ཤེལ་སྒོའང་བཅགས་བྱུང་།”
       “རྐུན་མ་སུ་རེད།”
        “ངས་མ་ཤེས།”
       བུ་མོ་ཆུང་ཆུང་གིས་ནམ་སྨད་ཅིག་ལ་བསམ་དབང་དྲན་དབང་མེད་པར་ཁ་པར་བཏང་སྟེ། ངུ་སྐད་དང་བཅས་ཨ་ཕར་མགོ་རྔ་མེད་པའི་སྐད་ཆ་འགའ་བཤད་པ་དེས་ལྷ་མོ་བློང་བློང་པོར་བཏང་བྱུང་། ཁྱོ་གའི་ལུས་ཕུང་ཞན་ཞིང་མཁལ་མ་ནད་པ་ཡིན་ཐོག  ད་ལོའང་མི་ཚང་འདིའི་འཁོས་ཀའི་དོན་དུ་ས་ཆ་གཞན་ན་ཞོར་ལས་གཉེར་བཞིན་ཡོད་ལ། ལྷག་པར་དོན་དག་ཅི་ལ་ཐུག་ཀྱང་འཁོན་འཛིན་ཆེ་ཞིང་ཞེ་སྡང་ཚ་པོ་ཞིག་ཡོད་པ་དེ་དྲན་ཞོར། བུ་མོས་དེ་ལྟར་རང་འདོད་ཚ་པོས་ངང་ཁྱོ་ག་སེམས་ཚེགས་ལ་གཏད་པར་ཡི་མུག་དང་སེམས་ཚེགས་སྣ་ཚོགས་ཅིག་ཅར་དུ་བྱུང་ཁར། སྒོ་རའི་ནང་དུ་སྟོན་རླུང་གིས་ལ་འཁྱེར་ལུང་འཁྱེར་བྱེད་ཀྱིན་པའི་ལོ་མའི་ཧྲོག་སྒྲ་དེས།ལྷ་མོ་ལ་ལྷག་ཏུ་བཤད་མི་ཤེས་པའི་སེམས་ཁྲལ་ལྷག་མ་ཞིག་བསྣན་ཡོང་།
གཉིས།
       ཐོ་རངས་ཀྱི་མཚམས་ཤིག་ཏུ་ཁྱོ་ག་འཕྲུལ་རྟའི་ལྡིར་སྒྲ་དང་བཅས་སྒོ་རར་སླེབས་བྱུང་། བུ་མོ་ཆུང་ཆུང་ནི་གཉིད་ཀྱི་གཏིང་རུམ་དུ་འཛུལ་འདུག་པས། ལྷ་མོ་སེམས་ཚེགས་དང་བཅས་ཁྱོ་གར་ནང་སྒོ་འབྱེད་དུ་སོང་། སྤྱི་ལེ་བརྒྱ་ཕྲག་གི་ལམ་ཐག་གདོང་གིས་བསུས་ཏེ་འོངས་པས། ཁྱོ་གའི་སྐྲ་ལོ་འཛིང་ཞིང་ཁ་ཤའང་སྔོ་ནག་ཏུ་གྱུར་འདུག་ཁར། ངེས་མེད་ཟུག་རྔུ་རྒྱག་པའི་མཁལ་སྐེད་ཀྱི་ནད་རྙིང་དེས། ཁོའི་གཟུགས་གཞི་རུས་པའི་གསས་མཁར་ཡང་ལྕུག་ལྕུག་ཏུ་སྒུལ་གྱིན་འདུག
       “ཅི་བྱས་སོང་།”
       “མི་ཞིག་གིས་ང་ལ་བརྙས་བཅོས་བྱས་པ་རེད།”
       “ནམ་གུང་ཞིག་ལ་བརྙས་བཅོས་བྱས་པ་རེད་ཅེ་ན་ཅི་རེད།”
       ཕུར་ཚུགས་སུ་ཅེར་འདུག་པའི་ཁྱོ་གའི་མིག་ཟུང་དང་གཟབ་ནན་གྱི་ཚུལ་དེས། ལྷ་མོར་བཤད་མི་ཤེས་པའི་ཞེད་སྣང་འགོག་མེད་ཅིག་བསྩལ་བྱུང་། མོ་རང་ཉིད་ཀྱི་ཁྱོ་གར་ཅི་བས་རྒྱུས་ཆེ། འདི་ནས་ཡར་ལ་བརྩིས་པའི་ལོ་ངོ་ལྔ་དྲུག་ཅིག་གི་སྔོན་དུའང་། ཁྱོ་གའི་གདོང་ལ་འདི་ལྟ་བུའི་གཟབ་ནན་དང་ཞེ་སྡང་གི་ཉམས་ཤིག་མངོན་ཡོང་སྟེ། མོ་བསམ་དབང་དྲན་དབང་མེད་པར་ཁྱིམ་མཚེས་ཚང་ནས་ས་འདྲུད་རྡོ་འདྲུད་བྱས་པར་མ་ཟད། དངུལ་དཀར་རྣ་ལོང་གིས་བྱས་པའི་མཁུར་མགོའི་རྨ་ཤུལ་དང་། ཆང་དཀར་དམ་བེ་ཡིས་བྱས་པའི་སྨིན་མཚམས་ཀྱི་རྨ་ཤུལ་སོགས་ཀྱང་དེ་དུས་སུ་བཏོད་པ་ཡིན།
       “ང་ལ་མི་ཞིག་གིས་བཙན་གཡེམ་བྱས་སོང་།”
       གསལ་ལ་མོག་པའི་སྐྱ་རེངས་ཟ་ཟིའི་འོག་ཏུ། ལྷ་མོའི་མིག་མཐར་མཆི་མ་འཁྱིལ་བྱུང་ལ། ནང་སྒོའི་ཁར་འཚང་བའི་སྐྱ་རེངས་ཀྱི་འོད་མདས། ལྷ་མོའི་མཛེས་ཤིང་སྡུག་པའི་གདོང་པ་ཆུང་ཆུང་དེ་ཕྱེད་དཀར་ནག་གཉིས་སུ་བགོས་འདུག མཚམས་འདིར། ཁྱོ་གར་ཞེ་སྐྱོ་བ་ནམ་ཟླས་མི་ཆོད་རྒྱུ་ཞིག་བྱུང་སྟེ། ལྷ་མོར་འཕུད་རྒྱག་ཅིག་གིས་ཁང་པའི་ནང་དུ་འཛུལ་ཞིང་། ཡར་ལྟ་མར་ལྟ་ཞིག་བྱས་རྗེས། “ངས་ཉེན་རྟོག་པ་འབོད། ཁྱོད་ཀྱིས་ཁྱོ་ག་བྱེས་སོང་ཤུལ་ནས་སྨག་སྐྱིད་བརྒྱབ་སྟེ། ང་ལ་ཤོབ་སེན་མོ་འདྲ་ཞིག་གཏམ་ཡོད་དུས……”
       ནམ་གྱི་གསལ་ཆ་ཕྱེ་ལ་ཉེ་ཡང་། ཁྱོ་གའི་སེམས་སུ་ཟད་མཐའ་མེད་པའི་སྨག་མུན་གཡོ་བཞིན་འདུག ཁོས་འཕྲལ་དུ་བྲག་དམར་རྫོང་སྤྱི་བདེ་ཅུས་ལ་ཉེན་ཞུ་བྱས་བྱུང་། རང་ཁྱིམ་དང་བྲལ་ཏེ་ཟླ་ངོ་གཉིས་ལྷག་འགོར་ཟིན་ནའང་། ད་ཆ་ཁོ་ཁྱིམ་ཚང་འདི་རུ་སྐད་ཅིག་ཙམ་ལའང་སྡོད་བཟོད་མི་ཚུགས་པ་འདྲ། ཁོས་དུ་རྐང་ཞིག་ལ་མེ་བསྒོས་ཏེ་རྔམ་འཐེན་བྱེད་ཞོར་དུ། ནམ་གུང་རང་ཁྱིམ་ལ་འཛུལ་བའི་ཁྱི་རྐུན་དེ་སུ་ཞིག་ཡིན་སྲིད་པ་དང་། སང་ཉིན་ནས་བཟུང་རང་ཉིད་ཀྱི་མགོ་ལ་མི་ཁ་ག་ཙམ་ཡོང་སྲིད་པ། བར་མེད་ལྡང་བའི་མི་ཁའི་རླུང་ཆེན་གྱིས།ཁོའི་ད་ལྟའི་འཁོས་ཞན་ཉམ་ཆུང་གི་ཁྱིམ་ཐབ་འདིའི་ཕྱི་ནོམ་ནང་ནོམ་དང་བཅས་པ། བཟའ་ཟླ་བུ་ཕྲུག་དང་བཅས་པ་ཇི་ལྟར་ས་ལ་བརྡབས་ཏེ་གནམ་ལ་གཅོལ་སྲིད་ཨང་སྙམ་ཞོར་དུ། ལན་རེར་དྲན་མེད་ངང་ཁྱིམ་ལ་འཛུལ་ཞིང་། ཡང་ལན་རེར་དམིགས་མེད་སྒོས་སྒོ་ཁར་རྒྱུ།
       ནམ་ཡོངས་སུ་གསལ་འདུག་པའི་གླགས་དེར། བྲག་དམར་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཁག་གི་ཉེན་རྟོག་པ་གསུམ། ཉེན་དུང་རྒྱ་གླིང་འབུད་འབུད་དང་འཁོར་གསུམ་བྱང་འོད་ཆེམ་ཆེམ། དྲག་བཙན་བུ་ཡུག་འཚུབ་འཚུབ་ཀྱིས་མི་ཚང་འདི་ལ་ཐོན་ཞིང་། ཏབ་ཅིག་གི་ཡུན་དུ་ཡུལ་དངོས་མཐའ་དག་ལ་བརྟག་དཔྱད་བྱས་ཤིང་པར་དུ་བཏབ་ཚར་རྗེས། ལྷ་མོ་བཟའ་མི་ཡོངས་རླངས་འཁོར་དུ་བཟུང་ཞིང་། ཞོགས་པའི་ཉི་ཟེར་གྱི་སྟོང་སྐུད་ཕྲག་བརྒྱ་ཁད་ཀྱིས་བཅད་དེ་ཕྱིར་རྫོང་སྤྱི་བདེ་ཅུས་སུ་ཕྱིན་ལ། དེ་གར་ཁྲིམས་ཀྱི་འགྲོ་ལུགས་མཐའ་དག་ཆག་མེད་དུ་བསྒྲུབས་རྗེས། ལྷ་མོ་གཅིག་པུ་གཞུང་ལས་ཁང་དུ་བོས། ཁྲིམས་འཛིན་བརྙན་མིག་མོའི་ཁ་གཏད་ནས་ཁྲིགས་སེར་ཕྱེ་སྟེ་འདྲི་ཞིབ་ཀྱི་མགོ་བརྩམས་བྱུང་།
       “སྡེ་བའི་མིང་དང་རང་གི་མིང་ཡང་བསྐྱར་ཐེངས་ཤིག་ཤོད།”
       “གཡུ་ལུང་སྡེ་གསར། མིང་ལ་ལྷ་མོ་ཟེར།”
       “སྐྱེས་པ་དེ་ཁྱེད་ཚང་ལ་ཅི་ལྟར་འཛུལ་བ་རེད།”
       “སྒེའུ་ཁུང་བརྒྱུད་ནས་འཛུལ་བ་ཡིན་ངེས། ནང་སྒོ་དམ་པོར་གཏན་ཡོད།”
       “དགོང་མོར་སྒེའུ་ཁུང་གཏན་གྱིན་མེད་དམ།”
       “ཡོད། སྒེའུ་ཁུང་གི་ནང་ཟྭ་གཅུས་བཞག་ཡོད།”
       “ལྭ་བ་སུས་ཕུད་པ་ཡིན།”
       “ངས་ཉལ་ཁར་ལྭ་བ་གོན་མེད……”
       ལྷ་མོའི་གདོང་མདོག་སྔར་བས་སྐྱ་བོར་གྱུར་ཞིང་། འཚབ་སྣང་ག་ལ་བ་ཞིག་གིས་ཡོངས་སུ་བཅུན་ཏེ་ངག་ཀྱང་འཁྲོལ་དཀའ་བར་གྱུར་ལ། རུ་གཙོ་དབང་ལྡན་གློ་བུར་དུ་གཞུང་སྒྲུབ་ཁང་ལ་ཐོན་པ་དེས། མོ་ལྷག་ཏུ་འཁུམས་ཤིང་ཡ་ང་བར་བཏང་བྱུང་།
       “མ་འཚབ། བཙན་གཡེམ་བྱས་པ་ཡིན་ན། ཁྱོད་ཅི་ལ་མ་སད་པ་རེད།”
       “ངས་ཉིན་གང་བོར་ལས་ཀ་ལས་ཏེ་ཉོབ་དྲགས་པས་གཉིད་ནས་དོབ་སོང་། མི་ཞིག་ངའི་སྟེང་ལ་འཁྱུད་ཀྱིན་འདུག་མོད། ཁྱོ་ག་ཡིན་ཤག་ཤག་བྱས་ཏེ་དོ་སྣང་ཆེར་མ་བྱས། མཚམས་ཤིག་ཁྱོ་ག་ཡུལ་ན་མེད་པ་དྲན་སོས་ཁར་བུ་མོས་ཀྱང་སྐད་བརྒྱབ་བྱུང་བས། གཞི་ནས་རང་ཉིད་ལ་མི་ཞིག་གིས་བཙན་གཡེམ་བྱས་འདུག་པ་ཤེས།”
       “དེ་ནས།”
       “དེ་ནས་ང་སྐྲག་ཐག་ཆོད་དེ་མི་དེར་འཕུད་རྒྱག་ཅིག་བྱས་པས་ཁོ་བྲོས་ཐལ། སྒེའུ་ཁུང་ཡང་བཅགས་སོང་།”
       མཚམས་འདིར་ཐད་སོའི་ཉེན་རྟོག་པ་དེས་ཞོགས་པར་ཡུལ་དངོས་ནས་རྙེད་པའི་ཐོབ་ཐང་དཔང་ཡིག་ཅིག་ལྷ་མོར་གཏད་བྱུང་།
       “ཁྱོད་ཀྱིས་མཚོ་སྨད་ཡུལ་ཚོ་གཡོན་རུ་སྡེ་བའི་དོན་འགྲུབ་ཨེ་ཤེས།”
       “མཚོ་སྨད་ཡུལ་ཚོ་གཡོན་རུ་སྡེ་བ……མི་དྲན་གི”
       “འདི་ཁྱོད་ཀྱི་ཉལ་སའི་འགབ་ནས་རྙེད་པ་ཡིན། ཁྱེད་ཚང་ལ་འཛུལ་མཁན་ཡང་ཧ་ལམ་མི་འདི་རེད། ང་ཚོས་ཁོ་བཙལ་ཏེ་འདྲི་ཞིབ་གསལ་པོ་བྱེད་ངེས། ཅུང་ཙམ་ནས་ཁྱོད་ཀྱི་ལུས་ལའང་བརྟག་དཔྱད་བྱེད་དགོས།”
གསུམ།
       ལྷ་མོ་བཟའ་མི་གསུམ་ཉེས་དོན་ཉེན་རྟོག་ཁང་གི་ར་སྐོར་དུ་བསྡད་འདུག་ཅིང་། ཁྱོ་གས་མཚམས་མ་ཆད་པར་འཐེན་གྱིན་པའི་དུ་བ་དང་། འུར་ཟིང་གིས་ཁེངས་པའི་ར་སྐོར་འདིའི་མི་རྣམས་ཀྱི་འགྲོ་འོང་ཁྲོད་དུ། བུ་མོ་ཆུང་ཆུང་ནི་ལན་རེར་གཞོགས་སུ་ཡོད་པའི་ཨ་ཕར་འཁྱུད་ཅིང་། ལན་རེར་ཚུར་ལ་ཡོང་སྟེ་ཨ་མར་འཁྱུད་ནས་གཡེར་བག་བྱེད་ཀྱིན་འདུག་མོད། ལྷ་མོའི་སྡུག་བསྔལ་གྱིས་བད་པའི་དོན་ལྔ་སྣོད་དྲུག་གིས་གཅུ་ལོག་རྒྱག་གིན་འདུག་ཁར། མིག་མཐའ་རབ་རིབ་ཏུ་གྱུར་ཏེ་ཅི་ཡང་མི་མཐོང་བར་གྱུར་འདུག་ལ། མོའི་སྐྱོ་གདུང་གིས་རབ་ཏུ་གཙེས་པའི་དམིགས་པ་མཐའ་དག་ཀྱང་།བསམ་དབང་ལ་ཡོང་ཐབས་མེད་པའི་འདས་དོན་ཞིག་གི་ཕྱོགས་སུ་ཡང་ཡང་འཆོར་གྱིན་འདུག
       “ཨ་ཙི། ལྷ་མོ། འདི་ལྟར་ཐུག་སྲིད་པ་ཡིད་ལའང་མ་དྲན།”
       “ཁྱོད…… ནམ་ཐོན་པ་ཡིན།”
       “ཉིན་འགའ་འགོར་སོང་། ནང་མི་ཚང་མ་འདི་རུ་ཡོད་དམ།”
       “ཁྱོ་ག་ལས་ཀར་བུད་སོང་བས་བུ་མོ་ངེད་གཉིས་མ་གཏོགས་མེད།”
       ཁ་སང་གི་ད་ཚོད། མོ་གྲོང་རྡལ་གྱི་སྔོ་ཚོད་འཚོང་ས་དེ་རུ་འདི་ལྟར་གློ་རྡེག་ངང་དོན་འགྲུབ་ལ་ཕྲད་ཅིང་། ཤབ་ཤུབ་ཀྱི་སྐད་ཆ་རེ་ཟུང་བཤད་པ་བརྒྱུད། མོའི་ཆ་མི་འཚལ་བའི་འཚབ་སྣང་ག་ལ་བ་དེའང་རིམ་གྱིས་མེད་པར་གྱུར་རྟིང་། སྲང་ལ་ཡོང་དུས་ལྭ་བ་གྲ་དག་ཅིག་མ་གོན་པར་ཡང་ནོངས་འགྱོད་སྐྱེ་མགོ་བརྩམས། ཉིན་ཞག་ཧྲིལ་པོ་གཅིག་ཀྱང་འགོར་མེད་པའི་དོན་དག་འདི་ཉིད། མོས་ཅི་ལྟར་བརྗེད་སྲིད་ཨང་།
       “ཁྱོད་ཅུང་ཙམ་ཡང་རྒས་མི་འདུག”
       དོན་འགྲུབ་མོའི་སར་ནུར་ནས་སྐད་དམའ་མོས་དེ་ལྟར་བཤད་མོད། མོས་སྐད་ཆ་འདིར་ཡ་ལན་ཇི་ལྟར་སྤྲོད་དགོས་མིན་མ་ཤེས་པར། སྐྱུར་ཁུ་དམ་བེ་གང་ཚུར་ལེན་ཞོར་ཁ་རོག་གེར་བསྡད།
       “དོ་དགོང་ངོ་ཞིག་ཐུག་དབང་བྱིན་ཆོག་གམ།”
       “ཨ་ཙི།”
       “འུ་གཉིས་ཀ་མ་ཐུག་པར་ཡུན་རིང་འགོར་འདུག”
       “མི་རུང་། བུ་མོས་གོ་སྟེ་ཁྱོ་གར་བཤད་ཚེ་ང་གསད་འཇོག་ངེས།”
       ཁྱོ་ག་ཞོར་ལས་ལ་སོང་སྟེ་ཟླ་ངོ་གཉིས་ལྷག་འགོར་འདུག་པའི་ཉིན་གུང་འདིར། མོས་རང་གི་ཉིན་ཞག་མང་པོའི་ཁེར་རྐྱང་དང་སུན་སྣང་མཐའ་དག་སྔོ་ཚོད་དང་ལྷན་དུ་གཅུད་ནས་འགྱིག་ཁུག་ཏུ་འཇུག་ཞོར། ལོ་ངོ་བཅུ་ཕྲག་ཅིག་ལ་ཕྲད་མ་མྱོང་བའི་གནའ་འགྲོགས་ཏེ། མིང་ལ་དོན་འགྲུབ་ཟེར་བའི་སྐྱེས་པ་སྨུག་སིང་ངེ་བ་དེའི་སྐད་ཆ་མཐའ་དག་ལ་སྨྲ་མེད་ངང་ཚོད་བགམ་བྱས།
       “ཨ་ལ། དེ་འདྲའི་བཙན་པོ་ཞིག་ཡིན་ནམ། ཡང་གཅིག་བཤད་ན་བུ་མོས་ཅི་ལ་ཤེས།”
       “བཙན་ནི་རེད། ངས་རྒྱུན་དུ་གསང་གི་ཡོད་པ་མ་གཏོགས། དོན་དག་ཙག་ཙིག་ཅིག་གི་ཆེད་དུའང་ང་ལ་གསོད་ཐག་ཆོད་བྱས་ཏེ་གཅར་མྱོང་།”
       “བྱ་འདི། བཟའ་ཟླ་ཡིན་ཡང་གཅར་རྡུང་བྱས་ན་ཆོག་རྒྱུ་མ་རེད།”
       “འོ་ལེ་མོད། ད་བཀོད་པ་ཅི་ཡོད། ཁྲིམས་ལ་གཏུགས་ན་གཞན་གྱིས་འཕྱ་ནི་རེད།”
       “ངན་ལང་དུ་བཏང་བས་རེད། ང་ལ་ཁྱོད་ཀྱི་བུ་མོས་མི་ཚོར་བའི་ཐབས་ཤིག་ཡོད།”
       “དེས་ན……སེམས་ཆུང་བྱོས་ཨ།”
       རྒྱུས་ཡོད་མེད་ཅི་རིགས་ཀྱིས་ཁེངས་པའི་ཉེན་རྟོག་ཁང་གི་ར་སྐོར་འདི་རུ། ལྷ་མོའི་རྣ་ལམ་ན་ད་དུང་ཡང་དོན་འགྲུབ་ཀྱི་སྐད་ཆ་དེ་དག་ལྷང་ལྷང་དུ་གྲག་གིན་འདུག་ཅིང་། “ཁྲིམས་ལ་གཏུགས་ན་གཞན་གྱིས་འཕྱ་ནི་རེད”ཅེས་པའི་རང་གི་སྐད་ཆ་དེའང་། ད་ནི་རྒྱ་ཁབ་ཅིག་གི་རྩེ་མོ་ལྟར་གཟས་ཏེ་རང་སྟེང་དུ་ཁེལ་སོང་བས། མོའི་དབུགས་ཞུད་པ་ལྟ་བུའི་ནང་སེམས་ལ་ཟུག་གཟེར་རྒྱག་གིན་འདུག་མོད། ཁྱོ་གའི་ཞེ་སྡང་དང་གཅར་རྡུང་གི་བཟོ་ལྟ་དེ་དག་དྲན་འོངས་ན། མོ་ལ་འདི་ལས་ལྷག་པའི་ཐབས་བཀོད་ཅིག་ཡེ་ནས་མི་འདུག་སྟེ། དོན་འདིར་མོས་མདང་ནུབ་མཚན་སྨད་ཅིག་གི་ཡུན་དུ་འདང་བརྒྱབ་པ་ཡིན།
       ཡིན་ནའང་། རུ་གཙོ་དབང་ལྡན་གྱིས་མོའི་ཁྱོ་ག་དང་བུ་མོ་གཉིས་ཟུར་དུ་འབོད་ཀྱིན་འདུག་པ་དེས། ལྷ་མོའི་དམིགས་པ་མཐའ་དག་འདས་དོན་གྱི་ཀློང་ནས་ཕྱིར་ཉེན་རྟོག་ཁང་གི་ར་སྐོར་དུ་བསྐོར་བྱུང་། མོས་ལམ་སང་མགོ་བོ་ཡར་བཀྱགས་ཤིང་། རུ་གཙོའི་གམ་དུ་འགྲོ་བཞིན་པའི་ཁྱོ་ག་དང་བུ་མོ་གཉིས་ཀའི་རྒྱབ་གཟུགས་ལ་ཅེར་ནས་བསྡད།
       “བུ་མོ། མདང་དགོང་ཨ་ཕ་ལ་ཁ་པར་གཏོང་མཁན་ཁྱོད་ཡིན་ནམ།”
       “ཨུན།”
       “ཁྱོད་ཀྱིས་ཁ་པར་གཏོང་དོན་ཅི་ཡིན།”
       “ངེད་ཚང་ལ་རྐུན་མ་འཛུལ་བ་རེད། སྒེའུ་ཁུང་གི་ཤེལ་ལེབ་ཀྱང་བཅགས་བྱུང་བས། ང་སྐྲག་སྟེ་ཨ་ཕ་ལ་ཁ་པར་བཏང་བ་ཡིན།”
       “འོ་རེད། མི་དེ་སུ་ཡིན་ཨེ་རིག་ཐལ།”
       “མ་རིག་ཐལ།”
       རུ་གཙོ་དབང་ལྡན་གྱིས་སྙིང་ཉེ་བའི་བུ་མོ་ཆུང་ཆུང་དེའི་སྐད་ཆར་ཉན་ཞོར་དང་། གཟབ་ནན་གྱི་རྣམ་འགྱུར་དག་ལ་ཡང་ཡང་ལྟ་ཞོར་དུ། ལྷ་མོའི་ཁྱོ་ག་ལའང་རང་ནུས་ཡོད་རྒུས་ཁ་ཏ་ཅི་རིགས་དང་། ངན་པ་གཏེ་བོ་དེ་གང་མྱུར་གྱིས་ཁྲིམས་ལ་སྦྱོར་ཐུབ་ཚུལ་གྱི་སེམས་གསོ་གང་མང་བྱས།
       རུ་གཙོ་དབང་ལྡན་ནི་དོན་དག་འདྲ་མིན་ལ་ཕྲད་མྱོང་བའི་མི་ཞིག་ཡིན་ནའང་། ཐེངས་འདིར་ཁོས་ཀྱང་བསམ་བློ་མང་པོ་གཏོང་ཞོར་དུ། གཞུང་སྒྲུབ་ཁང་ནས་ཕར་འགྲོ་ཚུར་འོང་སྒོས་དུ་བ་མང་པོ་འཐེན་གྱིན་འདུག་ལ། མཚམས་རེར་སྒེའུ་ཁུང་ཁ་རུ་འགྲེང་སྟེ། གཤམ་གྱི་ར་སྐོར་དུ་ཙོག་འདུག་པའི་ལྷ་མོར་ཅེར་ནས་སྡོད། ཉིན་གུང་ཡོལ་བའི་གསེག་འཕྲོའི་ཉི་འོད་དང་། རྔམ་བརྗིད་ལྡན་པའི་སྤྱི་བདེའི་ཐོག་ཁང་གི་གྲིབ་མ་གཉིས་ཀྱིས། ར་སྐོར་དུ་དམིགས་མེད་ངང་ལུས་པའི་ལྷ་མོའི་རང་ལུས་འདོམ་པ་གང་བོའང་སྟོད་སྨད་གཉིས་སུ་ཕྱེ་འདུག
       རུ་གཙོ་དབང་ལྡན་དང་ཁོའི་ལས་གྲོགས་དག་གིས་འདི་ལྟར་ཕུ་འདྲི་ལུང་འདྲི་བྱས་བྱས་མཐར། འདི་ནི་བཙན་གཡེམ་འཁྲུལ་མེད་ཅིག་རེད་དོ་སྙམ་གྱིན་འདུག་མོད། ཁྲིམས་སའི་ཚིག་དང་རྒྱ་མཚོའི་རྡེའུ་ཞེས་པའི་དཔེ་བཞིན་དུ། གཞོགས་གཅིག་གི་སྐད་ཆར་མཉན་ནས་བདེན་རྫུན་ཐག་གཅོད་བྱས་ན་མི་འགྲིག་པས།ད་ནི་ཁོ་ཚོས་ཡུལ་དངོས་ཀྱི་བདེན་དཔང་དང་མྱུལ་ཞིབ་ཀྱི་ལག་རྩལ་བརྒྱུད། དོན་འགྲུབ་ཅེས་པའི་མི་དེ་མྱུར་དུ་བཙལ་དགོས།
བཞི།
       དགོང་ཁ་འདིར། ལྷ་མོ་བཟའ་མི་གསུམ་གྱིས་བསྐྱུར་བའི་ལྷིང་འཇགས་ཀྱི་ར་སྐོར་འདིའི་ནང་དུ། དོན་འགྲུབ་ཅེས་པའི་སྐྱེས་པ་སྨུག་སིང་ངེ་བ་དེ་ཉེན་རྟོག་པའི་རླངས་འཁོར་ཞིག་ལས་བབས་ཤིང་། ཉེན་རྟོག་པ་གཉིས་ཀྱིས་ཁྲིད་ནས་ཐད་ཀར་དུ་ཉེས་དོན་འདྲི་གཅོད་ཁང་ལ་ཐོན་ཏེ། བསམ་དབང་དྲན་དབང་མེད་པར་འདྲི་གཅོད་འདུག་སྟེགས་སུ་མི་སྡོད་ག་མེད་བྱུང་སོང་།
       རུ་གཙོ་དབང་ལྡན་གྱིས་དཔྲལ་བར་ཁྲོ་མདུད་ཅིག་བརྒྱབ་སྟེ་འདྲི་གཅོད་ཁང་དུ་ཐོན་ཞིང་། ཉེན་རྟོག་པ་གཞན་ཞིག་དང་ལྷན་དུ་དོན་འགྲུབ་ཀྱི་ཁ་གཏད་དུ་བསྡད། ཁྲིམས་ཀྱི་ཁེ་དབང་མ་ལུས་ཆུ་རྒྱུག་རྒྱུག་སྒོས་ཤར་མར་བཤད་འཕྲོར། བྱང་ཆ་དོད་པོའི་སྒོ་ནས་འདྲི་གཅོད་དངོས་ལ་ཞུགས་བྱུང་།
       “ཁྱོད་འདིར་འབོད་དོན་ཅི་ཡིན་ཨེ་ཤེས།”
       དོན་འགྲུབ་ཀྱིས་རུ་གཙོའི་ཟུར་དུ་ཡོད་ཅིང་། ད་ཅི་ཁོ་པ་སྟེགས་གྲུག་ཁང་ནས་གློ་རྡེག་ཏུ་ཁྲིད་ཡོང་མཁན་གྱི་ཉེན་རྟོག་པ་དེ་གཉིས་ལ་ལྟ་ཙམ་བྱས་རྗེས། སླར་ཡང་རུ་གཙོ་དབང་ལྡན་གྱི་འབྱེད་འཛུམ་མེད་པའི་མིག་ཟུང་ལ་ཅེར་ཏེ་བསྡད།
       “མི་ཤེས།”
       “ཁྱོད་མདང་དགོང་གང་ལ་སོང་བ་ཡིན།”
       དོན་འགྲུབ་ཀྱིས་རུ་གཙོའི་འདྲི་ཚིག་དེར་ཇི་ལྟར་ལན་གདབ་དགོས་མིན་དང་། དེའི་དམིགས་བྱ་ཅི་ཡིན་ཁྱོན་ནས་ཧ་མ་གོ
       “ཐོབ་ཐང་དཔང་ཡིག་འདི་ཁྱོད་ཀྱི་རེད་དམ།”
       “རེད།”
       “ཁྱོད་མདང་དགོང་གཡུ་ལུང་སྡེ་གསར་དུ་ལྷ་མོའི་སར་སོང་ངམ།”
       “འོ་ལེ།”
       “ཁྱོད་ཁྱིམ་ལ་ཇི་ལྟར་འཛུལ་བ་ཡིན།”
       “སྒེའུ་ཁུང་བརྒྱུད་ནས།”
       “སྒེའུ་ཁུང་གཏན་མི་འདུག་གམ།”
       “ངས་ཐོབ་ཐང་དཔང་ཡིག་བར་ལ་དྲངས་ཏེ་ཕྱེ་བ་ཡིན། དེ……། མདང་དགོང་དེ་ནས་ལུས་སོང་།”
        “ལྷ་མོ་དང་ཁྱོད་གཉིས་ཀྱི་འབྲེལ་བ་ཅི་ཡིན།”
       “གནས་ལ་སོང་མེད་དུས་འགྲོགས་བཟང་ཡིན།”
       “གནས་ལ་ཡོང་རྗེས་འབྲེལ་བ་བྱས་ཨེ་མྱོང་།”
       “མ་མྱོང་།”
       “མདང་དགོང་ཁྱོད་གཉིས་དབར་ལུས་འབྲེལ་ཨེ་བྱུང་།”
       “བྱུང་ཟིན།”
       “ཁྱོད་སྒེའུ་ཁུང་བརྒྱུད་ནས་བྲོས་སོང་ཟེར་བ་བདེན་ནམ།”
       “བདེན། བུ་མོ་སད་དེ་སྐད་བརྒྱབ་པས་མོས་ང་ལ་འཕུད་རྒྱག་བྱས་བྱུང་། དེ་ནས་ང་བྲོས་པ་ཡིན།”
       རུ་གཙོ་དབང་ལྡན་གྱི་སྐད་གསང་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་འདུག་པ་དེས། དོན་འགྲུབ་ལ་བཤད་མི་ཤེས་པའི་ཞེད་སྣང་འབའ་ཞིག་སྐྱེས་ལ། ཟ་འགྲམ་བརླན་པའི་རྔུལ་ཆུ་ཡིས་ཁོ་རང་སྡོད་བཟོད་མི་བདེ་བར་བྱས།
       “དེ་འདྲའི་གྲོས་ཁ་ཞིག་འཆམ་ཡོད་ན། ཁྱོད་གཟས་ཏེ་སྒེའུ་ཁུང་བརྒྱུད་ནས་འགྲོ་དོན་ཅི་ཡིན།”
       “ནང་སྒོ་གཏན་འདུག་པས……”
       “ཁྱོད་ལ་མི་ཚང་གཞན་དུ་འཛུལ་རྒྱུའི་དབང་ཆ་ཞིག་སུས་བྱིན་པ་ཡིན། ད་རུང་ཤེལ་སྒོ་བཅགས་ནས།”
       “མོས་ང་ལ་གསང་སྟབས་ཀྱིས་ཡོང་ཆོག་ཅེས་བཤད་ཡོད།”
       “ཨ། མོས་དུས་ནམ་ཞིག་ལ་གནས་གང་ཞིག་ནས་སྐད་ཆ་དེ་བཤད་པ་རེད།”
       རུ་གཙོ་དབང་ལྡན་གྱི་གདོང་ལ་གློ་བུར་དུ་སྔར་ལས་ཀྱང་དྲག་པའི་གཟབ་ཉམས་ཤིག་མངོན་བྱུང་།
       “ཁ་སང་ཉིན་གུང་གྲོང་སྐོར་ལྷོ་ལམ་སྣེ་ཡི་སྔོ་ཚོད་འཚོང་ས་དེ་རུ་བཤད་པ་ཡིན།”
       “ཁྱོད་ཤོག་ཅེས་ཁ་པར་བརྒྱུད་ནས་བཤད་པ་ཡིན་ནམ། ངོ་ཐུག་ནས་བཤད་པ་ཡིན།”
       “ངོ་ཐུག་ནས་བཤད་པ་ཡིན། ངའི་ཁ་པར་བོར་བརླག་ཐེབས་ཟིན་པས་འབྲེལ་ལམ་གཞན་ཅི་ཡང་མེད།”
       “འབྲེལ་ལམ་གཞན་ཅི་ཡང་མེད……”
       རུ་གཙོས་དོན་འགྲུབ་ཀྱི་སྐད་ཆ་དེ་ངག་ལ་བཟློ་བཞིན་འདང་ཞིག་བརྒྱབ་མུར། འཕྲལ་དུ་དོན་དག་ཅིག་ལ་དྲན་སོས་སོང་བ་ལྟར་ཉེན་རྟོག་པ་གཉིས་གམ་དུ་བོས་ཤིང་། དོན་འགྲུབ་ཁྲིད་ནས་སྔོ་ཚོད་འཚོང་སའི་ཡུལ་དངོས་ཉེ་ལོགས་ཀུན་ཏུ་བརྙན་མིག་སོགས་འབྲེལ་ཡོད་བདེན་དཔང་ཡོད་མེད་ལ་བརྟག་དཔྱད་ནན་མོ་བྱེད་པར་བསྐུལ།
       ཉེན་རྟོག་པ་དག་གི་གམ་དུ། དོན་འགྲུབ་ནི་བླ་འཁྱམས་འདུག་པའི་མི་ཞིག་དང་འདྲ་སྟེ། འདི་ལྟ་བུའི་དོན་དག་ཅིག་འབྱུང་བ་ཁོའི་བསམ་ཡིད་ལའང་དྲན་མི་ཕོད། མདང་ནུབ་ཁོ་དང་ལྷ་མོ་གཉིས་ཀ་ཤིང་སྐམས་མེ་ལྕེར་ཕྲད་པའི་ཚག་སྒྲ་དང་། སྤྱང་ལྟོགས་གཟན་ལ་ཐུག་འདྲའི་མྱོས་འགྱུར་ལ་ཞུགས་ཏེ། འབྱུང་ཁམས་མ་ལུས་བདེ་དྲོད་ཀྱིས་བརྟས་ནས་སྨྱོ་ལ་ཁད་ཅིག་བྱེད་ཀྱིན་པའི་གླགས་དེར། སྒོ་ཁའི་མལ་ཁྲིའི་སྟེང་གི་བུ་མོ་ཆུང་ངུ་དེ་གློ་བུར་སྔངས་སད་ཅིག་གིས་ཡར་དགྱེ་སྟེ་སྐད་བརྒྱབ་བྱུང་བས། ལྷ་མོའི་དྲོད་ཤ་འཁྱིལ་བའི་ཉལ་ས་དང་ཁོའི་བདེ་དྲོད་འབར་བའི་ལུས་པོ་གཉིས་ཀའང་། བལྟས་བལྟས་རིག་རིག་ལ་མི་འདོད་བཞིན་དུ་ཁ་འབྲལ་དགོས་བྱུང་སོང་བ་མིན་ནམ། ཁོས་འདི་ལྟར་མགོ་བོ་དང་ཁར་སྨད་ནས་གློ་བུར་བའི་དོན་དག་འདིར་ཚོད་བགམ་སྣ་ཚོགས་བྱས་མོད། ལས་བསམ་སར་མི་འགྲོ་གསེག་སར་འགྲོ། རྡོ་གཡའ་མའི་ཆག་ཁ་འཕྲེད་དུ་གས་ཞེས་པའི་དཔེ་ལྟར།ཡུལ་དངོས་དེ་རུ་ཁོ་གཉིས་ཀྱིས་ཕན་ཚུན་ལ་དུས་བཅད་བྱེད་ཀྱིན་པའི་བརྙན་མིག་གི་བདེན་དཔང་ཕར་ཞོག ཐ་ན་ངོ་ཕྲད་མྱོང་བའི་བདེན་དཔང་ཞིག་ཀྱང་མི་འདུག་པ་དེ་ཡིས། དོན་འགྲུབ་ཀྱི་ཞེ་རྩ་མ་ལུས་གཞི་ནས་བློང་བློང་པོར་བཏང་བྱུང་། ཁོས་ལྷ་མོའི་བུ་མོ་དེས་རང་གི་ཨ་ཕར་བཤད་རྐྱེན་གྱིས། ཁོ་རང་འདི་ལྟར་བསམ་ཡུལ་ལས་འདས་པའི་གྱོད་དོན་ཞིག་གི་ཁྲོད་དུ་ཚུད་སོང་བ་མིན་འགྲོ་བསམ་ཞོར་དུ། “ཁྱོ་གས་ཤེས་དུས་ང་གསད་འཇོག་ངེས། བཙན་ནི་རེད། ངས་རྒྱུན་དུ་གསང་གི་ཡོད་པ་མ་གཏོགས། དོན་དག་ཙག་ཙིག་ཅིག་གི་ཆེད་དུའང་ང་ལ་གསོད་ཐག་ཆོད་བྱས་ཏེ་གཅར་མྱོང”ཞེས་པའི་ལྷ་མོའི་སྐད་ཆ་དེ་དག་ཀྱང་། ཁོའི་ད་ལྟའི་འཚིག་པ་དང་ཡི་ཆད། སེམས་ཁུར་དང་སོམ་ཉིས་བསྣད་པའི་ནང་སེམས་ལ་བྲག་ཅ་བཞིན་འཁོར་གྱིན་འདུག
ལྔ།
       ཟླ11པའི་ཚེས23ཉིན། བྲག་དམར་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཁག་གིས། ལྷ་མོ་བཟའ་མི་ཡོངས་དང་དོན་འགྲུབ་བཅས་ལ་ཁ་བརྡ་འདྲི་གཅོད་བྱས་པའི་བདེན་དཔང་དག་གཞིར་བྱས་ཏེ། ལྷ་མོ་དང་དོན་འགྲུབ་གཉིས་ཀ་ཉིན་དེར་ངོ་ཕྲད་པའི་བདེན་དཔང་མེད་པ་དང་གཅིག ངོ་ཕྲད་ནས་དུས་བཅད་བྱས་ཚུལ་གྱི་བདེན་དཔང་མེད་པ་དང་གཉིས། དོན་འགྲུབ་ཀྱིས་མཚན་སྨད་ཅིག་ལ་མི་ཚང་གཞན་གྱི་སྒེའུ་ཁུང་གཏོར་ནས་ནང་དུ་འཛུལ་ཁར། སྒེའུ་ཁུང་གི་ཤེལ་ལེབ་ཀྱང་བཅགས་འདུག་པའི་བདེན་དཔང་འདུག་པ་དང་གསུམ།དོན་འགྲུབ་ཀྱི་བྱ་སྤྱོད་འདིའི་ཐོག་མའི་ཀུན་སློང་ལྷ་མོ་ལ་ལུས་འབྲེལ་བྱ་ཆེད་ཁོ་ན་ཡིན་པ་དང་བཞི། དོན་འགྲུབ་ཀྱིས་ཕ་རོལ་བ་གཉིད་དུ་ཡུར་སྐབས་ལུས་འབྲེལ་བྱས་ཤིང་། ལྷ་མོ་གཉིད་ལས་སད་མ་ཐག་མི་འཐད་པའི་རྣམ་འགྱུར་གྱིས་འཕུད་རྒྱག་བྱས་ཡོད་པ་དང་ལྔ། ལྷ་མོའི་ལུས་སྟེང་དང་མལ་ས་རུ་དོན་འགྲུབ་ཀྱི་མཛུབ་རྗེས་དང་ཀློག་ཤུ། སྐྲ་རྐང་། ཐོབ་ཐང་དཔང་ཡིག་སོགས་ཀྱི་བདེན་དཔང་འདུག་པ་དང་དྲུག དོན་འགྲུབ་ཀྱིས་ཁོ་གཉིས་སྔོན་ཆད་འགྲོགས་བཟང་ཡིན་པར་བསྙད་ཀྱང་། དེང་སྐབས་ཁ་པར་གྱི་འབྲེལ་ལམ་ཙམ་ཡང་མེད་པའི་དངོས་ཡོད་གནས་ཚུལ་དང་བདུན། ལྷ་མོའི་བུ་མོས་ཀྱང་དགོང་མོ་དེའི་གནས་ཚུལ་མ་ལུས་དངོས་སུ་མཐོང་ཚུལ་གྱི་ཞར་བྱུང་ཁ་བརྡ་དང་བཅས། ཁྲིམས་མཐུན་བདེན་དཔང་མི་འདྲ་བ་བརྒྱད་ལྷག་ལེགས་པོར་གུང་བསྒྲིགས་ཤིང་། ཕྱི་ཉིན། རུ་གཙོ་དབང་ལྡན་གྱིས་གྱོད་དོན་འདིའི་ཚུགས་ཐུབ་བདེན་དཔང་ཁ་ཚང་རྫོང་མི་དམངས་ཞིབ་དཔྱོད་ཁང་དུ་སྤྲོད་འཆར་གྱིས། དོན་འགྲུབ་ཅེས་པའི་སྐྱེས་པ་དེ་ཁྲིམས་ཀྱི་གཅུན་ཐག་གིས་བཀྱིག་རྒྱུའི་འགྲོ་ལུགས་ཆད་མེད་དུ་བསྒྲུབས་འདུག་མོད། ཉིན་གུང་སྲང་ལམ་ནས་ཕྲད་པའི་མགོ་ཁྲིད་ཅིག་གི་སྐད་ཆ་ཡིས། རུ་གཙོ་དབང་ལྡན་ཅི་ཡིན་འདི་ཡིན་མི་ཤེས་པའི་འདང་རྒྱག་གི་གཟེབ་ཏུ་བཅུག་བྱུང་།
       “ཁྱོད་ལས་ཀར་འཇོན་པོ་འདུག་ཟེར། ཡག་པོ་རེད། མདང་དགོང་ཆུང་མས་ང་ལ་མོའི་ནང་ཚགས་ཀྱི་སྐྱེས་པ་ཞིག་གིས་བཙན་གཡེམ་བྱས་ཏེ་བཟུང་འདུག་ཟེར། ངས་ཕྱིར་མོ་ལ་བཙན་གཡེམ་བྱས་ན་ལོས་འཛིན། དེའི་རིགས་འཛིན་དགོས་པར་མ་ཟད་ཁྲིམས་ལ་སྦྱར་ན་འགྲིག་འདུག་ཅེས་བཤད་པ་ཡིན། སྒྲིག་ལམ་དང་འགྲོ་སྟངས་མེད་ན་ག་ལ་ཆོག མུ་མཐུད་དུ་བྱ་བ་ཡག་པོར་སྒྲུབས་དང་མདུན་ལམ་རྒྱ་ཆེན་པོ་ཡོད་ནི་རེད། ང་ཚོགས་འདུ་ཞིག་ལ་འགྲོ་དགོས་པས་རྗེས་མར་ཡུན་གྱིས་བཤད།”
       མཁའ་མཐའ་སྤྲིན་པས་ཁེངས་པའི་སྟོན་མཇུག་གི་ས་སྲོད་འདིར། རུ་གཙོ་དབང་ལྡན་གྱིས་ཉིན་གུང་ལམ་ཁར་འཕྲད་པའི་མགོ་ཁྲིད་དེའི་མགོ་རྔ་མེད་པའི་སྐད་ཆ་དེར་མནོ་བསམ་བྱེད་ཞོར་དུ། ཁྱིམ་ལའང་མ་སོང་བར་རྨ་འགྲམ་ན་ཙོག་པུར་བསྡད་འདུག་ལ། སྙན་གྲགས་དང་དབང་སྡུད་ཆེ་བའི་མགོ་ཁྲིད་ཁོང་གི་སྐད་ཆ་འདི་ནི།ད་ལྟ་ཁོའི་མིག་མདུན་ན་ནག་ཡོར་ཡོར་བཞུར་གྱིན་པའི་རྨ་ཆུ་ལི་མའི་འཁྱུག་འགྲོས་དང་འདྲ་བར། ཅི་འདྲའི་གཏིང་མཐའ་མི་ལོན་ཞིང་མངོན་ལྐོག་མི་ཤེས་པའི་ཟབ་ཚད་ཅན་ཞིག་རེད་ཨང་། གལ་ཏེ་ཁོ་ལའང་སྟབས་འགྲིག་སྟེ། རྨ་ཆུ་དལ་འབབ་རིང་མོ་དེའི་འཁྱིལ་ཁུགས་སུ་གཡེང་ཆོག་པའི་གྲུ་ཆུང་ཞིག་ཏུ་འགྱུར་ཐབས་ཡོད་རྒྱུ་ན······། ཁོ་དེ་ལྟར་འདང་རྒྱག་གི་ནང་དུ་ལྷུང་འདུག་ལ། ཡང་ཕྱོགས་གཅིག་ནས་ཁོའི་སེམས་ལ་ལྷ་མོའི་དཀར་ཤ་དམར་མདངས་ཀྱི་ཞལ་ཁྱིམ་དང་གཡེར་བག་གིས་ཁེངས་པའི་ཆ་བྱད། ལྐོག་ནས་རང་ཉིད་ཁོ་ནར་བཅོལ་གྱིན་པའི་ཡིད་དན་སོགས་ཀྱང་ཡང་ཡང་དྲན་ཁར། ཁྱི་སྐྱག་དེས་རང་གི་ཟུར་བསྟེན་སྙིང་སྡུག་ལ་བརྙས་བཅོས་འདི་ཙམ་བྱས་འདུག་པར་འཚིག་པ་གཏིང་ནས་ཟོས། ལྷག་པར་ལོ་ངོ་དགུའི་སྔོན་དུ་ལྷ་མོའི་མངལ་ལ་འཁོར་བའི་རང་ཉིད་ཀྱི་བུ་མོ་འཁྲུལ་མེད་དེའང་། ད་ལྟ་མོའི་ཨ་མ་དང་ལྷན་དུ་འཁོར་བའི་བདེ་གཟར་མ་ལུས་ཀོང་ཀོང་དུ་བསྒྲིལ་ནས་ཁོའི་སྐྱབས་འོག་ཏུ་ཐོན་ཞིང་། ད་ཕན་སྐྱིད་སྡུག་ཅི་འབྱུང་ཐད་སྨོན་ལམ་རྩེ་གཅིག་འདེབས་ཀྱིན་པ་སོགས་ཀྱང་། ཁོའི་ཁ་ཕྱོགས་མེད་པའི་ནང་སེམས་ཀྱི་གཏིང་རིམ་ཀུན་ལ་ཡང་དང་ཡང་དུ་ཐོགས་བྱུང་ལ། བར་སྐབས་དེར། སྲོད་ཀྱི་སྨག་རུམ་སྟུག་པོའང་དལ་བ་དལ་བུར་ཕྱོགས་དང་ཕྱོགས་ནས་གཞི་གཅིག་ཏུ་འདུས་བྱུང་བས། རུ་གཙོ་དབང་ལྡན་གྱི་མཐོང་ལམ་མ་ལུས་སྐད་ཅིག་སྐད་ཅིག་གི་ཡུན་ལ་ཧྲིལ་གྱིས་བསྒྲིབས་སོང་། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།