ཐང་སྟོང་རྒྱལ་པོ་ཡར་སྔོན་གྱི་བོད་ཀྱི་ཟློས་གར་གྱི་རིགས་པག་ཤི་ཞེས་པར་དཔྱད་པ།

རྩོམ་པ་པོ།:དཔལ་རྩལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-01-07 08:37:12 ཀློག་གྲངས།:
ནང་དོན་གནད་བསྡུས། བོད་ཀྱི་ཟློས་གར་བྱུང་འཕེལ་གྱི་ལོ་རྒྱུས་རྗོད་སྐབས། ཨ་ལྕེ་ལྷ་མོ་ནས་བརྒྱུད་པའི་རིམ་པ་གཙོ་བོར་འཆད་ཅིང་། ཐང་སྟོང་རྒྱལ་པོ་ནས་ཆགས་པའི་ཟློས་གར་འཁྲབ་སྟོན་གྱི་རྣམ་པ་དེ་ཉིད་ནི་བོད་ཀྱི་ཟློས་གར་གྱི་སྲོལ་སྔ་ཤོས་སུ་འདོད་ནས། ཕྱིས་སུ་དོ་སྣང་བྱ་ཡུལ་གཙོ་བོར་ཆགས་ཡོད། ཡིན་ན་ཡང་དེ་ལས་སྔ་བའི་ཡིག་ཚང་དུ་ད་དུང་ཟློས་གར་དང་འབྲེལ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་མང་པོ་མངོན་ཡོད་པས། ལྟ་བ་དེ་ལ་སླར་ཡང་དོགས་དཔྱོད་ཅིག་མ་བྱས་ཐབས་མེད་ཆགས་ཡོད། ཐང་སྟོང་རྒྱལ་པོ་ལས་དུས་རབས་གཉིས་ལ་ཉེ་བའི་ཡར་སྔོན་ཏེ། དུས་རབས་བཅུ་གཉིས་པའི་མཇུག་ཏུ་བྱུང་བའི་འབྲུག་པ་བཀའ་བརྒྱུད་ཀྱི་མི་སྣ་གྲགས་ཅན་རྒོད་ཚང་པ་མགོན་པོ་རྡོ་རེའི་རྣམ་ཐར་དང་འབྲེལ་བའི་ཡིག་ཚང་ཁག་ཅིག་ལ་བལྟས་ན། སྐབས་དེའི་སྤྱི་ཚོགས་སུ་པག་ཤི་ཞེས་པའི་ཟློས་གར་འཁྲབ་སྟོན་གྱི་སྲོལ་རྒྱུན་ཞིག་རྒྱུག་ཆེ་བ་དང་། པག་ཤི་ཞེས་པའི་གོ་དོན་དང་འཁྲབ་སྟོན་གྱི་རྣམ་པ། པག་ཤི་དང་སྐབས་དེའི་སྤྱི་ཚོགས་སུ་ཡོད་པའི་ཟློས་གར་འཁྲབ་སྟོན་གྱི་སྲོལ་རྒྱུན་གཞན་བར་གྱི་འབྲེལ་བ་སོགས་ཀྱི་སྐོར་ལ་དབྱེ་ཞིབ་བྱས་ན། པག་ཤི་ཞེས་པ་ནི་དུས་རབས་བཅུ་གསུམ་པ་དང་བཅུ་བཞི་པའི་སྐབས་སུ། དབུས་གཙང་ཁུལ་གྱི་དམངས་ཁྲོད་དུ་རྒྱུག་ཆེ་བའི་ཟློས་གར་འཁྲབ་སྟོན་གྱི་རྣམ་པ་ཞིག་ཡིན་པ་དང་། དེ་ལ་གཞས་དང་། ཞབས་བྲོ། གཏམ་རྒྱུད་སོགས་ཀྱི་ཆ་ལག་ཚང་བར་མ་ཟད། བརོད་བྱ་ལའང་སྔོན་བྱུང་གི་གཏམ་དང་རྒྱལ་བློན་སོགས་ཀྱི་མཛད་པ་སོགས་རྒྱ་ཆེན་པོ་ཡོད་པ་ཤེས་ཐུབ། འཁྲབ་སྟོན་གྱི་རྣམ་པ་འདི་དང་འདི་ལྟ་བུ་དུ་མ་རིམ་གྱིས་འཕེལ་བས། ཕྱིས་སུ་དུས་རབས་བཅོ་ལྔ་པར་སླེབས་དུས་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཨ་ལྕེ་ལྷ་མོའི་ཟློས་གར་གྱི་སྲོལ་རྒྱུན་གསར་དུ་བཏོད་པར་རྨང་གཞི་ལེགས་པོ་བཏིང་ཡོད་པ་དང་། བོད་ཀྱི་ཟློས་གར་ལོ་རྒྱུས་ཀྱང་ཐང་སྟོང་རྒྱལ་པོའི་སྐབས་ལས་དུས་རབས་གཉིས་ལྷག་གིས་སྔ་བ་ཤེས་ཐུབ།
གནད་ཚིག །པག་ཤི །རྒོད་ཚང་པ། བོད་ཀྱི་ཟློས་གར། རྣམ་ཐར་ཡིག་ཚང་།

གླེང་གཞི།
       དེང་སྐབས་བོད་དུ་ཟློས་གར་བྱུང་བའི་ལོ་རྒྱུས་གླེང་སྐབས། མི་མང་པོ་ཞིག་གིས་ཐང་སྟོང་རྒྱལ་པོ་ནི་ཨ་ལྕེ་ལྷ་མོའི་སྲོལ་བཏོད་མཁན་ཡིན་པའི་ཆ་ནས། བོད་ཀྱི་ཟློས་གར་གྱི་ཤིང་རྟའི་སྲོལ་འབྱེད་པར་འདོད་མོད། འོན་ཏེ་རྒྱལ་ཐང་པ་བདེ་ཆེན་རྡོ་རྗེས་མཛད་པའི«རྒོད་ཚང་བ་མགོན་པོ་རྡོ་རྗེའི་རྣམ་ཐར་ཤིན་ཏུ་ངོ་མཚར་ཆེ་བ»ཞེས་པ་དང་།«འབའ་ར་བཀའ་བརྒྱུད་གསེར་ཕྲེང»དུ་བསྡུས་པའི«ཆོས་རྗེ་རྒོད་ཚང་པའི་རྣམ་ཐར་ཡོན་ཏན་ཀུན་གསལ»སོགས་རྒོད་ཚང་པ་སྐུ་གཤེགས་ནས་རིང་པོར་མ་ཕྱིན་པའི་དུས་ཏེ། དུས་རབས་བཅུ་གསུམ་པ་དང་བཅུ་བཞི་པའི་སྐབས་ལ་བརྩམས་གྲུབ་པའི་རྣམ་ཐར་ཁག་ཅིག་ལ་གཞིགས་ན། བོད་ལ་ཆེས་སྔ་བའི་དུས་ནས་བཟུང་ཟློས་གར་གྱི་ས་བོན་ནམ། ཟློས་གར་གྱི་གྲུབ་ཆ་དུ་མ་ཚང་བའི་འཁྲབ་སྟོན་གྱི་རྣམ་པ་ནི་མང་པོ་ཞིག་ཡོད་པ་དང་། སྤྱི་ཚོགས་ལ་ཤུགས་རྐྱེན་ཡོད་ཅིང་། མི་མང་པོ་མཉམ་ཞུགས་བྱེད་ཐུབ་པའི་ཟློས་གར་འཁྲབ་སྟོན་གྱི་སྲོལ་རྒྱུན་ནི་སྔ་མོ་ནས་གྲུབ་ཡོད་པ་རྟོགས་ཐུབ། སྐབས་འདིར་ཡིད་འཇོག་བྱ་དགོས་པ་ཞིག་ནི། ཐང་སྟོང་རྒྱལ་པོའི་འཁྲུངས་འདས་ལོ་ཚིགས་སྐོར་ལ་ལྟ་བ་མི་མཐུན་པ་རེ་གཉིས་ཡོད་རུང་། དུས་རབས་བཅོ་ལྔ་པར་ཞལ་བཞུགས་པ་ནི་རྩོད་མེད་ཡིན། རྒོད་ཚང་པ་མགོན་པོ་རྡོ་རྗེ་ནི་དུས་རབས་བཅུ་གཉིས་པའི་མཇུག་སྟེ1189ལོར་ལྷོ་བྲག་དོལ་པོ་ཆུང་དུ་འཁྲུངས་ཤིང་། དུས་རབས་བཅུ་གསུམ་པའི་དཀྱིལ་ཙམ་སྟེ1258ལོར་སྐུ་གཤེགས། ཁོང་གིས་པག་ཤི་ཞེས་པའི་མཛད་པ་བསྐྱངས་པའི་སྐོར་ནི་སྐུ་གཞོན་ནུའི་དུས་ཀྱི་མཛད་པ་སྟེ་དུས་རབས་བཅུ་གཉིས་པའི་མཇུག་དང་བཅུ་གསུམ་པའི་འགོ་རུ་བྱུང་ཡོད། རྒོད་ཚང་པ་མགོན་པོ་རྡོ་རྗེ་དང་འབྲེལ་བའི་རྣམ་ཐར་ཡིག་ཚང་འདི་དག་བརྒྱུད་ནས། ང་ཚོས་པག་ཤི་ཞེས་པའི་དུས་རིམ་སྔ་མའི་ཟློས་གར་གྱི་སྣང་ཚུལ་འདི་དང་འབྲེལ་བའི་དོན་གནད་འགའ་ཞིག་སྟེ། པག་ཤི་ཞེས་པའི་གོ་དོན་དང་འཁྲབ་སྟོན་གྱི་རྣམ་པ། པག་ཤི་དང་སྐབས་དེའི་སྤྱི་ཚོགས་སུ་ཡོད་པའི་ཟློས་གར་འཁྲབ་སྟོན་གྱི་སྲོལ་རྒྱུན་གཞན་བར་གྱི་འབྲེལ་བ་སོགས་ཀྱི་སྐོར་ལ་དབྱེ་ཞིབ་བྱས་ཏེ། དུས་རབས་བཅུ་གཉིས་པའི་ཡས་མས་སུ་བོད་ལ་ཟློས་གར་འཁྲབ་སྟོན་གྱི་སྲོལ་རྒྱུན་གང་འདྲ་ཡོད་པ་དང་། ཐང་སྟོང་རྒྱལ་པོ་ནི་བོད་ཀྱི་ཟློས་གར་གྱི་ཤིང་རྟའི་སྲོལ་འབྱེད་པ་མིན་པའི་སྐོར་ར་སྤྲོད་བྱེད་ཐུབ་པར་འདོད།
དང་པོ། པག་ཤི་ཞེས་པའི་མིང་གི་གོ་དོན།
       ལོ་རྒྱུས་ཡིག་ཚང་ཁག་ཏུ་པག་ཤི་ཞེས་པའི་མིང་གི་འབོད་སྟངས་བྱུང་བའི་ཐོག་མ་ནི་རྒོད་ཚང་པ་མགོན་པོ་རྡོ་རྗེ་དང་འབྲེལ་བའི་རྣམ་ཐར་གྱི་ཡིག་ཚང་ཁག་འདི་དག་ཡིན་པར་འདོད་ལ། དེ་ནས་རིམ་གྱིས་ཀརྨ་པག་ཤི་དང་འཇམ་སྒེག་པག་ཤི་སོགས་པག་ཤིའི་མཚན་དང་ལྡན་པའི་མི་སྣ་གྲགས་ཅན་མང་པོ་བྱུང་ཡོད། འོན་ཀྱང་པག་ཤི་ཞེས་པའི་གོ་དོན་རྗོད་སྐབས། ལྟ་བ་མི་མཐུན་པ་རིགས་དུ་མ་བྱུང་ཡོད་ལ། ཐ་ན་ཡིག་ངོས་སུ་འབྲི་སྟངས་ཀྱང་བ་ཤི[1]དང་། པ་ཤི།[2] པགས་ཤི།[3] དཔག་ཤི།[4] པཀྴི།[5]པཀྵི[6]སོགས་མི་འདྲ་བ་མང་པོ་བྱུང་ཡོད་པས། དུས་རབས་བཅུ་གཉིས་པ་དང་བཅུ་གསུམ་པའི་བོད་ཀྱི་སྤྱི་ཚོགས་སུ་པག་ཤི་ནི་རྣམ་པ་མི་འདྲ་བའི་སོ་ནས་ཤུགས་རྐྱེན་ཐེབས་ཡོད་པའི་རིག་གནས་སྣང་ཚུལ་ཞིག་ཡིན་པ་ཤེས་ཐུབ། པག་ཤི་ཞེས་པ་ནི་དེང་གི་ཡིག་ཆ་ཕལ་མོ་ཆེར་པཀྴི་ཞེས་བཀོད་ཅིང་། ཕལ་ཆེར་ཆོས་ཕྱོགས་ཀྱི་བླ་མའི་མཚན་གྱི་འདོགས་ལུགས་ཤིག་ཏུ་གོ་བ་ཤས་ཆེ་མོད། འདི་ལ་ཐོག་མའི་དུས་སུ་གོ་དོན་གཞན་དུ་མ་ཡོད་པ་དང་། འདིས་དེར་བསྟུན་གྱི་རིག་གནས་སྣང་ཚུལ་རེའང་མཚོན་བཞིན་པ་ཤེས་ཐུབ།
       གཅིག །པག་ཤི་ཞེས་པ་ཆོས་ཀྱི་བླ་མ་ལ་འཇུག་པ།
       ད་བར་དུ་པག་ཤི་ཞེས་པའི་མིང་གི་འགྲེལ་སྟངས་དུ་མ་ལས་ཆེས་གཙོ་བོ་ཞིག་ནི། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་“པཀྴི་ཟེར་བ་སོག་སྐད་དུ་སློབ་དཔོན་ཟེར་བ་ཡིན་པས་ཧོར་ཡུལ་དུ་བྱོན་སྐབས་དེ་ལྟར་གྲགས་པ་ལས་མཚན་དངོས་ནི་ཆོས་ཀྱི་བླ་མ་ཞེས་པ་ཡིན་ནོ། །”[7]ཞེས་གསུངས་ཡོད་པ་དང་། སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱི«བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང»དུའང་“ལ་ལ་ཧོར་གྱི་བརྡར་ཡང་སྣང་སྟེ། བཙུན་པ་ལ་པག་ཤི་དང་། དབང་ཆེ་བ་ལ་དར་ཁ་ཆེ་དང་། དར་རན་བྱིན་སོགས་མང་ལ།”[8]ཞེས་བཙུན་པ་སྤྱིའི་མིང་དང་ཆོས་ཀྱི་བླ་མ་ལ་འབོད་པར་གསུངས་ཡོད། མིང་འདིའི་ཁུངས་ངོ་མ་ནི་སོག་སྐད་ཡིན་པར་ངེས་ཏེ། སོག་སྐད་དུ་དགེ་རྒན་ནམ་སློབ་དཔོན་ལ་པཱ་ཀ་ཤི་ཞེས་པའི་སྒྲ་སྟེ་ᠪᠡᠡᠡᠰᠢ(bagsh)ཞེས་འབོད་པ་དང་། ཕྱིས་སུ་བྱུང་བའི་པག་ཤིའི་མཚན་དང་ལྡན་པའི་བླ་མ་ཐམས་ཅད་སོག་པོར་ཕྱིན་ཅིང་ཆོས་འཆད་ཉན་སྤེལ་བའི་བརྒྱུད་རིམ་ཡོད་པ་ཤ་སྟག་ཏུ་མཐོང་། དཔེར་ན་རྒོད་ཚང་པའི་སློབ་མ་གྲུབ་ཆེན་ཨུ་རྒྱན་པའི་རྣམ་ཐར་དུ། གྲུབ་ཆེན་ཨུ་རྒྱན་པ་གདན་འདྲེན་པར་ཕེབས་པའི་སེ་ཆེན་རྒྱལ་པོའི་ཕོ་ཉ་ཐི་མུར་བྱ་བ་རྟས་དྲུད་སྐབས། “ཁོ་ཡ་ཕོ་ཞེས་དེ་ཁ་ལ་རྟ་རྒྱུགས་སོ། །གད་སེར་དུ་དྲན་པ་རྙེད་དེ། དཔག་ཤི་འཇིག་[འཇིགས་]པོ་ཞིག་འདུག །ཁོའི་སྒྲོག་དེ་མན་[མིན་]ན་ཁོས་ང་བསོད་[གསོད་]པར་འདུག་ཅེས། བསོམ་ཐག་ལ་འཁྲུལ་[འཕྲུལ་]འདུག་སྐད།”[9]ཅེས་སོགས། གྲུབ་ཆེན་ཨུ་རྒྱན་པ་དང་སོག་པོའི་བར་ལ་འབྲེལ་བ་བྱུང་བའི་སྐོར་རྗོད་སྐབས་དཔག་ཤི་ཞེས་པ་ཐེངས་མང་པོར་ཐོན་ཡོད། འོན་ཀྱང་འདི་ལའང་ཞིབ་པར་བརྟགས་ན་གནད་དོན་ཞིག་མཐོང་ཐུབ་པ་ནི། བོད་དུ་སོག་པོ་དང་འབྲེལ་བ་ཡོད་ཅིང་། པག་ཤིའི་མཚན་དངོས་དང་ལྡན་པ་སྔ་ཤོས་ནི་ཀརྨ་པཀྴི་ཡིན་ཏེ། ཁོང1253ལོར་སེ་ཆེན་རྒྱལ་པོ་ལ་མཇལ་བར་ཕྱིན་པ་དང་། ཕྱིས་སུ་སོག་སྐད་ཀྱི་སློབ་དཔོན་ཏེ་པཀྴི་ཞེས་པའི་མཚན་བཞེས་པར་སྣང་། རྒོད་ཚང་པ་ནི་དགུང་ལོ་བཅུ་དགུའི་སྔོན་ལ་པག་ཤིའི་མཛད་པ་བསྐྱངས་པ་རྣམ་ཐར་ཐམས་ཅད་མཐུན་ཏེ། ཕལ་ཆེར་1217ལོའི་ཡར་སྔོན་ལ་ཁེལ་ཡོད་པས། ཀརྨ་པཀྴི་ཧོར་དུ་མ་ཕེབས་པའི་གོང་གི་དུས་རབས་ཕྱེད་ཡས་མས་ནས། བོད་དབུས་སུ་པག་ཤི་ཞེས་པའི་མིང་གི་འབོད་སྟངས་དང་དེ་འབྲེལ་གྱི་ལས་རིགས་ཡོད་པ་ནི་གསལ་པོར་ཤེས་ཐུབ། དཔེར་ན་ཁོང་སྐུ་གཞོན་དུས་ལྷ་ས་ལ་ཕེབས་ནས་ཇོ་བོར་མཇལ་སྐབས། ཆོས་ལ་གཤེགས་པའི་བྲོ་དབྱངས་ཕུལ་བའི་མགུར་ཚིག་ཏུ་“པག་ཤི་ང་ནི་མི་སོད་ཆོས་ལ་འགྲོ། །དོན་གྲུབ་སེང་གེ་མི་སོད་ཆོས་ལ་འགྲོ། །བྱ་རུ་ལེགས་མོ་མཚན་ལྡན་བླ་མའི་ཕྱག་རྟེན་ལ་འབུལ། །ཡོ་དམར་སྣུམ་པོ་མཚན་ལྡན་བླ་མའི་ཕྱག་རྟེན་ལ་འབུལ། །”[10]ཞེས་སོགས་བྱུང་ཡོད། རྒོད་ཚང་པའི་རྣམ་ཐར་སྔ་ཤོས་དག་གྲུབ་པའི་དུས་ཚོད་ལ་དཔགས་ནའང་། སངས་རྒྱས་དར་པོས་“སློབ་དཔོན་བྱང་དཔལ་གྱིས་མཛད་པའི་རྩག་རིས་ཆེན་མོ། སློབ་དཔོན་དབང་ཕྱུག་རྒྱལ་མཚན་གྱིས་མཛད་པའི་གནད་བཏུས་སྒྲོན་མེ་དང་མྱ་ངན་འདས་ཆུང་། སློབ་དཔོན་བྱང་ཆུབ་འོད་ཀྱིས་མཛད་པའི་དགོས་འདོད་ཀུན་འབྱུང་། བྱང་སེམས་ཤེར་གཞོན་གྱིས་མཛད་པའི་ཁྱད་འཕགས་བདུན་མ། ལྷ་བཙུན་པ་བསོད་ནམས་སྟོབས་གྱིས་[ཀྱིས་]མཛད་པའི་ཡོན་ཏན་སྒོ་འབྱེད་ཀྱི་གཞུང་གསལ་བྱེད་སྒྲོན་མེ། སྤྲུལ་སྐུ་མཁའ་སྤྱོད་དབང་བོས་[པོས་]མཛད་པའི་རྣམ་ཐར། རྒྱལ་ཐང་བ་བདེ་ཆེན་རྡོ་རྗེས་བཀོད་པའི་རྣམ་ཐར། རྩེ་བརྒྱ་བས་མཛད་པའི་རྣམ་ཐར་ལ་སོགས་པ། གཞན་ཡང་རྣམ་ཐར་ལེའུ་མ། གསང་བ་མ་དང་ཆོས་འབྱུང་འགའ་ཞིག་ཏུ་བྱོན་པས།”[11]ཞེས་རྣམ་ཐར་འདི་དག་ཐམས་ཅད་ནི«གནད་བསྡུས་སྒྲོན་མེ»ཡི་མཛད་བྱང་དུ་“རྗེ་རྒོད་ཚང་པའི་རྣམ་ཐར་གནད་བསྡུས་པའི་སྒྲོན་མེ་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བ། སྡེ་སྣོད་འཛིན་པ་རིན་ཆེན་དཔལ་བདག་གིས་ཐོས་པ་དང་། ཡིད་ཆེས་པའི་གང་ཟག་ལས་ཐོས་པ་རྣམས་བསྡུས་ནས་གཅིག་ཏུ་བསྡེབས་པ་རྫོགས་སོ། །”[12]ཞེས་བཀོད་ཡོད་པ་དང་། དེ་བཞིན་དུ«འབའ་ར་བཀའ་བརྒྱུད་གསེར་འཕྲེང་ཆེན་མོ»རུ་བཞུགས་པའི་རྒོད་ཚང་པའི་རྣམ་ཐར་གྱི་མཛད་བྱང་དུ། “དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་ཅིང་སྐུ་གསུམ་གྱི་ཆེ་བའི་ཡོན་ཏན་གྱི་རྣམ་པར་ཐར་པའོ། །རྗེའི་རྣམ་ཐར་འདི་བསྡུས་དོན་ལྔ། རྒྱས་པར་ཕྱེ་ན་བསྟོད་པ་ཉི་ཤུ་རྩ་ལྔའི་དོན་ཚིག་གི་ལྷད་མ་ཞུགས་པར་ཆོས་རྗེ་རང་གི་གསུང་ཁོ་ན་བཀོད་པའོ། །”[13]ཞེས་པ་ནང་བཞིན། གཙོ་བོ་རྒོད་ཚང་པ་རང་གི་ཞལ་ནས་ཐོས་པ་དང་། བུ་སློབ་དངོས་ལས་བརྒྱུད་པ་སོགས་རང་བཟོའི་ལྷད་མ་ཞུགས་པར་བཀོད་པར་ངེས་པས། རྣམ་ཐར་འདི་དག་ཕལ་ཆེ་བ་ནི་རྒོད་ཚང་པ་ཞལ་བཞུགས་པའི་དུས་སམ། སྐུ་གཤེགས་ནས་རིང་པོ་མ་ཕྱིན་པའི་དུས་ཏེ། དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཡས་མས་ནས་རིམ་གྱིས་གྲུབ་པ་ནི་རིགས་པས་དཔྱད་ན་ཤེས།«གྲུབ་ཆེན་ཨུ་རྒྱན་པའི་རྣམ་ཐར»དུའང་འོན་ཅང་དོ་ནས་ཚེ་སྒྲུབ་ཀྱི་ཚེ་ཆུ་བཞེས་པའི་སྐོར་རྗོད་སྐབས། “དབུས་པའི་མི་དཔོན་ཨ་རྩ་[ཙ་]ར་དཔག་[པག་]ཤི་མགུ་རུ་ཆོས་དབང་གི་སྲས་པོ་ལ་ནོར་མང་པོ་བྱིན་ནས། ཚེ་ཆུ་བུམ་པ་གང་སྟོན་[བཏོན་]པ་ཡིན་ནམ་ཞེས་མི་རྣམས་གླེང་བ་ལ།”[14]ཞེས་པག་ཤི་གུ་རུ་ཆོས་དབང་ཞེས་པ་ཞིག་ཐོན་ཡོད། འདི་ཉིད་ནི་དཔེ་རྙིང་བྲིས་མ«རྒྱལ་བ་རྒོད་ཚང་པ་དང་ཆོས་རྒྱལ་གཡུ་སྣ་དོན་གྲུབ། སྲས་གུ་རུ་ཆོས་དབང་སོགས་ཀྱི་རྣམ་ཐར་བཅས་པའི་གསུང་པོད»ཅེས་པར་བྱུང་བའི་སྲས་གུ་རུ་ཆོས་དབང་ཞེས་པ་དེ་ཡིན་པར་ངེས་ལ། དཔེ་རྙིང་དེར་འཁོད་པའི་རྒོད་ཚང་པའི་རྣམ་ཐར་ནི་རྣམ་ཐར་གཞན་དང་ནང་དོན་ཕལ་ཆེར་མཚུངས། ཆོས་རྒྱལ་གཡུ་སྣ་དོན་གྲུབ་དང་སྲས་གུ་རུ་ཆོས་དབང་ཞེས་པའི་རྣམ་ཐར་སོགས་ནི། ཚིག་ངོས་ནས་བལྟས་ཚེ་རྣམ་ཐར་ཆེན་མོ་བརྒྱད་ཀྱི་ནང་གསེས«སྣང་ས་འོད་འབུམ»དང་ཆ་འདྲ་བ་ཞིག་ཡིན་པར་མ་ཟད། ཚིག་འགྲོས་ཀྱང་མི་སྣའི་ལོ་རྒྱུས་ཁོ་ན་ཙམ་མིན་པར། ཡུལ་གྱི་རྒྱལ་པོ་ཞིག་ལ་སྲས་མ་བྱུང་བར། ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་པ་བཏང་བ་ལྟ་བུའི་རྟོག་བཟོའི་གཏམ་རྒྱུད་ལ་གྱེར་ཚིག་སོགས་གསལ་པོ་ཡོད་པའི་འཁྲབ་གཞུང་གི་རྣམ་པ་ལྟ་བུ་ཞིག་ཡིན་པས། དཔག་ཤི་གུ་རུ་ཆོས་དབང་ཞེས་པ་འདི་ཉིད་ནི་ཨུ་རྒྱན་པ་སོགས་ལས་སྔ་བའི་དུས་སུ་དངོས་སུ་བྱུང་བའི་མི་སྣ་ཞིག་ཡིན་པ་ལས། དམིགས་བསལ་སོག་པོ་དང་དངོས་སུ་འབྲེལ་བ་བྱུང་ནས། རྒྱལ་པོའི་སློབ་དཔོན་དུ་བཀུར་བའི་བརྒྱུད་རིམ་ཡོད་པ་ནི་མཐོང་རྒྱུ་མི་འདུག །དེ་ལས་ལྡོག་སྟེ་ཟློས་གར་འཁྲབ་སྟོན་གྱི་སྲོལ་རྒྱུན་དང་འབྲེལ་བ་ཟབ་མོ་ཡོད་པའི་མི་སྣ་ཞིག་ཡིན་པ་མཐོང་ཐུབ།
       གཉིས། པག་ཤི་ཞེས་པ“把戏”ལ་གོ་བ།
       ཡང་འགའ་རེས་པག་ཤི་ལ་འགྲེལ་རྒྱག་པའི་སྐབས་སུ། རྒྱའི་སྐད་ལས་སྒྲ་བསྒྱུར་བྱས་པར་འདོད་དེ། དཔེར་ན«བོད་རྒྱ་ཚིག་མཛོད་ཆེན་མོ»རུ་པག་ཤི་ཞེས་པ་འགྲེལ་སྐབས་“རྒྱའི་སྒྲུང་ཤོད་མཁན།”[15]ཞེས་དང་། རྒྱ་ཡིག་གི་འགྲེལ་བཤད་དུ“说唱者。为人讲故事或唱歌以谋生活的人。系汉语‘把戏’二字借词,初见于明初藏文著述中。”[16]ཞེས་སྒྲུང་བཤད་མཁན་ཡིན་ཞེས་བརྗོད། འདོད་ཚུལ་འདི་འདྲ་འཛིན་མཁན་གྱིས་མིང་འདིའི་མ་གཞིའི་འབྱུང་ཁུངས་ནི་རྒྱ་སྐད་ཀྱི“把戏”ཞེས་པ་ཡིན་པར་ངོས་བཟུང་ཡོད། འོན་ཀྱང་འདི་ལ་ཞིབ་པར་བརྟགས་ཚེ་གནད་དོན་དུ་མ་ཞིག་མཐོང་ཐུབ་པ་ནི། བོད་དུ་པག་ཤི་ཞེས་པ་ནི་སྒྲུང་ངམ་གཏམ་རྒྱུད་ཤོད་མཁན་གྱི་རྣམ་པའི་སྒོ་ནས་སྤྱི་ཚོགས་སུ་མངོན་པ་ནི་མིང་རྒྱལ་རབས་ལས་ཆེས་ཆེར་སྔ་སྟེ། ཕལ་ཆེར་སུང་རྒྱལ་རབས་ཀྱི་མཇུག་ནས་བཟུང་ཐོན་ཡོད་པ་དང་། དེའི་སྐབས་སུ་རྒྱ་ཡིག་གི“把戏”ལ་གོ་བའི་སྐབས་མེད། དེ་མིན་རྒྱ་རིགས་ཀྱི་ཟློས་གར་ལོ་རྒྱུས་ལ་བལྟས་ནའང་འཁྲབ་སྟོན་དང་གྱེར་ཚིག་གི་རྣམ་པའི་སྒོ་ནས་གཏམ་རྒྱུད་བརྗོད་པའི་ཡུའུ་ཡི་ཟློས་གར(优戏)དང་གླུ་བྲོའི་ཟློས་གར(歌舞戏)སོགས་ལས། “把戏”ཞེས་པ་ནི་ཟློས་གར་རམ་སྒྲུང་དང་གཏམ་རྒྱུད་བརྗོད་པའི་རྣམ་གྲངས་སུ་འདྲེན་པའི་སྲོལ་མི་འདུག །
       ཕྱིས་སུ་རྒྱའི་ཟློས་གར་དང་འབྲེལ་བའི་ཡིག་ཚང་རྙིང་པ་རུ། “把戏”ཞེས་པའི་མིང་ཐོན་པའི་སྐབས་སུ“良家子弟所扮演杂剧,谓之‘行家生活’;娼优所扮者,谓之‘戾家把戏’。”[17]ཞེས“娼优所扮者”ཞེས་པའི་གདགས་གཞི་སྤྱད་ནས་ཆེད་ལས་མིན་པའི་ཚད་དུ་འཇོག་པ་ནི་ཡོན་རྒྱལ་རབས་སྐབས་ཀྱི་བྱང་གི་བསྲེས་གར་ཁྲོད་དུ་ངོས་ཟིན་གཅིག་གྱུར་ཞིག་ཆགས་ཡོད་སྙམ། “把戏”ཞེས་པའི་མ་གཞིའི་ཐ་སྙད་འདི་ཉིད་ཀྱང་གཡོ་འཕྲུལ་དང་གཞན་སེམས་འཐོམ་པར་བྱེད་པའི་དོན་ཅན་ཡིན་ལ། འཁྲབ་སྟོན་སོགས་ལ་གོ་བའི་སྐབས་སུ་གཙོ་བོ་མིག་འཕྲུལ་དང་སྒྱུ་མ་མཁན་གྱི་བསླུ་ཐབས་སོགས་ལ་གོ་བ་ལས། སྒྲུང་དང་གཏམ་རྒྱུད་འཆད་པའི་ལས་རིགས་ལ་གོ་བའི་སྐབས་མེད། དེའི་ཕྱིར་གླུ་བྲོ་སོགས་ཀྱི་ཐབས་ལ་བརྟེན་ནས་སྔོན་བྱུང་གི་སྒྲུང་དང་གཏམ་རྒྱུད་འཆད་ཅིང་། གཞན་རྒྱུད་ཆོས་ལ་སྐུལ་བ་དང་། ལེགས་པའི་ལམ་དུ་བཙུད་པའི་ལས་ཤིག་ལ་འདི་ལྟ་བུའི་ཐ་སྙད་ཅིག་བཀོལ་བ་ནི་ཅུང་ཆོས་ཉིད་དང་མི་མཐུན་སྙམ།
       གསུམ། རང་ལུགས་བཞག་པ།
       རྒོད་ཚང་པ་མགོན་པོ་རྡོ་རྗེ་དགུང་ལོ་བཅོ་ལྔ་བཅུ་དྲུག་བཞེས་པའི་དུས་ན། ཁོང་དང་པོ་རང་ནས་གླུ་གར་ལ་དགྱེས་པ་དང་། ལང་ཚོ་དར་ལ་བབ་ཅིང་སྐུ་བལྟ་ན་མཛེས་པས། ཀུན་གྱི་ཡིད་འཕྲོག་པ་ཞིག་ཡོད་པ་ལ། པག་ཤི་ཞེས་པའི་མཛད་པ་བསྐྱངས་ནས་“སྐུ་མཚར་ལ་མཛེས་པ་དེས་བྲོ་གར་ལ་སོགས་པའི་རྣམ་འགྱུར་མཛད་པའི་དུས་སུ། ལྷ་འདྲེ་མི་གསུམ་རང་དབང་མེད་པར་འདུས་ཏེ། གང་འབྱོན་སར་ཁྲོམ་མང་པོ་ཚོགས་ཏེ། འགའ་ཞིག་ཡུལ་སྤངས་ནས་ཕྱགས་[ཕྱག་]ཕྱི་ལ་འབྲངས་ནས་འགྲོ་བ་ཡང་བྱུང་།”[18]ཞེས་བཀོད་ཡོད་ལ།«འབའ་ར་བཀའ་བརྒྱུད་གསེར་འཕྲེང་ཆེན་མོ»རུ། “ཀླུ་དང་བྲོ་གར་ལ་དགྱེས་པ། སྐུ་ལྟ་བས་མཛེས་ཤིང་ཡིད་དུ་འོང་བ་རྒན་གཞོན་མེད་པའི་ཡིད་འཕྲོག་ཅིང་སྣང་བ་རོལ་མོ་རུ་འཆར་བ་གཅིག་བྱུང་ཏེ[སྟེ]། པགས་ཤི་མཛད་པས་དཔག་ཤི་དོན་གྲུབ་སེང་གེར་གྲགས་པ་བྱུང་།”[19]ཞེས་པ་འདི་ལྟ་བུའི་རྣམ་ཐར་ནི་ཡིག་ཚང་ཕལ་ཆེར་ཞལ་མཐུན་པར་སྣང་། དེས་ན་པག་ཤི་ཞེས་པ་ནི་སོག་སྐད་ནས་འགྱུར་ཞིང་། ཐོག་མའི་དུས་སུ་ཆོས་ཀྱི་གཏམ་དང་སྔོན་བྱུང་གི་གཏམ་རྒྱུད་གཞས་དང་། ཞབས་བྲོ། སྙན་ངག་སོགས་ཀྱི་སྒོ་ནས་འཆད་མཁན་གྱི་རྣལ་འབྱོར་བ་ལ་ཟེར་བ་དང་། ཕྱིས་སུ་བོད་ཀྱི་བླ་མ་དག་སོག་པོའི་ཡུལ་དུ་ཆོས་སྤེལ་བར་ཕྱིན་ནས། རིམ་གྱིས་ཆོས་ཀྱི་སློབ་དཔོན་དང་བཙུན་པ་ལ་ཆེད་དུ་སྦྱོར་བའི་ཐོབ་དང་གོ་མིང་ལྟ་བུ་ཞིག་ཏུ་ཆགས་པར་ངེས། འོན་ཀྱང་གོ་མིང་དེ་ལ་བོད་ཡུལ་དུ་སྔ་མོ་ནས་ཕྱོགས་མེད་དུ་འཁྱམ་པའི་རྣལ་འབྱོར་བ་ལ་འབོད་པའི་སྲོལ་ཞིག་ཡོད་པ་དང་། བཙུན་པ་ཕལ་བ་ལའང་པག་ཤི་ཞེས་འབོད་པ་སོགས་ཀྱི་དབང་གིས། རིམ་གྱིས་གོ་ཤྲི་དང་ཏི་ཤྲི་སོགས་དེ་བས་ཀྱང་ཐོབ་དང་གོ་གནས་ཆེན་པོ་མཚོན་ཐུབ་པའི་མིང་གིས་ཚབ་བྱས་པས། གོ་གནས་ཀྱི་ཆེ་བ་སྟོན་པའི་མིང་གི་ཁྲོད་དུ་པག་ཤི་ཞེས་པ་ཉུང་ནས་ཉུང་དུ་ཕྱིན་ཡོད་ལ། ཟློས་གར་གྱི་སྲོལ་རྒྱུན་ཁྲོད་དུའང་ཨ་ལྕེ་ལྷ་མོ་དང་བླ་མ་མ་ཎི་སོགས་གཙོ་བོ་ཆགས་ནས། པག་ཤི་ཞེས་པའི་སྣང་ཚུལ་འདི་ག་ལེར་མེད་པ་ཆགས་ཡོད་པ་ཤེས་ཐུབ།
གཉིས་པ། པག་ཤིའི་འཁྲབ་སྟོན་གྱི་རྣམ་པ་དང་ནང་དོན།
       པག་ཤི་ཞེས་པའི་ཟློས་གར་འཁྲབ་སྟོན་འདི་ཉིད་ལ་དམངས་ཁྲོད་ཀྱི་ཤས་ཆེ་ཕྱིར། ཕྱིས་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་ཀྱི་ཡིག་ཚང་དུ་དེ་འབྲེལ་གྱི་ནང་དོན་འཁོད་པ་ནི་ཤིན་ཏུ་ཉུང་བས། དེའི་ནང་དོན་དང་རྣམ་པ་ཤེས་རྒྱུར་དཀའ་ངལ་ངེས་ཅན་འཕྲད་ཡོད། དེའི་ཕྱིར་མི་སྣའི་ལོ་རྒྱུས་མངོན་པའི་རྣམ་ཐར་ཡིག་ཚང་འདི་དག་ལས་ཁུངས་སྣེ་འཚོལ་རྒྱུ་ནི་ཐབས་ཉག་ཅིག་ཡིན། རྣམ་ཐར་ཡིག་ཚང་འདི་དག་ཏུ་གཙོ་བོ་ཆོས་ཕྱོགས་ཀྱི་མཛད་པ་གལ་ཆེན་ཕུད། མི་སྣ་དེ་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་མང་པོ་མངོན་ཡོད་པས། སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་རྒྱུས་ལོན་པའི་ཐད་ཀའི་དཔང་རྟགས་སུ་ཆགས་ཡོད་ལ། སྐབས་འདིར་དཔྱད་བྱར་གྱུར་པའི་པག་ཤིའི་སྐོར་ལའང་གསལ་བཤད་གལ་ཆེན་པོ་དུ་མ་ཡོད།
       གཅིག །པག་ཤིའི་འཁྲབ་སྟོན་གྱི་རྣམ་པ།
       རྒྱལ་ཐང་པས་མཛད་པའི«རྗེ་རྒོད་ཚང་པའི་རྣམ་ཐར་ལ་མགུར་ཆེན་འགས་བརྒྱན་པ»རུ། “སྐབས་དེའི་དུས་ན། བྲོ་རྩེ་བ་གཟིགས་པས་རྐྱེན་བྱས། སྣང་བ་བུན་ལོང་བྱུང་བས། སྔོན་གྱི་ཏིང་ངེ་འཛིན་གྱི་ཉམས་སད་དེ། རིན་པོ་ཆེ་བ་ཉིད་ཀྱིས་བྲོ་བསླབས། པག་ཤི་མཛད་ནས། པག་ཤིའི་མཚན་ཡང་དོན་གྲུབ་སེང་གེ་ཟེར། ཕྱིས་དོན་གྲུབ་སེང་གེ་དེ་མིང་དོན་དང་མཐུན་པ་ཞིག་བྱུང་འདུག་ཅེས་གྲགས་སོ།”[20]ཞེས་འཁོད་ཅིང་། འགོས་ལོའི«དེབ་ཐེར་སྔོན་པོ»རུའང་རྒོད་ཚང་པ་མགོན་པོ་རྡོ་རྗེ་“སྐུ་ན་ཕྲ་བ་ནས་སྐུ་མཛེས་པས་ཀུན་གྱི་ཡིད་དུ་འོང་། གསུང་སྙན་པས་གླུ་ལ་མཁས། ཐུགས་འགྲོགས་བདེ་བས་གཞོན་པའི་དུས་བྲོ་པའི་བ་ཤི་མཛད། བ་ཤི་དོན་གྲུབ་སེང་གེར་གྲགས།”[21]ཞེས་སོགས་འཁོད་པར་གཞིགས་ན། པག་ཤི་ནི་གླུ་དང་བྲོ་སོགས་ལས་ལོགས་སུ་ཡོད་པའི་འཁྲབ་སྟོན་གྱི་རྣམ་པ་ཞིག་ཡིན་པ་ཤེས་ཐུབ་མོད། ད་ལྟ་འཁྲབ་སྟོན་གྱི་སྲོལ་རྒྱུན་ཡོངས་སུ་ཆད་པ་དང་། དེ་འབྲེལ་གྱི་རྒྱུ་ཆ་ཤིན་ཏུ་དཀོན་པས། ཡོངས་སུ་ཚིག་ཐག་ཆོད་པ་ཞིག་འཆད་དཀའ། རྣམ་ཐར་དེ་དག་ལས་མངོན་པའི་ཚིག་རིས་རེ་རེ་ལས་དཔགས་ན། པག་ཤི་ཞེས་པའི་རྣམ་པ་ནི་གཞས་དང་ཞབས་བྲོ་འཛོམས་ཤིང་། དོན་བརྗོད་པའི་སྙན་ངག་གི་ཚིག་ལྡན་པའི་སྣ་འཛོམས་ཀྱི་སྒྱུ་རྩལ་ཞིག་ཡིན་པ་ཤེས་ཐུབ། དཔའ་བོ་གཙུག་ལག་ཕེང་བའི«མཁས་པའི་དགའ་སྟོན»དུ་རྒོད་ཚང་པའི་རྣམ་ཐར་འཆད་སྐབས། པག་ཤི་ཞེས་པའི་ཚིག་དངོས་སུ་མ་ཐོན་ཡང་། “བཅུ་གཉིས་ནས་གླུ་བྲོ་ཁོ་ན་མཛད་པས་ལྷ་ལས་འཕོས་པར་གྲགས།”[22]ཞེས་གཞས་དང་བྲོ་ལ་མཁས་པས་ལྷའི་བུ་ཡིན་ནམ་ཞེས་སྐད་གྲགས་ཆོད་པ་འཁོད་ཡོད་ལ། གོང་འཕྲོས«དེབ་ཐེར་སྔོན་པོ»རུ་བྲོ་པའི་བ་ཤི་མཛད་ཅེས་པར་དཔགས་ན། ཡུལ་ངེས་མེད་དུ་བསྐྱོད་ཅིང་ཞོར་དུ་ཞབས་བྲོ་སོགས་ཀྱི་ལྟད་མོ་འཁྲབ་མཁན་དེ་དག་ལ་ཚོགས་པའི་རྣམ་པ་ཞིག་ཡོད་པར་ངེས་ལ། དེའི་ཁྲོད་དུ་འགའ་རེ་ནི་ཞབས་བྲོ་སོགས་ལུས་ཀྱི་སྟངས་སྟབས་ལ་ཞུགས་མཁན་དང་། འགའ་རེ་ནི་སྟངས་སྟབས་དེ་དང་འགྲོགས་ནས་སྙན་ངག་སོགས་ཀྱི་རྣམ་པའི་སྒོ་ནས་སྒྲུང་དང་སྔོན་གྱི་བྱུང་བ་སོགས་རྗོད་མཁན་ཡིན་པ་ཤེས་ཐུབ། པག་ཤི་ནི་ཚོགས་པ་དེ་འདྲའི་ཁྲོད་དུ་གཙོ་བོ་ངག་ལས་བྱུང་བའི་སྒྲུང་དང་གཏམ་རྒྱུད་གཞས་སུ་གྱེར་མཁན་ཡིན་པར་ངེས། རྒྱལ་ཐང་པའི་རྣམ་ཐར་དུའང་དེ་དང་ཆ་འདྲ་བའི་ནང་དོན་ཞིག་བྱུང་ཡོད་པ་ནི། “དེ་རྣམས་གསུངས་པས་མི་ཐམས་ཅད་དགའ་ཞིང་། མི་དགའ་བའི་ཡུལ་སངས་ནས། རིན་པོ་ཆེའི་ཕྱི་བཞིན་འབྲེང་པ་[འབྲང་བ་]ཡང་བྱུང་ངོ་། །”[23]ཞེས་སྐབས་དེར་པག་ཤི་མཛད་ནས་ཕྱོགས་སུ་སྐྱོད་སྐབས། མི་གཅིག་པུ་མིན་པར། ཕྱི་བཞིན་འབྲང་མཁན་གྱི་ལོ་གཞོན་མང་པོ་ཡོད་པ་ཤེས་ཐུབ་ལ། དེ་ལྟ་བུའི་རྣམ་པ་ནི་ཕྱིས་ཀྱི་ཨ་ལྕེ་ལྷ་མོ་སོགས་ཚོགས་པ་བརྟན་འཇགས་ཡོད་པའི་ཟློས་གར་ཚོགས་པའི་ཐོག་མའི་རྣམ་པ་ལྟ་བུ་ཞིག་ཆགས་ཡོད།
       པག་ཤིས་སྒྲུང་དང་གཏམ་རྒྱུད་ཤོད་པའི་གོ་རིམ་ཁྲོད་དུ། ལུས་ཀྱི་སྟངས་སྟབས་ནི་པག་ཤི་མཛད་མཁན་རང་ངམ། ཡང་ན་རང་དང་སྐྱིད་སྡུག་གཅིག་པའི་མི་གཞན་གྱིས་ཞབས་བྲོས་རམ་བུ་སྐྱོར་བཞིན་ཡོད་པ་དང་། པག་ཤི་རང་གི་ངག་ནས་སྒྲུང་ཤོད་པའི་ཚེ་ན། གཙོ་བོ་གཞས་ཀྱི་རྣམ་པ་སྟེ། བརྗོད་བྱའི་ཚིག་དག་དབྱངས་སུ་བཀུགས་ནས་གྱེར་བ་ཡིན་པ་རྟོགས་ཐུབ། འོན་ཀྱང་གཏམ་རྒྱུད་ཀྱི་བརྗོད་བྱ་ནི་རྒྱལ་བློན་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་སོགས་ཤིན་ཏུ་རྒྱ་ཆེ་བ་ཡིན་ནའང་། འཁྲབ་སྟོན་སྐབས་སུ་མི་སྣ་གཅིག་ལས་མང་བ་ཡོད་མེད་དང་། ཕན་ཚུན་བར་ལ་ཁ་བརྡ་སོགས་ཀྱི་རྣམ་པ་སྟོན་བཞིན་ཡོད་མེད་ནི་ད་ཡོད་ཀྱི་རྒྱུ་ཆ་དག་ལས་ཤེས་ཐབས་བྲལ།
       གཉིས། པག་ཤིའི་འཁྲབ་སྟོན་གི་ནང་དོན།
       པག་ཤིའི་ནང་དོན་ཐད་ལ། རྒྱལ་ཐང་པས་མཛད་པའི«རྗེ་རྒོད་ཚང་པའི་རྣམ་ཐར་ལ་མགུར་ཆེན་འགས་བརྒྱན་པ»རུ། “དེའི་དུས་སུ་བློན་པོ་འགོས་དང་། རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་ཐར་དང་། མི་ཆོས་གནད་འཕྲེང་། ས་སྐྱ་ལེགས་བཤད། སྐྱེ་བོ་གསོ་ཐིགས། བསྟན་བཅོས་དང་། སྙན་ངག་ལ་སོགས་པ་ཚད་མེད་པ་ཐུགས་ལ་མངའ་བས། དེ་རྣམས་གསུངས་པས་མི་ཐམས་ཅད་དགའ་ཞིང་། མི་གཞོན་མང་པོ་སྐྱིད་ཅིང་དགའ་བའི་ཡུལ་སྤངས་ནས། རིན་པོ་ཆེ་བའི་ཕྱི་བཞིན་འབྲང་བ་ཡང་བྱུང་ངོ་། །”[24]ཞེས་པག་ཤི་མཛད་པའི་སྐབས་ཁོང་གིས་བརྗོད་བྱར་གྱུར་པའི་ནང་དོན་གྱི་ཆ་ལ་གསལ་བཤད་ཅུང་ཁ་གསལ་པོ་ཞིག་བྱུང་ཡོད་ལ། རྒྱལ་ཐང་པས་མཛད་པའི«རྒོད་ཚང་བ་མགོན་པོ་རྡོ་རྗེའི་རྣམ་ཐར་ཤིན་ཏུ་ངོ་མཚར་ཆེ་བ»རུ། “དེའི་དུས་སུ་བློན་པོ་འགོས་དང་། རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་ཐར་དང་། སྟན་ཆོས་[བསྟན་བཅོས་]དང་སྙན་ངག་ལ་སོགས་པ་ཚད་མེད་པ་ཐུགས་ལ་མངའ་བས། དེ་རྣམས་གསུངས་པས་མི་ཐམས་ཅད་དགའ་ཞིང་། མི་དགའ་བའི་ཡུལ་སྤངས་ནས། རིན་པོ་ཆེའི་ཕྱི་བཞིན་འབྲེང་པ་[འབྲང་བ་]ཡང་བྱུང་ངོ་། །”[25]ཞེས«མི་ཆོས་གནད་ཀྱི་འཕྲེང་བ»དང་། «ས་སྐྱ་ལེགས་བཤད།» «སྐྱེ་བོ་གསོ་ཐིགས»སོགས་དངོས་སུ་ཚིག་ཟིན་ལ་མ་བསྟན་ཀྱང་། བློན་པོ་འགོས་ཀྱི་རྣམ་ཐར་དང་། རྒྱལ་བློན་བྱང་ཆུབ་སེམས་དཔའི་རྣམ་ཐར་ཞེས་པ་སྔ་མ་དང་མཚུངས་པར་ཐོན་ཡོད། རྣམ་ཐར་འདི་གཉིས་ལས་སྔ་ཤོས་ནི«རྒོད་ཚང་བ་མགོན་པོ་རྡོ་རྗེའི་རྣམ་ཐར་ཤིན་ཏུ་ངོ་མཚར་ཆེ་བ»ཞེས་པ་འདི་ཉིད་ཡིན་ལ། «བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་ཀྱི་དཀར་ཆག»དེབ་གཉིས་པར་རྒྱལ་ཐང་པ་བདེ་ཆེན་རྡོ་རྗེ་ནི་དུས་རབས་བཅུ་བཞི་པའི་ནང་དུ་བྱོན་པའི་མཁས་པ་ཞིག་ཡིན་ལ། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ནི་གསལ་པོར་མ་ངེས་མོད། ཞ་ལུའི་གདན་རབས་སུ་སློབ་དཔོན་ཆེན་པོ་སྐྱབས་མཆོག་དཔལ་བཟང་དང་། སློབ་དཔོན་ཆེན་པོ་རྒྱལ་ཐང་པ། སློབ་དཔོན་ཆེན་པོ་ཁྱུང་པོ་ལྷས་པ་སོགས་ཐོན་ཡོད་ཚུལ[26]ལ་དཔགས་ན། དུས་རབས་བཅུ་བཞི་པའི་སྐབས་ཀྱི་མི་སྣ་ཞིག་ཡིན་པ་ཤེས་ཐུབ། དེའི་ཕྱིར«རྒོད་ཚང་བ་མགོན་པོ་རྡོ་རྗེའི་རྣམ་ཐར་ཤིན་ཏུ་ངོ་མཚར་ཆེ་བ»རུ་འཁོད་པ་དེ་དག་ནི་པག་ཤིས་འཁྲབ་སྟོན་སྐབས་སུ་འཆད་བྱའི་ནང་དོན་གཙོ་བོ་ཡིན་པར་ངེས། དེ་ལས་ཀྱང་བློན་པོ་འགོས་ཀྱི་རྣམ་ཐར་ཞེས་པ་ནི་ཕྱིས་སུ་འཁྲབ་སྟོན་སོགས་ཀྱི་སྲོལ་ཆད་པར་ངེས་མོད། «བུ་སྟོན་ཆོས་འབྱུང»དུ། “སྦས་ཆོས་བསླབས་ཏེ། ཕོ་བྲང་རླུང་ཚུབས་སུ་རྒྱལ་པོ་དང་མཇལ་ཏེ་ཆོས་ཀྱི་བཀའ་མཆིད་བྱས། བོ་དི་ས་ཏྭའི་ལོ་རྒྱུས་བསྙད་པས། ཁྱོད་ཡིབས་ཤིག ངས་ཞང་ཉ་བཟང་ཁད་ཀྱིས་གསོལ་དུ་གཞུག་གོ་གསུངས་ནས། ཞང་ཉ་བཟང་དང་འགོས་ཁྲི་བཟང་ལ་སོགས་པ་ཆོས་ལ་དགའ་བའི་བློན་པོ་ཀུན་ལ་ཆོས་བྱེད་པར་མོལ་བཏབ་པས། ཉ་བཟང་ན་རེ། མ་ཞང་དབང་ཆེ་ལ་ཆོས་ལ་གནག་པས་མི་འགྲུབ་མཆི་ཟེར། འགོས་ན་རེ། ཐབས་བགྱི་བར་རོ་ཐོགས། ཁོ་བོའི་གཏིང་[རྟིང་]གནོན་སླད་ཀྱིས་མཛོད་ཅིག་ཟེར་རོ། །རྒྱལ་བློན་ཆད་བྱས་ཏེ་འགོས་ཀྱིས་བློ་བཏོན་ནས་མ་ཞང་གྲོམ་པ་སྐྱེས་གསོན་པོར་དུར་དུ་བཅུག་སྟེ་ཁ་ཕ་བོང་གིས་བཅད་དོ། །”[27]ཞེས་འགོས་ཁྲི་བཟང་ཡབ་ལྷག་གཙོ་བྱས་པའི་ཆོས་ལ་དགའ་བའི་བློན་པོ་རྣམས་ཀྱིས། དམ་ཆོས་སྤེལ་བའི་ཕྱིར་དུ་བོན་ལ་དགའ་བའི་བློན་པོ་རྣམས་ཉམས་དམའ་བར་བྱས་པ་དང་། བློན་མ་ཞང་གྲོམ་པ་སྐྱེས་ཐབས་ཀྱི་སྒོ་ནས་གསོན་དུར་དུ་བཅུག་པའི་སྒྲུང་དེ་སྲོག་ཤིང་བྱས་པའི་ནང་དོན་ཡིན་པར་ངེས། བློན་པོ་འགོས་དང་འབྲེལ་བའི་གཏམ་རྒྱུད་ནི་སྐབས་དེའི་སྤྱི་ཚོགས་སུ་ཤིན་ཏུ་དར་བ་ཞིག་ཡིན་པར་ངེས་ཏེ། དཔེར་ན«བཀའ་བརྒྱུད་གསེར་ཕྲེང»ལས་ཡང་དགོན་པ[28]ཡི་རྣམ་ཐར་དུ། ཁོང་སྐུ་ཆུང་ངུའི་དུས་ཀྱི་མཛད་པ་བརྗོད་པའི་སྐབས་སུ། “དེའི་དུས་སུ་ཡུམ་ཚད་པ་སྙུང་ནས་ལྷ་རེ་མེ་ལྕེ་སྤྱན་དྲངས། ཁོང་ལ་ཆོས་སྟོན་དྲངས་བ་རྣམས་རིན་པོ་ཆེ་ལ་དྲངས་པས། དེ་རྣམས་སྣོམས་ནས་ཡུམ་ཅན་དུ་གཤེགས་པར་བཞེད་པས། མ་འཕྱོགས་པ་ལ། མར་དེ་ཞལ་དུ་གསོལ། ཤ་ཚེམས་ཀྱིས་བཟུང་། ཟན་ཕྱག་གཡོན་དུ་སྣོམས་ཏེ། ཕྱག་གཡས་ཀྱིས་འགོགས་ནས་བྱོན་པས། སྨན་པ་ཧ་ལས་ཏེ། བློན་པོ་འགོས་ལྟ་བུའི་ཐབས་སྟོབས་འདུག་ཟེར།”[29]ཞེས་མི་ཞིག་ལ་ཐབས་དང་བློ་གྲོས་ཡོད་པར་བརྗོད་ཚེ་བློན་པོ་འགོས་དཔེ་རུ་འཁྱེར་བ་ཡིན་འདུག །
གསུམ་པ། པག་ཤི་དང་བླ་མ་མ་ཎིའི་འབྲེལ་བ།
       «ཉང་རལ་ཆོས་འབྱུང»དུ། “བོད་ཀྱི་རྒྱལ་པོ་ལ་སྔ་བ་རྗེ་གཉའ་ཁྲི་བཙན་པོ་ཡིན་ཏེ། དེའི་སྐུ་རིང་ལ། གཏམ་རྒྱུད་དང་། སྒྲུང་རྒྱུད་དང་། སྡེབ་སྦྱོར་དང་། བཀའི་ཀུགས་དང་། བྲོ་གར་དང་། གླུ་གཞས་དང་། ཤོན་རྩེད་དང་། རྩེད་འཇོ་ལ་སོགས་པ་བྱུང་བ་ཡིན་ནོ།”[30]ཞེས་སྤྱི་ལོ་སྔོན་གྱི་དུས་རབས་བཞི་པ་ཡས་མས་ནས་བཟུང་བོད་དུ་དོན་གྱི་བྱུང་བ་བརྗོད་པའི་འཁྲབ་སྟོན་གྱི་རྣམ་པ་ཡོད་པར་བརྗོད་ཡོད་ལ། དེ་བཞིན་དུ་དུས་རབས་བདུན་པ་ཡས་མས་ནས་བཟུང་། དགའ་སྟོན་སོགས་ཀྱི་སྐབས་སུ་གཞས་དང་ཞབས་བྲོ་ཁོ་ན་ཙམ་མ་ཡིན་པར། མི་སྣའི་ཁ་བརྡ་དང་། རྐང་ལག་གི་སྟངས་སྟབས། གཏམ་རྒྱུད་ཀྱི་བྱུང་རིམ་སོགས་འདུས་པའི་འཁྲབ་སྟོན་གྱི་རྣམ་པ་མང་པོ་ཞིག་ཡོད་པ་ནི་དཔོག་ཐུབ། འོན་ཀྱང་ད་ལྟའི་ཡིག་ཚང་ཁག་ལ་གཞིགས་ན། ཟློས་གར་གྱི་ཁྱད་ཆོས་དང་ལྡན་ཞིང་། ཕྱིས་ཀྱི་འཁྲབ་སྟོན་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད་པའི་འཁྲབ་སྟོན་ཀྱི་རྣམ་པ་སྔ་ཤོས་ཟིན་ཐོར་བཀོད་པ་ནི་བླ་མ་མ་ཎི་ཡིན་པ་འདྲ།
       གཅིག །བླ་མ་མ་ཎི་ངོས་འཛིན།
       བླ་མ་མ་ཎི་ཞེས་པ་ནི་སྐྱེས་རབས་དང་མཛད་རྣམ་འཁོད་པའི་ཡིན་ཐང་དང་མཛད་ཐང་སོགས་ཀྱི་ཐང་ཀའི་ཞལ་ཕྱེ་ནས། ཐང་ཀའི་ངོས་ཀྱི་རི་མོའི་གོ་རིམ་གཞིར་བཟུང་ནས་མི་སྣའི་ལོ་རྒྱུས་དང་གཏམ་རྒྱུད་གཞས་མ་གཏམ་གྱི་རྣམ་པའི་སོ་ནས་གྱེར་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ། གྱེར་བྱའི་གཞུང་ཉི་ཤུ་ལྷག་ཡོད་པར་བརྗོད་ཅིང་། ཕལ་ཆེ་བ་ནི«རྣམ་ཐར་ཆེན་མོ་བརྒྱད»ཀྱི་ནང་དོན་དང་མཐུན་པ་དང་། «མཁས་པའི་དགའ་སྟོན»དུ། “ལྷ་སའི་བཀའ་ཆེམས་གཏེར་ནས་ཐོན་རྗེས་མངའ་བདག་མྱང་ཡབ་སྲས་ཀྱིས་ཁྲོམ་ལ་བསྐུལ། གུ་རུ་ཆོས་དབང་གིས་ཀྱང་མ་ཎིའི་རིགས་དུ་མ་མཛད་པ་རྣམས་ནས་དར་ཞིང་ཕྱིས་མ་ཎི་བ་ཟུར་དུ་སྐོ་བའི་སྲོལ་དར་བ་ཡིན་ནོ། །”[31]ཞེས་མ་ཎི་བའི་སྲོལ་ནི་མངའ་བདག་ཉང་རལ་ནས་གུ་རུ་ཆོས་དབང་ལ་བརྒྱུད་པ་ཞིག་ཡིན་པར་བརྗོད་ཡོད། «གྷུ་རུ་ཆོས་དབང་གིས་སྐུའི་རྣམ་ཐར་སྐབས་བརྒྱད་མའོ། དརྨ་ཤྭ་རའི་རྣཾཐར་ཞེས་ཀྱང་བྱ»ཞེས་པ་རུ། “ཡང་ཡུལ་པས་མ་ཎི་ཆེན་མོ་བསྒྲངས་པའི་ཚེ་ན། ཤབ་ཀྱིས་འབར་ར་ནག་པོ་རྟ་པ་བདུན་གྱིས་བསྐོར་བ་བྱས། བསྟོད་པ་བྱས། ཀླུ་སྐོར་བྱེད་ཅིང་བླ་མར་མངའ་གསོལ་བ། གྷུ་རུ་ཉིད་ཀྱིས་གཟིགས་པ་ལ། བ་རང་ཉག་པོ་བྱ་བ་ལུག་རི་༡་གིས་ཀྱང་མཐོང་ནས་མི་ཀུན་ལ་བཤད་པ་དང་། གྷུ་རུས་གཟིགས་པ་ཉིད་མཐུན་ཏེ་དེའི་དུས་སུ་མ་ཎི་འབར་ར་མ་གསུངས་སོ། །”[32]ཞེས་སོགས་དབྱངས་ལ་གྱེར་ནས་མ་ཎི་དགེ་བསྐུལ་བྱ་བའི་སྲོལ་རྒྱུན་འདི་ཉིད་དེ་སྐབས་ནས་དར་ཡོད་པ་ཤེས་ཐུབ།
       བླ་མ་མ་ཎི་གྱེར་མཁན་གྱི་སྒྱུ་རྩལ་པ་ལ“མ་ཎི་བ”དང“ལོ་ཆེན་པ”ཞེས་སོགས་ཟེར་བ་དང་། བླ་མ་མ་ཎི་བཤད་པའི་ལས་དེ་ལ་ཡུལ་ལུང་འགའ་རུ་“རྒྱལ་རབས་བཤད་པ”ཞེས་ཟེར་སྲོལ་འདུག །བླ་མ་མ་ཎིའི་ངག་ཏུ་གྱེར་བྱའི་ནང་དོན་ལ་དོན་གྱི་བྱུང་བ་བརྗོད་པའི་ཆ་ཤིན་ཏུ་གསལ་པོ་ཡོད་པ་དང་། རྣམ་པའང་གཞས་མ་གཏམ་གྱི་ཚུལ་དུ་ཡོད་པས། ཞིབ་འཇུག་པ་འགའ་རེས་འདི་ཉིད་ནི་བོད་ཀྱི་ཟློས་གར་གྱི་ས་བོན་གལ་ཆེན་ཞིག་ཏུ་ངོས་འཛིན།
       གཉིས། པག་ཤི་དང་བླ་མ་མ་ཎིའི་ཁྱད་པར།
       འགའ་རེས་འཁྲབ་སྟོན་གྱི་རྣམ་པ་འདི་གཉིས་ཀ་དུས་ཚོད་གཅིག་ནང་གནས་མྱོང་ཡོད་པ་དང་། ཕྱོགས་མེད་དུ་འཁྱམ་པའི་རྒྱལ་ཁམས་པ་དག་གིས་ལས་སུ་གཉེར་བ། གཏམ་རྒྱུད་དང་སྒྲུང་སོགས་ཀྱི་ཐབས་ལ་བརྟེན་ནས་མི་སེམས་དགེ་བའི་ཕྱོགས་སུ་སྐུལ་བ་སོགས་ཆ་འདྲ་བ་གཞིར་བཟུང་ནས། སྐབས་སྐབས་སུ་འདི་གཉིས་ངོ་བོ་གཅིག་ཏུ་འཛིན་པའི་སྣང་ཚུལ་ཡང་མཐོང་མོད། འོན་ཀྱང་ཞིབ་པར་བལྟས་ཚེ་འདི་གཉིས་ལ་མི་འདྲ་བའི་ཆ་ཤིན་ཏུ་མང་པོ་ཡོད་དེ། བླ་མ་མ་ཎི་ནི་གཙོ་བོ་རི་མོར་བལྟས་ཤིང་། དེ་གཞིར་བཟུང་ནས་བཤད་པ་གཙོ་བོར་གྱུར་པ་དང་། པག་ཤི་ནི་ཐང་ཀ་དང་རི་མོ་སོགས་གཞི་འཛིན་ས་མེད་པར། འཁྲབ་སྟོན་མཁན་གྱིས་ཞབས་བྲོ་དང་གར་སྟབས་སོགས་ཀྱི་རམ་འདེགས་འོག་ཏུ་གཞས་དང་སྙན་ངག་སོགས་ཀྱི་རྣམ་པའི་སྒོ་ནས་བྱུང་བ་བརྗོད་པ་ཡིན་པས། སྔ་མ་དང་བསྡུར་ན་ལྷག་ཏུ་ཟློས་གར་གྱི་ཆ་ལག་ཚང་ཞིང་། འཁྲབ་སྟོན་གྱི་ཆ་དང་ལྡན་པ་ཡིན། «མཁས་པའི་དགའ་སྟོན»དུ་ཀརྨ་པཀྴིའི་སྐོར་རྗོད་སྐབས། “སྤྱིར་བོད་ཕྱི་དུས་འདིར་མ་བརྟགས་པར་འཇུག་པ་མང་པོས་འཕགས་པ་རིན་པོ་ཆེ་ཧོར་ཡུལ་ལ་འབྱོན་དུས་གྲུབ་ཐོབ་ཀརྨ་པཀྴི་མ་ཎི་བ་ཡིན་ཞེས་ཟེར་བ་སོགས་གླེང་ཞིང་འབྲི་བར་འདུག་ཀྱང་དེ་འདྲ་བ་མ་ཡིན”[33]ཞེས་པག་ཤི་ནི་མ་ཎི་བ་མིན་པའི་དམིགས་བསལ་གྱི་གསལ་བཤད་དམ་འགྲེལ་བརྗོད་ཅིག་བྱུང་ཡོད་ལ། རྒྱལ་དབང་ལྔ་པའི་རང་རྣམ«དུ་ཀཱུ་ལའི་གོས་བཟང»དུའང་། ཡང་དང་ཡང་དུ་མ་ཎི་བའི་རྟེན་སམ་དང་། མ་ཎི་བའི་སྟོང་ཤོབ་སོགས་དོན་ལ་མི་གནས་པའི་དཔེ་རུ་བཞག་ནས་བཀོད་ཡོད་པ་སོགས་ལས་ཀྱང་སྐབས་དེར་མཁས་པའི་སྡེ་རུ་མ་ཎི་བ་ནི་དམངས་ཁྲོད་ཀྱི་འཁྲབ་སྟོན་རྣམ་པ་ཞིག་ཡིན་པའི་ཆ་ནས་དེ་འདྲ་དོ་སྣང་དང་མཐོང་ཆེན་མེད་པའི་ལྟ་ཚུལ་ཞིག་མཐོང་ཐུབ།
       དེའི་ཕྱིར་འདི་གཉིས་ནི་དུས་སྐབས་གཅིག་ཏུ་བྱུང་བའི་ཟློས་གར་གྱི་འཁྲབ་སྟོན་རིགས་མི་འདྲ་བ་གཉིས་ཡིན་ཞིང་། དེ་གཉིས་ཀ་ནི་ཐོག་མའི་དུས་སུ་དམངས་ཁྲོད་དུ་ཤུགས་ཆེན་པོར་དར་བས། ལེགས་སྦྱར་སོགས་ནས་བསྒྱུར་བའི་ཟློས་གར་གྱི་གཞུང་དང་བསྡུར་ན། དམངས་ཁྲོད་དང་ཐག་ཉེ་ལ་ལག་ལེན་གྱི་ཆའང་ཤིན་ཏུ་གསལ་པོ་ཡོད་མོད། འོན་ཀྱང་སྐབས་དེའི་མཁས་པའི་སྡེ་རུ་དེ་འདྲ་མཐོང་ཆེན་གནང་མེད་པར་ངེས། ས་པཎ་གྱིས་ཀྱང«རོལ་མོའི་བསྟན་བཅོས»སུ“དབུས་འགྱུར་ཚལ་ན་གཏམ་རྒྱུད་ཀྱི། །ཟློས་གར་བྱེད་པས་ཐམས་ཅད་སྦྱོར། །མཐའ་འཁོབ་འདི་ན་དེ་ལྟ་བུ། །བྱེད་པ་ལྟ་ཞོག་ཐོས་པའང་དཀོན། །”[34]ཞེས་འདི་ལྟ་བུའི་རོལ་མོའི་རྣམ་གཞག་རྒྱ་གར་དབུས་འགྱུར་ཚལ་ན་གཏམ་རྒྱུད་ཀྱི་ཟློས་གར་བྱེད་པའི་གར་མཁན་རྣམས་ཀྱིས་ཐམས་ཅད་སྦྱོར་བ་བྱེད་ཅིང་། བོད་མཐའ་འཁོབ་འདི་ན་གཏམ་རྒྱུད་དེ་ལྟ་བུ་བྱེད་པ་ལྟ་ཞོག །ཐོས་པའང་དཀོན་པས་ཉེར་མཁོ་མེད་པར་བརྗོད་པའང་། གཙོ་བོ་མཁས་པའི་སྡེ་རུ་ལེགས་སྦྱར་རྩོམ་རིག་གི་ཁུངས་དང་ལྡན་པའི་ཟློས་གར་གྱི་སྲོལ་རྒྱུན་མེད་པ་ཁོ་ན་ལ་གོ་བ་ལས། སྐབས་དེའི་དམངས་ཕལ་པའི་ལག་ལེན་དུ་འདེབས་བཞིན་པའི་ཟློས་གར་གྱི་རྣམ་པ་དག་ལ་སྤྱན་དཀྱུས་གཡོས་མེད་པ་གསལ་པོར་མཐོང་།
       དེ་ནས་ཕྱིས་སུ་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ། བླ་མ་མ་ཎི་ནི་སྔར་གྱི་འཁྲབ་སྟོན་ལ་རྩ་བའི་ཆ་ནས་འགྱུར་བ་མ་བྱུང་བར། ད་ལྟའང་བཤད་པ་གཙོ་བོ་བྱས་པའི་གཞས་མ་གཏམ་གྱི་རྣམ་པའི་འཁྲབ་སྟོན་གྱི་སྲོལ་དང་བརྒྱུད་པ་གནས་ཡོད་པ་དང་། དེའི་འཁྲབ་སྟོན་གྱི་རྣམ་པའང་འགྱུར་བ་ཆེན་པོ་ཕྱིན་མེད་པས། ང་ཚོས་ཤིན་ཏུ་སྔ་མོ་ནས་དར་བའི་ཟློས་གར་གྱི་རྣམ་པ་འདི་ཉིད་ཇི་འདྲ་ཞིག་ཡིན་པ་དཔོག་ཐུབ་ལ། པག་ཤི་ནི་མ་གཞི་འཁྲབ་སྟོན་གྱི་གོ་རིམ་དུ་གཞས་དང་ཞབས་བྲོ་སོགས་ཀྱི་རྣམ་པ་ཕུན་སུམ་ཚོགས་པ་ཡོད་པ་དང་། རྣམ་པ་དེ་རིགས་འཛིན་སྐྱོང་བྱ་བའི་ཚོགས་པའང་ལས་བགོས་གསལ་པོའི་སྒོ་ནས་ཡོད་ནའང་། རིམ་གྱིས་འགྱུར་བའི་གོ་རིམ་ཁྲོད་དུ་ཉམས་པར་གྱུར་ནས། ལོ་རྒྱུས་ཡིག་ཚང་སོགས་སུ་མངོན་རྒྱུ་མེད་པར་གྱུར་ཡོད་ལ། དུས་རབས་བཅོ་ལྔ་པར་སླེབས་དུས། འཁྲབ་སྟོན་གྱི་ཚོགས་པ་གཏན་འཇགས་པ་ཡོད་པ་དང་། འཁྲབ་སྟོན་ལ་སྒྲིག་རིམ་ངེས་ཅན་ལྡན་པ། ཆེད་ལས་ཀྱི་འཁྲབ་གཞུང་ལ་སོགས་པ་ཤིན་ཏུ་རྒྱས་པ་དང་ལྡན་པའི་ཨ་ལྕེ་ལྷ་མོ་བོད་ཀྱི་ཟློས་གར་གྱི་སྲོལ་གཙོ་བོར་ཆགས་ཡོད།
མཇུག་བསྡོམས།
       མདོར་ན། མི་སྣའི་ལོ་རྒྱུས་མངོན་པའི་རྣམ་ཐར་ཡིག་ཚང་ནི་སྐབས་དེའི་སྤྱི་ཚོགས་ལོ་རྒྱུས་དང་དམངས་ཕལ་པའི་འཚོ་བ་ལ་རྒྱུས་ལོན་བྱ་བར་མེད་དུ་མི་རུང་བའི་རྒྱུ་ཆ་དང་པོ་རུ་ཆགས་ཡོད་དེ། ད་ཡོད་ཀྱི་རྣམ་ཐར་ཡིག་ཚང་འདི་དག་གཞིར་བྱས་ནས། པག་ཤི་སོགས་ཀྱི་ཟློས་གར་གྱི་རྣམ་པ་ལ་ཆ་རྒྱུས་ཡོད་ན། དུས་རིམ་ཅུང་སྔ་བའི་རང་སའི་ཟློས་གར་རྩོམ་རིག་གི་སྲོལ་རྒྱུན་ལ་ཤེས་རྟོགས་བྱེད་ཐུབ་པར་མ་ཟད། བོད་ཀྱི་ཟློས་གར་གྱི་ཁུངས་དང་ཐོག་མའི་འཕེལ་རྒྱས་ལའང་རང་སའི་རིག་གནས་དང་དམངས་ཁྲོད་ཀྱི་ས་བོན་གང་འདྲ་ཡོད་མེད་ལ་ཤེས་རྟོགས་བྱེད་པར་ཕན་ཆེན་པོ་ཐོགས་པར་ངེས། པག་ཤི་ནི་དུས་རབས་བཅུ་གསུམ་པ་དང་བཅུ་བཞི་པའི་སྐབས་སུ། དབུས་གཙང་ཁུལ་གྱི་དམངས་ཁྲོད་དུ་རྒྱུག་ཆེ་བའི་ཟློས་གར་གྱི་འཁྲབ་སྟོན་རྣམ་པ་ཞིག་ཡིན་པའི་ཆ་ནས། དེ་ལ་གཞས་དང་། ཞབས་བྲོ། གཏམ་རྒྱུད་སོགས་ཀྱི་ཆ་ལག་ཚང་བར་མ་ཟད། བརྗོད་བྱའང་སྔོན་བྱུང་གི་གཏམ་དང་རྒྱལ་བློན་སོགས་ཀྱི་མཛད་པ་སོགས་རྒྱ་ཆེན་པོ་ཡོད་པ་ཤེས་ཐུབ་ལ། འདི་དང་འདི་ལྟ་བུའི་དམངས་ཁྲོད་ཀྱི་འཁྲབ་སྟོན་གྱི་རྣམ་པ་རིགས་མང་པོ་རིམ་གྱིས་འཕེལ་བས། ཕྱིས་སུ་དུས་རབས་བཅོ་ལྔ་པར་སླེབས་དུས་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཨ་ལྕེ་ལྷ་མོའི་ཟློས་གར་གྱི་སྲོལ་རྒྱུན་གསར་དུ་བཏོད་པར་རྨང་གཞི་ལེགས་པོ་བཏིང་ཡོད་ལ། ཨ་ལྕེ་ལྷ་མོའི་གོང་དུ་ལོ་ངོ་ཉིས་བརྒྱ་ལྷག་གི་སྔ་རོལ་ནས་བཟུང་། བོད་ཀྱི་དམངས་ཁྲོད་དུ་ཟློས་གར་གྱི་ཆ་ལག་ཚང་བའི་འཁྲབ་སྟོན་གྱི་རྣམ་པ་དུ་མ་ཞིག་ཡོད་པ་ཤེས་ཐུབ་བོ། །

དཔྱད་གཞིའི་ཡིག་ཆ།
[1] འགོས་ལོ་གཞོན་ནུ་དཔལ།«དེབ་ཐེར་སྔོན་པོ།»(སྨད་ཆ།) ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས797
[2] ངག་དབང་བློ་བཟང་རྒྱ་མཚོ།«རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་།»ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས10
[3][4] «འབའ་ར་བཀའ་བརྒྱུད་གསེར་འཕྲེང་ཆེན་མོ།»(པོད་དང་པོ།) གྲ་སྐུ་ཞབས་བསྟན་འཛིན་ནོར་བུའི་ཕྱག་དཔེ་དབུ་ཅན་བྲིས་མ། ཤོག་ངོས461;461
[5] «ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་གསུང་འབུམ།»(པོད་ཁ་པ།) ཞོལ་པར་ཁང་གི་ཤིང་པར། ཤོག་ངོས134
[6] རྒྱལ་དབང་ལྔ་པ་ཆེན་པོ།«དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།»པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1957ལོ། ཤོག་ངོས97
[7] ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།«ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་གསུང་འབུམ།»(པོད་ཁ་པ།) ཞོལ་པར་ཁང་གི་ཤིང་པར། ཤོག་ངོས134
[8] སྐྱོགས་སྟོན་རིན་ཆེན་བཀྲ་ཤིས།«བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་།»པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་ངོས22
[9] བསོད་ནམས་འོད་ཟེར།«གྲུབ་ཆེན་ཨུ་རྒྱན་པའི་རྣམ་ཐར།»ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རིང་དཔེ་སྐྲུན་ཁང་། 1997ལོ། ཤོག་ངོས179
[10] རྣལ་འབྱོར་བ་སངས་རྒྱས་དར་པོ་དང་རྒྱལ་ཐང་བ་བདེ་ཆེན་རྡོ་ར།«རྒོད་ཚང་བ་མགོན་པོ་རྡོ་རྗེའི་རྣམ་ཐར།»ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1993ལོ། ཤོག་ངོས25
[11] རྣལ་འབྱོར་བ་སངས་རྒྱས་དར་པོ་དང་རྒྱལ་ཐང་བ་བདེ་ཆེན་རྡོ་རྗེ།«རྒོད་ཚང་བ་མགོན་པོ་རྡོ་རྗེའི་རྣམ་ཐར།»ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1993ལོ། ཤོག་ངོས298
[12] «དཀར་བརྒྱུད་གསེར་གྱི་འཕྲེང་བ།»འབྲུག་ཡུལ་རྟ་མགོ་དགོན་གྱི་དབུ་ཅན་བྲིས་མ། ཤོག་ངོས509
[13] «འབའ་ར་བཀའ་བརྒྱུད་གསེར་འཕྲེང་ཆེན་མོ།»(པོད་དང་པོ།) གྲ་སྐུ་ཞབས་བསྟན་འཛིན་ནོར་བུའི་ཕྱག་དཔེ་དབུ་ཅན་བྲིས་མ། ཤོག་ངོས541
[14] བསོད་ནམས་འོད་ཟེར། «གྲུབ་ཆེན་ཨུ་རྒྱན་པའི་རྣམ་ཐར།»ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1997ལོ། ཤོག་ངོས182
[15][16] ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས།«བོད་རྒྱ་ཚིག་མཛོད་ཆེན་མོ།»པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1993ལོ། ཤོག་ངོས1607;1607
[17] 郭羽:«从“戾家把戏”到“行家生活”-从<青楼集>看元杂剧演员的专业化道路»,«重庆三峡学院学报»2006年第1期,第53页。
[18]
རྣལ་འབྱོར་བ་སངས་རྒྱས་དར་པོ་དང་རྒྱལ་ཐང་བ་བདེ་ཆེན་རྡོ་རྗེ།«རྒོད་ཚང་བ་མགོན་པོ་རྡོ་རྗེའི་རྣམ་ཐར།»ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1993ལོ། ཤོག་ངོས23
[19] «འབའ་ར་བཀའ་བརྒྱུད་གསེར་འཕྲེང་ཆེན་མོ།»(པོད་དང་པོ།) གྲ་སྐུ་ཞབས་བསྟན་འཛིན་ནོར་བུའི་ཕྱག་དཔེ་དབུ་ཅན་བྲིས་མ། ཤོག་ངོས461
[20] རྣལ་འབྱོར་བ་སངས་རྒྱས་དར་པོ་དང་རྒྱལ་ཐང་བ་བདེ་ཆེན་རྡོ་རྗེ། «རྒོད་ཚང་བ་མགོན་པོ་རྡོ་རྗེའི་རྣམ་ཐར།»ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1993ལོ། ཤོག་ངོས317
[21] འགོས་ལོ་གཞོན་ནུ་དཔལ།«དེབ་ཐེར་སྔོན་པོ།»(སྨད་ཆ།) ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས797
[22]
དཔའ་བོ་གཙུག་ལག་ཕྲེང་བ།«ཆོས་འབྱུང་མཁས་པའི་དགའ་སྟོན།»(སྟོད་ཆ།) ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས662-663
[23][25]
རྒྱལ་ཐང་བ་བདེ་ཆེན་རྡོ་རྗེ། «རྒོད་ཚང་བ་མགོན་པོ་རྡོ་རྗེའི་རྣམ་པར་ཐར་པ་ཤིན་ཏུ་ངོ་མཚར་ཆེ་བ།»དཔེ་རྙིང་དབུ་མེད་བྲིས་མ། ཤོག་ངོས6a;6a
[24]
རྣལ་འབྱོར་བ་སངས་རྒྱས་དར་པོ་དང་རྒྱལ་ཐང་བ་བདེ་ཆེན་རྡོ་རྗེ། «རྒོད་ཚང་བ་མགོན་པོ་རྡོ་རྗེའི་རྣམ་ཐར།» ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1993ལོ། ཤོག་ངོས317-318
[26]
དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། «བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་ཀྱི་དཀར་ཆག་བཞུགས་སོ། །»(31-60) ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས98-99
[27]
བུ་སྟོན་རིན་ཆེན་གྲུབ།«བུ་སྟོན་ཆོས་འབྱུང་།»པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས184-185
[28]
ཁོང་ནི་རྒྱལ་བ་ཡང་དགོན་པ་རྒྱལ་མཚན་དཔལ(1213-1258)ཞེས་པ་སྟེ། རྒོད་ཚང་པའི་སློབ་མ་གཙོ་བོ་ཞིག་ཡིན།
[29] «བཀའ་བརྒྱུད་ཀྱི་རྣམ་ཐར་ཐོག་མར་རྡོ་རྗེ་འཆང་གི་རྣམ་ཐར་ནས་རིམ་པར་བཞུགས་སོ། །བཀའ་བརྒྱུད་གསེར་འཕྲེང་།» དབུ་མེད་བྲིས་མ། ཤོག་ངོས323a-323b
[30]
ཉང་ཉི་མ་འོད་ཟེར་གྱིས་བརྩམས། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང(གྲ་སྒྲིག་)ནས་བསྒྲིགས།«ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།»ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས160
[31]
དཔའ་བོ་གཙུག་ལག་ཕེང་བ།«ཆོས་འབྱུང་མཁས་པའི་དགའ་སྟོན།»(སྨད་ཆ།) ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས701
[32]
གུ་རུ་ཆོས་དབང་།«གྷུ་རུ་ཆོས་དབང་གིས་སྐུའི་རྣམ་ཐར་སྐབས་བརྒྱད་མའོ། དྷརྨ་ཤྭ་རའི་རྣཾཐར་ཞེས་ཀྱང་བྱ།»འབྲུག་སྤ་གྲོའི་ལག་བྲིས་པར་མ། ཤོག་ངོས36
[33]
དཔའ་བོ་གཙུག་ལག་ཕྲེང་བ།«ཆོས་འབྱུང་མཁས་པའི་དགའ་སྟོན།»(སྨད་ཆ།) ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས700
[34]
ཞ་ལུ་ཙནྟྲ་ཤྲི་སོགས་ཀྱིས་མཛད། སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས།«རོལ་མོའི་བསྟན་བཅོས་གཅེས་བསྡུས་བཞུགས་སོ། །»ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2019ལོ། ཤོག་ངོས39

རྩོམ་པ་པོ་ངོ་སྤྲོད།
       དཔལ་རྩལ། 1987ལོར་མུར་བྱེག་ཏུ་སྐྱེས། ལྷོ་ནུབ་མི་རིགས་སློབ་ཆེན་དང་ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་འགྲིམས། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཞིབ་འཇུག་སློབ་མ་སོགས་ཀྱི་བྱ་དགའ་ཐོབ་མྱོང་། དཔྱད་དེབ«འཇུ་སྐལ་བཟང་གི་སྙན་ངག་ལ་དཔྱད་པ»པར་དུ་བསྐྲུན་ཡོད། བརྩམས་སྒྲུང«ཆར་ཞོད»དང«ཕ་ཡུལ་དང་བྲལ་བའི་ཉིན་དེ་ཚོར»སོགས་སྤེལ་མྱོང་། 2020ལོར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་བོད་ཀྱི་གནའ་རབས་ཡིག་ཚང་དང་ལོ་རྒྱུས་ཀྱི་འབུམ་རམས་མཐར་ཕྱིན་ཞིང་། ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་དུ་དགེ་རྒན་བྱེད་མུས་ཡིན།

རྩོམ་ཁུངས། 2025ལོའི«ཀྲུང་གོའི་བོད་རིག་པ།»དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།