རྒྱལ་ཁབ9ལ་འགྲོ་མྱོང་བའི་དབང་པོ་སྐྱོན་ཅན་ཞིག་གི་ངོ་མཚར་གཏམ་རྒྱུད།
རྩོམ་པ་པོ།:
ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར།
དུས་ཚོད།:2026-01-08 08:20:09
ཀློག་གྲངས།:
བསམ་ཕོད་ལ་སྒྲུབ་ཐུབ་མཁན་གྱི་རྒན་ཉི་མ་དབང་འདུས་ལགས་ཀྱི་གཏམ་རྒྱུད་ཅིག་གསན་དང་།
—གཏམ་བཤད་པ་གྲགས་ཅན་ཉི་མ་དབང་འདུས་ཀྱི་སྐོར་བཀོད་པ།
སེམས་བག་ཡངས་ཤིང་གཞན་ཕན་ལས་ལ་གཞོལ་རྒྱུར་མོས་པ། ངག་རྩལ་བདེ་ཞིང་བསྟན་བཤིག་སློང་རྒྱུར་དགའ་བ། ཉམས་མྱོང་ཕུན་སུམ་ཚོགས་པ་དང་ཕུགས་བསམ་གྱིས་ཕྱུག་པ། བསམ་ཕོད་ལ་སྒྲུབ་ཕོད་པའི་གཏམ་བཤད་པ་ཉི་མ་དབང་འདུས་གང་དུ་ཡོད་པ་དེ་གར་སྤྲོ་སྣང་དང་དགོད་སྒྲས་ཁེངས་བཞིན་མཆིས།

སྐྱེ་བོ་ཡོན་ཏན་ཡོད་མེད་པའི། །བླང་དོར་བློ་གྲོས་ལྡན་པ་མཁས། །རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས། །ཁབ་ལེན་རྡོ་ཡིས་ལེན་པར་ཤེས། །ཞེས་པ་ལྟར། ཀུན་གྱིས་མཐེ་བོང་སྒྲེང་ཞིང་བསྔགས་བརྗོད་ཚད་མེད་ཐོབ་པའི་གྲགས་ཅན་གཏམ་བཤད་པ་ཞིག་ཏུ་གྱུར་དོན་ནི་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་དཀའ་བ་དུ་མ་དང་དུ་བླངས་ཤིང་ངལ་བ་མང་པོ་ཁྱད་དུ་བསད་དེ། དྲག་ཆར་རླུང་འཚུབ་དང་འགྲན་སློང་རེ་རེ་གདོང་གིས་བསུས་པ་དང་མི་ཚེའི་འཕྲང་ལམ་མཐའ་དག་བཤགས་ནས་ངོ་མཚར་གྱི་གཏམ་རྒྱུད་མང་པོ་བརྩམས་དང་རྩོམ་བཞིན་པས་རེད།
ཐུགས་རྗེའི་བྱམས་ཀྱིས་སྐྱོང་མཁན་སྤོ་བོ་ལགས་དང་རྨོ་བོ་ལགས།
ཁོང་ལྟེ་ཁྲག་འཕོ་ས་ནི་དཀར་མཛེས་རྫོང་དུ་ཡིན་ཞིང་། ན་མཉམ་གྱི་བྱིས་པ་གཞན་དང་མི་འདྲ་བར་ཕ་མ་གཉིས་པོའི་བྱམས་སྐྱོང་ཐོབ་མྱོང་མེད་ལ། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ལྟ་ན་སྡུག་པའི་མཛེས་སྡུག་ལ་མྱོང་རོལ་བྱེད་སྐལ་ཡང་མ་བྱུང་བར། ལས་དབང་བཙན་པོའི་ཕོ་ཉས་གང་དེད་ལྟར། སྐྱེས་ནས་ཟླ་བ་གསུམ་ལས་མ་སོང་བར་ནད་ཀྱི་གདུང་བ་དྲག་པོས་མནར་ནས་མིག་གཉིས་མ་རིག་པར་གྱུར་པ་དང་། ཟླ་བ་བཞི་ལ་སླེབས་དུས་ཡབ་ཆེན་ཚེ་ལས་འདས། མུ་གེའི་སྒང་ལ་ཟླ་ལྷགས་ཀྱི་དཔེ་ལྟར་དེ་ནས་མི་རིང་བར་ཨ་མ་མི་གཞན་དང་མཉམ་དུ་སོང་བས། ཁོང་གི་བྱིས་དུས་ཀྱི་འཚོ་བ་ནི་སྐྱིད་པོ་ཉིས་རྩེག་ཡོང་རྒྱུ་ལྟ་ཅི། སྡུག་པོ་སུམ་རྩེག་གིས་མནར་ནས་ཡ་ང་དགོས་པའི་གནས་སུ་ལྷུངས།ཡིན་ནའང་སྤོ་བོ་ལགས་དང་རྨོ་བོ་ལགས་ཀྱིས་བྱམས་སྐྱོང་ཚད་མེད་གནང་གི་ཡོད་ཅིང་། ད་ལྟའི་ཐོབ་པར་དཀའ་བའི་འཚོ་བའི་སྐོར་གླེང་སྐབས་དྲན་པའི་ཡོལ་བ་ཕྱེ་ཞོར་ཁོང་གིས། བྱིས་དུས་སུ་སྤོ་བོ་ལགས་དང་རྨོ་བོ་ལགས་ངའི་ཆགས་ས་རྟེན་ས་གཅིག་པུ་དེ་ཡིན་ཞིང་། ཁོང་རྣམ་གཉིས་ཀྱིས་ང་རང་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟ་བུར་བརྩིས་ནས། ཁྱིམ་གྱི་འཁོས་ཀ་ཞན་ཡང་དཀའ་ངལ་ཆེ་ཆུང་གང་ལའང་མ་བལྟོས་པར། ཆེན་པོ་ཆགས་རྗེས་དཀའ་སྡུག་མང་པོ་མྱོང་མི་དགོས་པའི་ཆེད་དུ་ཞར་དང་ཞོར་ལ་དཔེ་ཆ་སྐྱོར་སྟངས་དང་། རྩིས་རྒྱག་སྟངས། རྟ་བཞོན་སྟངས་སོགས་བུམ་པ་གང་བྱོའི་ཚུལ་གྱིས་བསླབས་པ་དང་། ལྷག་པར་དུ་སྤོ་བོ་ལགས་ཀྱིས་གང་དུ་འགྱེལ་ན་དེ་ནས་ཡར་ལངས་དགོས་པའི་མི་ཚེའི་གདམ་ངག་དེ་ཡང་ཡང་གསུང་གི་ཡོད་པས། ད་ལྟ་རང་མགོ་རང་ཐོན་གྱི་མི་ཚེ་ཞིག་སྐྱེལ་རྒྱུ་བྱུང་བ་དེ་ཁོང་རྣམ་པའི་བཀའ་དྲིན་ཡིན་ཞེས་བརྩེ་བས་ཕྱུག་ཅིང་ཀྱག་ཀྱོག་གི་མི་ཚེར་སྒྲོན་མེ་ལྟ་བུའི་ལམ་སྟོན་གནང་མཁན་ལ་བཀའ་དྲིན་ཆེན་པོ་ཚོར་བཞིན་དུ་གསར་འགོད་པར་བརྗོད།
ལོང་བའི་སློབ་གྲྭར་བསྐྱོད་དེ་ལས་དབང་གི་གོམ་ཁ་སྒྱུར།
2002ལོར་ཁོང་ལོང་བའི་སློབ་གྲྭར་འགྲོ་བའི་སྐལ་བཟང་ཐོབ་པ་ནས་བཟུང་མི་ཚེའི་ལས་དབང་ལ་ཁ་ལོ་སྒྱུར་བའི་གོམ་པ་དང་པོ་དེ་སྤོ་འགོ་ཚུགས། ལྷག་པར་དུ། རང་ཉིད་འགྲོ་སའི་ལོང་བའི་སློབ་གྲྭ་དེའང་ལོང་བ་ཞིག་གིས་བཙུགས་པ་ཧ་གོ་དུས་བྱ་གཞག་དེ་ཧ་ཅང་རླབས་ཆེན་ཞིག་ཡིན་པ་ཚོར། གཅིག་ནས་ཁོང་གི་མཛད་འཕྲིན་རླབས་པོ་ཆེས་ཤུགས་རྐྱེན་དང་། གཉིས་ནས་རང་ཉིད་ཀྱི་འབད་བརྩོན་དང་སེམས་ཤུགས་ཀྱི་སྐུལ་སློང་དྲག་པོས་ད་ལྟའི་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་དེའང་གཙོ་བོ་ལོང་བའི་སློབ་གྲྭ་འཛུགས་མཁན་གྱི་དགེ་རྒན་ཁོང་གི་མི་ཚེའི་མཛད་པ་དང་ལམ་སྟོན་དང་ཁ་བྲལ་ཐབས་མེད་པ་ཨ་ཅང་བརྗོད་མེད་རེད།

དཀའ་བའི་བྲག་ལ་མ་འཛེགས་ན་བདེ་མོའི་ཐང་ལ་སླེབས་མི་སྲིད་ཟེར་བའི་དཔེ་ལྟར་ཉི་མ་དབང་འདུས་ཀྱིས་སློབ་གྲྭའི་ནང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་སློབ་ལ་བརྩོན་པ་ལྷོད་མེད་བྱས་པས་ཉི་མ་དབང་འདུས་ཀྱི་སློབ་སྦྱོང་གི་སྦྱང་འབྲས་སློབ་མ་གཞན་ལས་གཟེངས་སུ་ཐོན་པས། དགེ་སློབ་མང་པོས་ཁོང་གི་སྤྱང་གྲུང་དང་སྡུག་རུས་སོགས་ཀྱི་གཤིས་རྒྱུད་ལ་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད་ལ། ཁོང་དང་སློབ་གྲོགས་ཚོ་ཡང་བོད་ནས་ལོང་ཡིག་ལྟ་ཀློག་བྱེད་མཁན་ཁག་དང་པོར་གྱུར་ཡོད།
ཁོང་གིས་ལོང་བའི་སློབ་གྲྭའི་ནང་སློབ་མ་ཚང་མ་ང་དང་འདྲ་བར་དབང་པོ་སྐྱོན་ཅན་ཤ་སྟག་ཡིན་པས། ཕན་ཚུན་གཅིག་སེམས་གཅིག་ལ་མཐུན་ཞིང་ཤེས་རིག་གི་དྲི་བསུང་འཐུལ་བའི་སློབ་གླིང་ནང་མཉམ་དུ་འཚར་ལོངས་ཀྱི་ལོ་ཟླ་ནི་ངའི་མི་ཚེའི་ནང་དགའ་ཤོས་དང་བདེ་སྐྱིད་ཆེ་ཤོས་ཀྱི་དུས་ཚོད་ཡིན་ཞེས་འདས་དོན་ལ་ཕྱིར་དྲན་བྱེད་ཀྱིན་གསར་འགོད་པར་འཁོན་འཁོན་ཐོགས་ཐོགས་མེད་པར་བརྗོད།
ཤེས་བྱའི་ནམ་འཕང་བཅད་ནས་ངོ་མཚར་གཏམ་བཤད་བྱས།
གོ་སྐབས་ནི་རྟག་ཏུ་གྲ་སྒྲིག་ཡོད་མཁན་ལ་དབང་བ་ཡིན་ཞེས་པ་ལྟར། 2005ལོར་ཁོང་གིས་རང་ཡུལ་ནས་བྲལ་ཏེ་ཕྱི་རྒྱལ་དུ་བསླབ་པ་དོན་གཉེར་ལ་ཐོན། ཁོང་གི་བརྩོན་འགྲུས་དང་སྙིང་སྟོབས་ལ་དགེ་སློབ་མང་པོའི་གདེང་འཇོག་ཐོབ་ཡོད་ལ། སློབ་གཉེར་གྱི་ལམ་བུའི་ཐོག་གཡུར་ཟའི་གྲུབ་འབྲས་ཐོབ་ནས་སྔ་རྗེས་སུ་ཕྱིའི་རྒྱལ་ཁབ9ལ་བསྐྱོད་མྱོང་བ་ནི་མི་སྨོན་རང་སྐྱིད་ཞིག་ཏུ་མཐོང་མོད། འོན་ཀྱང་གྲུབ་འབྲས་རེ་རེའི་རྒྱབ་ཏུ་ཁོང་གིས་དཀའ་སྡུག་གི་མིག་ཆུ་བཏོན་ཡོད་པ་སུས་རྟོགས། དཔེར་ན། མདུན་ལམ་གྱི་ཆེད་དུ་བར་ཐག་ལེ་དབར་སྟོང་གིས་ཆོད་ཅིང་རྒྱུས་མངའ་ཅི་ཡང་མེད་པའི་ཕྱི་རྒྱལ་དུ་སློབ་གཉེར་ལ་སྐྱོད་སྐབས་ལུས་སེམས་གཉིས་ཀར་འཕྲད་པའི་དཀའ་ཚེགས་དང་། སེམས་ཁྲལ། དེ་བཞིན་ཕ་ཡུལ་དྲན་པའི་གདུང་བ་སོགས་དཀའ་ངལ་མང་པོ་ཁྱད་དུ་བསད་ཡོད།
ཕྱི་རྒྱལ་ནས་བདེ་བླག་ངང་སློབ་མཐར་ཕྱིན་ཏེ་རང་ཡུལ་དུ་ལོག་རྗེས། ཉི་མ་དབང་འདུས་ཀྱིས་མ་ཡུམ་སློབ་གྲྭར་རང་གི་ནུས་པས་ལྕོགས་ཚོད་ཀྱི་སྲི་ཞུ་ཅུང་ཟད་བསྒྲུབས་ཐུབ་ན་སྙམ་སྟེ། དེ་གར་དགེ་རྒན་གྱི་ལས་ལ་གཞོལ། སློབ་གསོ་སློབ་ཁྲིད་ཐད་ཁོང་གིས་སློབ་ཚན་ཁོ་ན་ཁྲིད་ནས་མི་སྡོད་པར། སློབ་མའི་ཁྱད་ཆོས་དང་ཕུགས་བསམ་དང་ཟུང་དུ་འབྲེལ་ཏེ་སྤྱི་ཚོགས་ཐོག་ཐབས་དང་རྩལ་སྟོན་པའི་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། སློབ་མ་ཚོ་ཡར་རྒྱས་ཆེན་པོ་ཕྱིན་པ་མཐོང་སྐབས་རང་ཉིད་སྤྲོ་བ་རབ་ཏུ་འཕེལ། དེ་ལྟར་གོང་རིམ་ནས་ཁོང་གི་འཇོན་ཐང་ལ་གདེང་འཇོག་ཆེན་པོ་བྱས་པ་དང་ཆབས་ཅིག 2011ལོར་ཁོང་སློབ་སྤྱིར་བསྐོ་གཞག་བྱས། བགྲང་བྱ་འདི་དག་རིང་ཁོང་གིས་སློབ་གྲྭ་རང་ཁྱིམ་དང་སློབ་མ་བུ་ཕྲུག་ལྟར་བརྩིས་ནས་རང་ནུས་གང་ཡོད་ཀྱིས་སློབ་མ་གསོ་སྐྱོང་གི་ལས་ལ་གཞོལ་བ་ཕུད། གསེར་སྤུས་དག་བྱེ་མའི་ནང་ནས་ཐོན་ཞེས་པ་ལྟར་ཁོང་གི་མི་ཚེའི་གར་སྟེགས་རྒྱ་ཇེ་ཆེར་དང་ཁོད་ཇེ་སྙོམས་སུ་སོང་སྟེ། སྔ་རྗེས་སུ་ཧཱ་ཧྥུའུ་སློབ་ཆེན་དང་། ཆིང་ཧྭ་སློབ་ཆེན། དེ་བཞིན་ལྗོངས་ནང་ཁུལ་གྱི་ས་ཆ་མང་པོར་མི་སེམས་ལ་ལྕག་སྐུལ་ཐེབས་ཤིང་། མིག་ཟུང་མཆི་མས་བརླན་པར་བྱེད་པའི་གཏམ་བཤད་བརྒྱ་ཕྲག་སྤེལ་བའི་ངོ་མཚར་གྱི་མི་ཚེའི་རྗེས་ཤུལ་བཞག་དང་གཞག་མུས་ལགས།

དེ་བཞིན་མཐོ་ཚད་སྨི6178ཟིན་པའི་རི་བོ་དཔའ་ལྷ་སྟག་རྩེ་འཛེགས་པའི་སྐོར་གླེང་སྐབས། ཁོང་གིས་དེ་ནི་གཅིག་ནས་རང་ཉིད་ཀྱི་དགའ་ཕྱོགས་ལ་བརྩི་ཆོག་ལ། གཞན་ནས་རང་ཉིད་གཏམ་བཤད་པ་ཞིག་ཡིན་པས། རི་མཐོ་པོ་དེ་འདྲ་འཛེགས་ནས་འཚོ་བའི་ནང་དཀའ་ངལ་འདྲ་མིན་སྣ་ཚོགས་ཕྲད་དང་འཕྲད་མུས་ཀྱི་མི་རྣམས་ལ་དཀའ་ངལ་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་སེམས་ཤུགས་སྟེར་བའི་ཆེད་དུ་ཡིན། ད་དུང་མཐོ་ཚད་སྨི7000ཟིན་པའི་རི་བོར་འཛེགས་པའི་འཆར་གཞི་ཡོད་ཅེས་སྤོབས་སེམས་ཀྱིས་ཁེངས་བཞིན་དུ་བརྗོད།
བརྩོན་འགྲུས་རྟ་ཕོ་ལྕག་གིས་བསྐུལ་བའི་སྙིང་སྟོབས།
བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་གྱུར། །ལེགས་དང་ཉེས་པར་བྱེད་པ་ལ། །བདག་ཉིད་བདག་གི་དཔང་པོ་ཡིན། །ཞེས་པ་ལྟར། དུས་རྒྱུན་དུ་བདག་ཉིད་བདག་གི་མགོན་དུ་བསམས་ཏེ། “རྣམ་གཡེང་དང་། ལེ་ལོ། སྒྱིད་ལུག་གི་སྒོ་ནས་དུས་མི་འདའ་བར། ཡིད་ཆེས་ཆེན་པོ་དང་དཀའ་སྤྱད་སྡུག་རུས་ཀྱིས་ཀྱག་ཀྱོག་གི་མི་ཚེའི་ལམ་བུར་དཀའ་ཁག་ཇི་འདྲ་ཞིག་ཕྲད་ཀྱང་ཕྱིར་བཤོལ་མི་བགྱིད་པར། ཉིན་གཅིག་ལ་དཔེ་བླངས་པ་ལྟར་འབད་བརྩོན་བྱེད་དགོས”ཞེས་ཉི་མ་དབང་འདུས་ཀྱིས་ཤོད་ཀྱི་འདུག

ང་ཚོས་ཁོང་གི་འབྱུང་འགྱུར་གྱི་ལས་ཀའི་འཆར་གཞིའི་སྐོར་གླེང་སྐབས། ཁོང་གིས། ད་ལྟའི་གྲུབ་འབྲས་ལ་བློ་ཡིད་ཚིམས་ནས་མི་སྡོད་པར་སྔར་ནས་ད་བར་རང་གཞན་གཉིས་ལ་ཕན་པའི་ལས་ཀ་གང་ཐུབ་བྱེད་ཀྱི་ཡོད། མི་མང་པོས་ལོང་བའི་འཚོ་བ་ཇི་འདྲ་ཡིན་ནམ་སྙམ་གྱི་ཡོད། དེས་ན། མི་དེ་བས་མང་བས་ལོང་བའི་འཚོ་བར་རྒྱུས་ལོན་དང་ཁོང་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་བར་ཕན་ཐོགས་ན་བསམས་ནས། མི་རིང་བར་ལྷ་སར་ལོང་བའི་འཚོ་བ་ཉམས་ལེན་གྱི་ཀོག་ཧྥེ་ཁང་དང་སྒྲོན་མེ་སློབ་གསོ་ལྟ་བུའི་ཀུན་གྱིས་ཁས་ལེན་ཐོབ་པའི་སློབ་གྲྭ་ཞིག་རོགས་པ་དང་མཉམ་དུ་འཛུགས་རྒྱུའི་འཆར་གཞི་ཡོད་ཅེས་གསར་འགོད་པར་བཤད་བྱུང་ལ། ཁོང་གི་བྱ་གཞག་དེ་དག་སྒྲུབ་ཐུབ་ངེས་རེད་ལ་སྒྲུབ་ཐུབ་པར་ཡིད་ཆེས་ཆེན་པོ་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号