༄༅། །མི་ལ་རས་པའི་གསུང་མགུར་གྱི་དབྱངས་འགྲོས་སྡེབ་སྦྱོར་ལ་ཅུང་ཟད་དཔྱད་པ།

རྩོམ་པ་པོ།:སྔོ་དེའུ་སྒོམ་པ་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-12-09 08:38:35 ཀློག་གྲངས།:
དོན་གནད་བསྡུས། «མི་ལ་རས་པའི་མགུར་འབུམ»ནི། བོད་མི་རིགས་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ཏུ་སྙན་པའི་གྲགས་པ་ཆེས་ཆེར་རྒྱས་པའི་མགུར་མའི་རྩོམ་རིགས་ཀྱི་ཚབ་མཚོན་བརྩམས་ཆོས་གལ་ཆེན་ཞིག་སྟེ། མགུར་ཚན་བཞི་བརྒྱ་ལྷག་གིས་གྲུབ་པའི«མགུར་འབུམ»གྱི་བརྗོད་བྱའི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། དཔེ་དོན་འབྱོར་ཞིང་གོ་བདེ་བ། རྣམ་པའི་ཆ་ནས་སྲོལ་རྒྱུན་གྱི་གླུ་དང་གནའ་བོའི་ཆོ་གའི་གྱེར་ཚིག་གི་ཚིགས་བཅད་སྡེབ་སྟངས་དང་མཐུན་པར་བརྩམས་པས་ཀློག་ན་ཁར་བདེ་བ་དང་། མཉན་ན་རྣ་བར་སྙན་པ་སོགས་ཀྱི་ཁྱད་ཆོས་རྩོལ་མེད་ལྷུན་གྲུབ་ཀྱི་ཚུལ་དུ་ཐོན་པའི་ཁར། ཚིག་སྦྱོར་གྱི་ཚེག་བར་ཆ་ཡའི་སྡེབ་སྟངས་མི་འདྲ་བ་དང་། ཚིགས་བཅད་ཀྱི་ངལ་གསོ་དང་གཅོད་མཚམས་མི་འདྲ་བ་སྣ་ཚོགས་ལས་ཐོན་པའི་ཚིག་གི་སྡེབ་སྦྱོར་ཕུན་སུམ་ཚོགས་པའི་དབྱངས་འགྲོས་ཀྱིས་མགུར་ཚན་སོ་སོ་ཡོངས་སུ་གཏམས་པས། གསུང་མགུར་གྱི་ཚིག་དོན་ཉམས་གསུམ་གང་གི་ཆ་ནས་ཀྱང་ཕྱིས་བྱུང་གྲུབ་མཐའ་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པ་ཇི་སྙེད་པས་མཛད་པའི་བོད་ཀྱི་སྲོལ་རྒྱུན་མགུར་མའི་བརྩམས་ཆོས་བརྩེགས་ན་རི་བོའི་གཏོས་དང་མཉམ་པ་དེ་སྙེད་ཀྱི་ལད་མོ་དང་དཔེ་ལྟ་བྱ་སར་གྱུར་ཏེ་ཕྱིས་བྱུང་བོད་ཀྱི་རྩོམ་རིག་གསར་རྩོམ་ལ་བག་ཆགས་ཟབ་མོ་བཞག་ཡོད་ལ། དེང་གི་ཆར་ཡང་མགུར་མའི་རྩོམ་རིགས་གསར་རྩོམ་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བར་ཟུར་ལྟའི་རིན་ཐང་གལ་ཆེན་ལྡན་པས་ན། དེ་ལ་རྩོམ་རིག་དང་། སྙན་ངག་རིག་པ། ཚིག་རྒྱན་རིག་པ། སྡེབ་སྦྱོར་རིག་པ་སོགས་ཀྱི་ཆ་ནས་ཞིབ་དཔྱོད་གནད་སྨིན་བགྱི་འོས་པའི་ཆ་མང་དུ་སྣང་བ་ལས། འདིར་ནི«མགུར་འབུམ»གྱི་ཚིག་གི་དབྱངས་འགྲོས་སྡེབ་སྦྱོར་ནི། ཚིགས་བཅད་ཀྱི་ཚེག་བར་སྡེབ་སྟངས་དང་། ཚིག་རྐང་རིང་ཐུང་མི་འདྲ་བ་སྤེལ་སྟངས། སྒྲ་རྒྱན་སྦྱོར་སྟངས་བཅས་ལ་བརྟེན་ནས་བྱུང་ཚུལ་དཔེའི་སྒོ་ནས་ཆེ་ལོང་རགས་བསྡུས་ཙམ་གླེང་བར་བྱས་སོ། །
གནད་ཚིག མི་ལ་རས་པ། རུས་པའི་རྒྱན་ཅན། མགུར་འབུམ། དབྱངས་འགྲོས།

       རྣལ་འབྱོར་དབང་ཕྱུག་རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེའི་གསུང་མགུར་གང་དག་ཇི་སྙེད་ཕྱོགས་གཅིག་ཏུ་དྲིལ་བའི«མི་ལ་རས་པའི་མགུར་འབུམ»དུ་གྲགས་པ་དེ་ཉིད་སྔ་མོ་ཙམ་ནས་འཛམ་གླིང་གི་ཡིག་རིགས་དུ་མར་བསྒྱུར་པས། འཛམ་གླིང་རྩོམ་རིག་གི་དགའ་ཚལ་དུ་ཐུན་མིན་གྱི་མཚར་སྡུག་གཟི་འོད་མངོན་པར་འཚེར་བའི་རིན་ཆེན་མེ་ཏོག་ཚོམ་བུ་ཞིག་ཏུ་གྱུར་ཡོད་ལ། རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་རྩོམ་རིག་ཤུལ་བཞག་སྐད་གྲགས་ཅན་དེ་ཀོ་ནི། “དཔེ་འཇིག་རྟེན་སྣང་བ་དང་བསྟུན་ཞིང་དོན་རྒྱལ་བའི་དགོངས་པ་དང་སྦྱར་ཏེ”[1]རྩོམ་པར་མཛད་པ་ཞིག་སྟེ། འཇིག་རྟེན་འཚོ་བའི་སྐྱིད་སྡུག་སྣ་ཚོགས་ཉམས་སུ་མྱོང་ཞིང་། དབེན་གནས་རི་ཁྲོད་དུ་སྒོམ་སྒྲུབ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་ཏེ་ཉམས་དང་རྟོགས་པའི་ཡོན་ཏན་གྱི་ཀློང་རྡོལ་བ་རྗེ་བཙུན་མི་ལ་རས་པ་ཁོང་གིས། “དཔེ་འཇིག་རྟེན་སྣང་བ་དང་བསྟུན་པ་”སྟེ། ཕྱི་སྣང་སྲིད་ཀྱི་དངོས་པོ་ཐམས་ཅད་ནང་སེམས་ཀྱི་ཉམས་སྣང་སྣ་ཚོགས་མཚོན་བྱེད་ཀྱི་དཔེ་རུ་ཤར་བ་འཇིག་རྟེན་སྐྱེ་བོ་ཕལ་བའི་བློའི་སྣང་བ་དང་མཐུན་པར་གོ་སླའི་མགུར་ཚིག་ཏུ་བསྡེབས་ཤིང་། “དོན་རྒྱལ་བའི་དགོངས་པ་དང་སྦྱར་བ”སྟེ། ཞི་ལྷག་ཟུང་དུ་སྦྲེལ་ཏེ་མཉམ་རྗེས་དང་སྣང་སེམས་ཆུ་ལ་ཆུ་བཞག་གི་ཚུལ་དུ་ངོ་བོ་དབྱེར་མེད་དུ་འདྲེས་པའི་ངང་ནས། གང་སྣང་ཐམས་ཅད་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ཟབ་མོ་རྟེན་འབྱུང་གི་ཆོས་ཉིད་དུ་རྟོགས་པ་སྙན་པའི་མགུར་དབྱངས་སུ་གྱེར་པ་ཤ་སྟག་ཡིན་པས། བརྗོད་བྱ་ཟབ་ཅིང་རྒྱ་ཆེ་ལ། རྗོད་བྱེད་ཀྱི་ཆ་ནས་ཚིག་གི་སྡེབ་ལེགས་ཤིང་དབྱངས་ཀྱི་འགྲོས་སྙན་པ་དང་། ཚིག་དོན་གཉིས་ཀར་སྙན་ངག་གི་རོ་ཉམས་དང་ལྡན་པ། སྒྱུ་རྩལ་གྱི་ཡིད་འགུགས་ནུས་པ་ཁྱད་དུ་འཕགས་པ་སོགས་ཀྱི་ཁྱད་ཡོན་མངོན་པར་གསལ་བའི་གནའ་དཔེ་རྩོམ་རིག་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ཡིན་ནོ། །
དང་བོ། «མི་ལ་རས་པའི་མགུར་འབུམ»བྱུང་ཚུལ་མདོར་བསྡུས།
       དུས་རབས་བཅུ་གསུམ་པའི་ནང་བྱོན་པའི་སྙན་ངག་མཁན་སྐད་གྲགས་ཅན་གུང་ཐང་བདེ་བའི་བློ་གྲོས་ཀྱིས། “རྩོམ་མཁས་པའི་རྟགས་སུ་སྙན་དངགས་ཆེ་ཞིང་ཀུན་ལ་སྙན་པ་འབྱུང་། དོན་བཟང་བའི་རྟགས་སུ་འཕྲལ་གོ་བདེ་བ། ཕུག་བརྟགས་ན་ཆེ་བ་དོན་ལ་ཞུགས་ཤིང་འགལ་ཟློས་མེད་པ་འབྱུང་། རྩོམ་ལེགས་པའི་རྟགས་སུ་སྡེབས་ལེགས། སྔ་ཕྱི་འབྲེལ། ཚེག་བར་སྙོམས། ཆོས་སྐད་ཚུད། དཔེ་དོན་མཚུངས། ཀློག་བདེ་བ་འབྱུང་། གོམས་ཤིང་བྱང་བའི་རྟགས་སུ་མྱུར་དུ་རྩོམ་པ་དང་། ཚེག་བར་གང་ལ་ཡང་དཀའ་ཚེགས་མེད་པ་འབྱུང་ངོ་། །”[2]ཞེས་རྩོམ་པ་ལ་མཁས་པའི་ཡོན་ཏན་གྱི་རྟགས་དུ་མ་གསུངས་པ་དེ་དག་མ་ལུས་ཡར་ལྡན་དུ་ཚང་བ་རྗེ་བཙུན་མི་ལ་རས་པས་ཁོང་གི་སྐུ་ཚེ་གང་བོར་གསུང་མགུར་ག་ཚོད་ཅིག་སྙན་མོ་ངག་གི་དབྱངས་རྟ་ལ་བསྐྱོན་ནས་བཞེངས་པ་སུས་ཀྱང་བཤད་ཁག་པོ་ཡིན་ཡང་། བཀའ་བརྒྱུད་པའི་མཁས་གྲུབ་གཉིས་འཛོམས་ཀྱི་རྣལ་འབྱོར་བ་ཆེན་པོ་སངས་རྒྱས་རྒྱལ་མཚན་ནམ་མཚན་གཞན་ལ་ཆོས་ཀྱི་གྲགས་པ་ཞེས་ཀྱང་ཞུ་བ་ཡོངས་གྲགས་གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་ཞེས་བྱ་བ(1452ལོ་ནས1507ལོ་བར)དེ་ཉིད་ཀྱིས་སྤྱི་ལོའི་དུས་རབས་བཅོ་ལྔ་བའི་མཇུག་ཙམ་དུ«རྗེ་བཙུན་མི་ལ་རས་པའི་རྣམ་མགུར»སྒྲིག་རྩོམ་མཛད་པ་ལས། «བསྟན་པ་དང་སེམས་ཅན་ལ་ཕན་བཏགས་པ་དང་དེ་རྒྱས་པར་ཕྱེ་བ་མགུར་འབུམ་གྱི་སྐོར»ཞེས་བྱ་བ་ཡོངས་གྲགས་སུ«མི་ལ་རས་པའི་མགུར་འབུམ»(འདི་མན་དུ«མགུར་འབུམ»ཞེས་བརྗོད་རྒྱུ།)ཞེས་བྱ་བ་དེ་ཉིད་དུ་རྗེ་བཙུན་མི་ལས་བཞེངས་པའི་གསུང་མགུར་རྣམས་སྐོར་ཚོ་ཆེན་པོ་གསུམ་དང་། ལེའུ་ང་བརྒྱད་དུ་ཕྱེ་སྟེ། མགུར་ཚན་བཞི་བརྒྱ་ལྷག་བསྡུས་པ་ལ་གྲངས་མངས་པ་མཚོན་བྱེད་ཀྱི་ཐ་སྙད“འབུམ”ཞེས་པ་སྦྱར་འདུག་ལ། མགུར་ཚན་དེ་དག་ལས་ཕལ་ཆེ་བ་རྗེ་བཙུན་ཁོང་ཞལ་བཞུགས་པའི་དུས་དང་སྐུ་དངོས་ཀྱི་གསུང་སྐྱེས་བུ་སློབ་རྣམས་སྐུ་འཚོ་ཞིང་གཞེས་པའི་དུས་སུ་ཡི་གེར་འཁོད་པ་ནི། «མགུར་འབུམ»དུ། ཚེ་རིང་མཆེད་ལྔས་དྲོད་ཉུལ་བ་དང་ཞུས་ལན་གྱི་རིམ་པ་ཞེས་པའི་སྐོར་ཚོ་ལས་མགུར་ཚན་ཁག་ཅིག་ནི། “རྗེ་རས་པ་ཆེན་པོ་མཚན་བརྗོད་པར་དཀའ་བ་དཔལ་བཞད་པའི་རྡོ་རྗེ་དང་། འཇིག་རྟེན་མིག་སྒྱུར་གྱི་ཌཱ་ཀི་མ་ལྔའི་ཞུས་ལན་མགུར་དུ་བླངས་པ་རྣམས་ངན་རྫོང་སྟོན་པ་བོ་ངྷི་རཱ་ཛ་ཡིས་མི་བརྗེད་གཟུངས་སུ་ཡི་གེར་བཀོད་པ་སྙན་དངགས་མུ་ཏིག་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་རྫོགས་སོ། །[3]ཞེས་སྦྱར་བྱང་དུ་འཁོད་པ་ལྟར། རྗེ་བཙུན་མི་ལ་རས་པའི་དངོས་སློབ་ངན་རྫོང་སྟོན་པ་བོ་ངྷི་རཱ་ཛ་སྟེ་བྱང་ཆུབ་རྒྱལ་བོས་ཡི་གེར་བཀོད་པ་དང་། སྐོར་ཚོ་དེའི་མཇུག་གི་མགུར་ཚན་ཁག་ཅིག་ནི། “ངན་རྫོང་སྟོན་པ་བོ་ངྷི་རཱ་ཛ་དང་། རྣལ་འབྱོར་བ་ཞི་བ་འོད་གཉིས་ཀྱིས་མ་འོངས་པའི་གང་ཟག་སྐལ་བ་དང་ལྡན་པ་འགའ་དང་འགའི་དོན་དུ། གསུང་བགྲོས་ལ་དབྲི་བསྣན་ལྷག་ཆད་མེད་པར་ནན་ཏན་དུ་བྱས་ཏེ། ངག་བརྗོད་པ་ཚིག་གི་ཕྲེང་བ་སྡེབས་ལེགས་པའི་ཡི་གེར་བཀོད་པ་བདུད་རྩི་འོད་ཀྱི་ཕྲེང་བ་ཞེས་བྱ་བ་རྫོགས་སོ། །”[4]ཞེས་དང་། ཡང་། “དམ་ཚིག་ཅན་གྱི་རྡོ་རྗེ་སྤུན། །ཕུ་བོ་གཅེན་པོའི་ཞལ་ངོ་རུ། །གུ་རུ་བོ་ངྷི་རཱ་ཛ་དང། །བདག་མིང་འོད་ཀྱི་མཐའ་ཅན་གྱིས། །གསུང་གླེང་དྲི་ཞིབ་ནན་ཏན་གྱིས། །དྲི་རྨེད་ཞུས་དག་བགྱིས་ནས་ཀྱང་། །ཆོས་འདི་བར་དོ་འཕྲང་སྒྲོལ་ལ། །མགུར་ཆུ་གསེར་གྱི་ཕྲེང་བ་ཞེས། །དོན་ལྡན་ཕྱིར་ན་མཚན་དུ་གསོལ། །”[5]ཞེས་དང་། ཡང་། “མི་མ་ཡིན་གྱི་བུ་མོ་ཕྱག་རྒྱར་འགུགས་ནུས་པའི་སྐྱེས་བུ་ནུས་པ་ཅན་དཔལ་བཞད་པའི་རྡོ་རྗེ་དང་། ལྗོངས་ཀྱི་བདག་མོ་བཀྲ་ཤིས་ཚེ་རིང་མ་གཉིས་ཀྱིས་ཞུས་ལན་མགུར་དུ་བཞེས་པ་བདེ་སྟོང་ཡེ་ཤེས་སྤྲིན་གྱི་ཕྲེང་བ་ཞེས་བྱ་བ།རས་པ་མཆེད་གཉིས་ཀྱིས་མཎྜལ་ཕུལ་ནས་ཞུས་པས་དགྱེས་བཞིན་གནང་བ་ས་མ་ཡ་རྒྱ་རྒྱ་རྒྱ། ཚེ་རིང་མའི་ཆོས་སྐོར་རྣམས་ལ་འཆད་པ་པོ་དཔལ་བཞད་པ་རྡོ་རྗེའི་བཀའི་རྒྱ། ཞུ་བ་པོ་མཁའ་འགྲོ་མཆེད་ལྔའི་གསང་བའི་རྒྱ། སྡུད་པ་པོ་ཨརྱ་བོ་ངྷི་རཱ་ཛ་དང་།རས་པ་ཞི་བ་འོད་གཉིས་ཀྱིས་དམ་ཚིག་གི་རྒྱ་སྟེ། རྒྱ་རིམ་པ་གསུམ་གྱིས་བཏབ་པའི་ཆོས་ངོ་མཚར་རྨད་དུ་བྱུང་བ་རྫོགས་སོ། །[6]ཞེས་སྦྱར་བྱང་དུ་འཁོད་པ་དང་། གཞན་ཡང་། ས་ལེ་འོད་ཀྱི་སྐོར་ནི་ངན་རྫོང་སྟོན་པ་བྱང་ཆུབ་རྒྱལ་བོས་མི་བརྗེད་པའི་གཟུངས་སུ་ཡི་གེར་བཀོད་པར་བཤད་ཅིང་། ཁ་ཐོར་སྣ་ཚོགས་ཀྱི་མཇུག་ཏུ། “རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་དེ་ཉིད་ཀྱིས། མཉམ་རྗེས་དང་སྣང་སེམས་འདྲེས་ཏེ། སེམས་ཅན་གྱི་དོན་དུ་གྲུབ་རྟགས་བསྟན་ཞིང་མགུར་གསུངས་པ། ཐུགས་སྲས་རྣམས་ཀྱིས་མི་བརྗེད་པའི་གཟུངས་སུ་བཟུང་ཞིང་ཡི་གེར་བཀོད་པ་མི་ཡུལ་ན་ཡོངས་སུ་གྲགས་པ་ཕལ་ཆེར་འདིར་འདུས་པ་ཡིན་ཞིང་། མཐའ་དག་ནི་བརྗོད་པར་ནུས་པ་མ་ཡིན་ནོ། །”[7]ཞེས་འཁོད་པ་སོགས་ལ་བརྟེན་ནས། ང་ཚོས«མགུར་འབུམ»དུ་བསྡུས་པའི་གསུང་མགུར་ཕལ་ཆེ་བ་ནི་རྗེ་བཙུན་མི་ལ་རས་པ་ཁོང་ཉིད་ཞལ་བཞུགས་པའི་སྐབས་ཀྱི་དངོས་སློབ་རས་པ་མཆེད་གཉིས་ཀྱིས་གཙོས་པའི་ཐུགས་སྲས་བུ་སློབ་རྣམས་ཀྱིས་ཟིན་བྲིས་སུ་བཀོད་ཅིང་ཕྱོགས་གཅིག་ཏུ་བསྡུས་པ་ཤ་སྟག་ཡིན་པ་རྟོགས་ཐུབ་བོ། །
གཉིས་པ། «མགུར་འབུམ»དུ་བསྡུས་པའི་གསུང་མགུར་གྱི་དབྱངས་འགྲོས་སྡེབ་སྦྱོར་བྱེ་བྲག་ཏུ་བཤད་པ།
       ཨ་རིའི་རྩོམ་རིག་སྨྲ་བའི་མཁས་པ་རེན་ནེ་ཝེ་ལེ་ཁེ(Rene Wellek)དང་། ཨོ་སི་ཐིན་ཝ་རེན(Austin Warren)གཉིས་ཀྱིས་བརྩམས་པའི«རྩོམ་རིག་གཞུང་ལུགས»(གསར་བཅོས་མ)ལས། “རྩོམ་རིག་བརྩམས་ཆོས་རེ་རེ་ནི་ཐོག་མར་རྗོད་བྱེད་ཀྱི་སྒྲའི་ཕྲེང་བར་གྲུབ་པ་ཞིག་སྟེ། སྒྲའི་ཕྲེང་བ་དེས་ནི་བརྗོད་བྱའི་ནང་དོན་མཚོན་པར་བྱེད་དོ། །”ཞེས་དང་། “སྒྱུ་རྩལ་གྱི་བརྩམས་ཆོས་མང་བོ་ཞིག་སྟེ། ལྷུག་རྩོམ་གྱི་བརྩམས་ཆོས་ཀྱང་ནང་དུ་འདུ་བ་དེ་དག་གི་ཁྲོད་དུ། རྗོད་བྱེད་ཀྱི་སྒྲའི་རིམ་ངོས་ཀྱིས་མི་རྣམས་ཀྱི་དོ་སྣང་འདྲེན་པར་བྱེད་ཅིང་། གང་དེ་བརྩམས་ཆོས་ཀྱི་མཛེས་དཔྱོད་ཕན་འབྲས་ཀྱི་ཆ་ཤས་འབྲལ་དུ་མེད་པར་ཆགས་ཡོད།”[8]ཅེས་བསྟན་པ་ལྟར། རྩོམ་རིག་བརྩམས་ཆོས་ཀྱི་རྗོད་བྱེད་ཚིག་གི་འདེགས་འཇོག་དང་སྒྲའི་ང་རོ་ངག་ནས་འབྱིན་ཚུལ་ལམ་ཚིག་ཏུ་སྡེབ་སྟངས་སྣ་ཚོགས་ཀྱིས་མི་རྣམས་ལ་ཐད་ཀར་མཛེས་དཔྱོད་ཀྱི་ཚོར་སྣང་ཁྱད་པར་བ་སྦྱིན་པར་བྱེད་ཅིང་། རྩོམ་པ་བོའི་དགའ་སྐྱོ་ཆགས་སྡང་སོགས་ནང་ཡིད་ཀྱི་འགྱུར་བ་དང་བརྩམས་ཆོས་ཀྱི་དབྱངས་འགྲོས་སྡེབ་སྦྱོར་གཉིས་པོ་དམ་དུ་འབྲེལ་བས། བཅད་ལྷུག་སྤེལ་མའི་ཚིག་གི་ཕྲེང་བ་གང་ལ་བརྟེན་པར་བྱེད་ཀྱང་། རྩོམ་རིག་གསར་རྩོམ་གྱི་ལག་ལེན་དངོས་སུ་སྒྲ་ཡི་རིམ་ངོས་སུ་གཏོགས་པའི་ཚིག་སྦྱོར་གྱི་ཚེག་བར་མང་ཉུང་དང་། གཅོད་མཚམས། ངལ་གསོ་ཐེབས་མཚམས། རྗེས་ཁྲིད་དང་སྒྲ་རྒྱན་སོགས་ལ་བརྟེན་ནས་བྱུང་བའི་དབྱངས་འགྲོས་སྡེབ་སྦྱོར་གྱིས་བརྩམས་ཆོས་ཀྱི་གཞན་ཡིད་འཁུལ་བའི་བྱེད་ལས་དང་མཛེས་དཔྱོད་ཕན་འབྲས་བླ་ལྷག་ཏུ་ཐོན་པར་རམ་འདེགས་བྱེད་པ་ཡིན།
       དེ་ཡང་བོད་རིགས་དམངས་ཁྲོད་དུ་བརྗོད་བྱ་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། རྗོད་བྱེད་སྙན་ཞིང་འཇེབས་པའི་ཚད་མཚོན་བྱེད་དུ།“ཤཱཀྱ་ཐུབ་པའི་ཆོས་དང་། མི་ལ་རས་པའི་མགུར་”ཞེས་གཏམ་དཔེ་བཤད་སྲོལ་ཡོད་ལ། གླུ་དང་གཞས་ཀྱི་དབྱངས་འགྲོས་སྡེབ་སྦྱོར་མཛེས་པ་ལ“རྗེ་བཙུན་མགུར་མ”ཞེས་མི་ལ་རས་པའི་གསུང་མགུར་དཔེར་འཇོག་སྲོལ་ཡོད་པ་དེས། མི་ལའི་གསུང་མགུར་ལ་བརྗོད་བྱའི་ནང་དོན་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་པ་སྨོས་མེད་ཡིན་པའི་ཁར། རྗོད་བྱེད་ཀྱི་སྒྲའི་རིམ་ངོས་ཀྱི་དབྱངས་འགྲོས་སྡེབ་སྦྱོར་མཆོག་ཏུ་སྙན་པའི་ཐུན་མིན་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པ་མཚོན་ནོ། །
       སྤྱི་ལྡོག་གི་ཁྱད་གཞིར་ངེས་ཤེས་གསལ་བོ་འོང་བ་དེ་བྱེ་བྲག་གི་ཁྱད་ཆོས་གྲུབ་སྟངས་ལེགས་པར་རྟོགས་པ་ལ་རག་ལས་པས། མི་ལ་རས་པའི་གསུང་མགུར་གྱི་ཚིག་དོན་གཉིས་ལས་རྗོད་བྱེད་ཚིག་གི་ཕྲེང་བའམ་སྒྲའི་རིམ་ངོས་ཀྱི་ཁྱད་ཆོས་ལེགས་པར་ཁོང་དུ་ཆུད་པ་ལ་བྱེ་བྲག་མགུར་ཚན་སོ་སོའི་ཚིག་གི་དབྱངས་འགྲོས་སྡེབ་སྦྱོར་གྲུབ་སྟངས་ཤེས་དགོས། མི་ལའི་གསུང་མགུར་གྱི་གཞན་ཡིད་དབང་མེད་དུ་འཕྲོག་པར་བྱེད་པའི་དབྱངས་འགྲོས་སྡེབ་སྦྱོར་རྣམ་པ་མང་ཞིང་མཛེས་པ་ཕུལ་དུ་བྱུང་བ་དེ་དག་ནི་ཚིགས་བཅད་ཀྱི་ཚེག་བར་སྡེབ་སྟངས་དང་། ཚིག་རྐང་རིང་ཐུང་མི་འདྲ་བ་སྤེལ་སྟངས། སྒྲ་རྒྱན་སྦྱོར་སྟངས་བཅས་ལ་བརྟེན་ནས་བྱུང་བར་སྣང་བས། འདིར་དེའི་སྐོར་མཛུབ་མོས་རི་སྟོན་གྱི་ཚུལ་དུ་གྱུ་རུ་ལུགས་སུ་མཚན་གཞིའི་དཔེ་དང་སྦྲགས་ནས་ཆེ་ལོང་ཙམ་བཤད་པ་ལ།
       གཅིག །ཚེག་བར་སྡེབ་སྟངས་ལས་ཐོན་པའི་དབྱངས་འགྲོས་སྡེབ་སྦྱོར།
       བོད་སྐད་ཀྱི་ཚིགས་སུ་བཅད་པའི་ཚེག་བར་སྡེབ་སྟངས་ཀྱི་རྩ་བ་ལྟ་བུར་གྱུར་པ་ནི་ཚེག་བར་ཆ་ཡ་སྡེབ་སྟངས་ཡིན་ཏེ། «སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད»ལས། “ཚིགས་བཅད་རྩོམ་ཡིག་འབྲི་བའི་སྐབས་ཚིག་རྐང་སོ་སོའི་ཡིག་འབྲུའི་ཚེག་བར་ཆ་དང་ཡ་ཁེལ་སྟངས་གཅིག་མཚུངས་བྱུང་ན་ཀློག་དུས་སྙན་པོ་ཡིན་ལ།མ་བྱུང་ན་དེ་ཙམ་སྙན་པོ་མིན། ཚེག་བར་ཆ་ཟེར་བ་ནི་ཚེག་བར་གཉིས་མཉམ་དུ་འདོན་དགོས་པ་ལ་ཟེར་ཞིང་། ཚེག་བར་ཡ་ཟེར་བ་ནི་ཚེག་བར་གཅིག་རྐྱང་བ་བྱས་པ་ལ་ཟེར།”[9]ཞེས་གསུངས་པ་ལྟར། ཚིག་རྐང་སོ་སོའི་ཡིག་འབྲུའི་ཚེག་བར་ཆ་དང་ཡ་སྡེབ་སྟངས་མི་འདྲ་བ་ལ་བརྟེན་ནས་སྙན་ངག་གི་ཚིག་གི་སྡེབ་སྦྱོར་མི་འདྲ་བ་སྣ་ཚོགས་འབྱུང་ཞིང་། ཚེག་བར་སྡེབ་སྟངས་ལ་ཚིགས་བཅད་ཀྱི་ཚིག་རྐང་སོ་སོའི་ཚེག་བར་དོ་མཉམ་པ་དང་། མི་མཉམ་པ། མཉམ་དང་མི་མཉམ་འདྲེས་པ་བཅས་གསུམ་སྣང་ངོ་། །
       ཐོག་མར་ཚིག་རྐང་སོ་སོའི་ཚེག་བར་དོ་མཉམ་པའི་མགུར་ཚིག་བཤད་པ་ལ། «མགུར་འབུམ»ཁྲོད་ཀྱི་ཚིག་རྐང་སོ་སོའི་ཚེག་བར་དོ་མཉམ་པའི་མགུར་ཚིག་ཚེག་བར་བདུན་མ་ནི། དཔེར་ན། བྲག་དམར་མཆོང་ལུང་གི་གནས་ལ་བསྟོད་པའི་མགུར་དུ། “ཨེ་མ་རི་ཁྲོད་དབེན་པའི་གནས། །རྒྱལ་བ་བྱང་ཆུབ་བརྙེས་པའི་ས། །གྲུབ་ཐོབ་རྣམས་ཀྱི་བཞུགས་པའི་ཤུལ། །”[10]ཞེས་པ་ལྟ་བུ་སྟེ། མགུར་ཚིག་ཚེག་བར་བདུན་མའི་རིགས་འདི། ཚེག་བར་སྔོན་མ་དྲུག་ཆ་དང་ཚེག་བར་བདུན་པ་ཡ་བྱས་ཏེ་ཆ་གསུམ་དང་ཡ་གཅིག་བཅད་པ་བཞིའི་ཚུལ་དུ་བརྩམས་འདུག་པས། ངག་ཏུ་གྱེར་བའི་ཚེ་ན་ཡང་དེ་ལྟར་གྱེར་དགོས་ཤིང་། ཚིགས་བཅད་ཚེག་བར་བདུན་མ་ལ་ཆ་གསུམ་དང་ཡ་གཅིག་བཅད་པ་བཞིའི་དབྱངས་འགྲོས་ཅན་འདི་ཚིགས་བཅད་སྙན་ངག་གི་རྩོམ་གྱི་རིགས་སྤྱི་དང་། སྒོས་སུ་མགུར་ཚིག་རྩོམ་པའི་ལག་ལེན་དུ་བེད་སྤྱོད་པ་མང་ཞིང་རྒྱུགས་ཆེ་སྟེ། ཚེག་བར་ཆ་ཡའི་སྡེབ་སྦྱོར་གྱི་དབང་གིས་ཚེག་བར་བདུན་མ་ལ་ནང་གསེའི་དབྱངས་འགྲོས་སྡེབ་སྦྱོར་མི་འདྲ་བ་དུ་མ་འབྱུང་བ་ཞིབ་ཏུ་སྙན་ངག་གི་གཞུང་ལས་ཤེས་པར་བྱ་ལ། གཤམ་དུ་འཆད་འགྱུར་གྱི་ཚེག་བར་བརྒྱད་མ་དང་དགུ་མ་སོགས་ཀྱང་དེ་མཚུངས་ཡིན་ནོ། །
       «མགུར་འབུམ»ཁྲོད་ཀྱི་མགུར་ཚིག་ཚེག་བར་བརྒྱད་མ་ལ་དབྱངས་འགྲོས་སྡེབ་སྦྱོར་མི་འདྲ་བ་རིགས་གསུམ་ཙམ་འབྱུང་བ་ལས། རིགས་དང་བོ་ནི། “ཏིང་འཛིན་དཀའ་ཐུབ་ཟས་སུ་བཟའ་ཞིང་། །ཨ་ཐུང་རྟེན་འབྲེལ་རས་གོས་གྱོན་ལ། །རླུང་སེམས་སྒྱུ་མའི་རྟ་ལ་ཞོན་ནས། །རྒྱ་གར་གླིང་དེ་བསྐོར་ལ་བྱོན་ཅིག །དྲི་མེད་སེམས་ལ་ཕྱི་བདར་གྱིས་ལ། །དམ་ཚིག་དངུལ་དཀར་མེ་ལོང་དེ་ཀུན། །འགྱོད་མེད་དྲན་པས་རྒྱུན་དུ་ལྟ་ཞིང་། །རྒྱ་གར་གླིང་དེ་བསྐོར་ལ་བྱོན་ཅིག །”ཅེས་པ་ལྟ་བུ་སྟེ། ཚེག་བར་བརྒྱད་མའི་མགུར་གྱི་རིགས་འདི་ནི། ཚིག་རྐང་སོ་སོའི་རྐང་བ་རེ་རེའི་ཚེག་བར་བརྒྱད་པོ་དབྱངས་འགྲོས་སྡེབ་སྦྱོར་གྱི་ཆ་ནས་ཚེག་བར་གཉིས་རེ་བཅད་པ་བཞིར་བྱས་ཤིང་། ངག་ཏུ་གྱེར་པའི་ཚེ་ནའང་བཅད་པ་བཞིའི་དབྱངས་འགྲོས་སྡེབ་སྦྱོར་ཅན་གྱི་མགུར་དབྱངས་ལྟར་གྱེར་དགོས་སོ། །
       ཚེག་བར་བརྒྱད་མའི་རིགས་གཉིས་པ་ནི། “བུ་སྟག་ཤར་དོ་མེད་ཚུར་ཉོན་དང་། །ང་གངས་ཁྲོད་འགྲིམ་པའི་སེང་ལྕམ་ལ། །བཅུད་བདུད་རྩི་ལྟ་བུའི་འོ་མ་ཡོད། །དེ་རིན་ཆེན་གསེར་སྐྱོགས་མ་ལགས་པ། །སྣོད་ཕལ་བ་རྣམས་སུ་ཅང་མི་བླུག །ང་གཡོ་མེད་དྲང་པོའི་རྐེད་སྐབས་ལ། །གཞི་འདུན་མ་དྲག་པོའི་རས་ཡུག་བཅིངས། །སེམས་ཟོལ་ཟོག་མེད་པའི་ཆུ་རིས་བཏབ། །”ཅེས་པ་ལྟ་བུ་སྟེ། འདི་ནི་ཚེག་བར་དང་བོ་དང་བརྒྱད་པ་ཡ་བྱེད་པ་དང་། ཚེག་བར་གསུམ་པ་ནས་དྲུག་པའི་བར་ཆ་གསུམ་བྱས་ནས་གྱེར་དགོས་པའི་བཅད་པ་ལྔའི་དབྱངས་འགྲོས་ཅན་གྱི་མགུར་ཚིག་གི་རིགས་ཤིག་ཡིན་ནོ། །
       ཚེག་བར་བརྒྱད་མའི་རིགས་གསུམ་པ་ནི། “ཇི་ལྟར་བྱེད་སྡིག་ཤའི་རྩིག་ལུགས་ལ། །ཅི་རེ་བྱེད་ཁྲག་གི་མང་ལུགས་ལ། །ཅི་ཙམ་ལྟོགས་ཤ་ཡི་ཟ་ལུགས་ལ། །གང་ནས་བསམས་སྣང་བའི་འཁྲུལ་ལུགས་ལ། །སྡིག་རེ་ཆེ་སྙིང་རྗེའི་མེད་ལུགས་ལ། །ཅི་ཙམ་བསྒྲིབས་རྨོངས་པའི་གཏི་མུག་ལ། །”ཞེས་པ་ལྟ་བུ་སྟེ། ཚེག་བར་གསུམ་པ་དང་བརྒྱད་པ་ཡ་དང་གཞན་རྣམས་ཆ་བྱས་ཏེ་བཅད་པ་ལྔའི་ཚུལ་དུ་གྱེར་དགོས་པ་ཞིག་གོ །
       «མགུར་འབུམ»ཁྲོད་ཀྱི་མགུར་ཚིག་ཚེག་བར་དགུ་མའི་རིགས་དང་བོ་ནི། “དམ་ཆོས་ཐེག་པའི་མཐར་ཐུག་སྙིང་པོའི་དོན། །ལུང་རིགས་མན་ངག་འདུས་པ་བདུད་རྩིའི་རོ། །མཁས་བཙུན་ཀུན་གྱིས་བཀུར་བ་གཙུག་གི་རྒྱན། །མི་འབྲལ་སྤྱི་བོའི་གཙུག་གི་རྒྱན་དུ་བཞུགས། །”ཞེས་པ་ལྟ་བུ་སྟེ། འདི་ནི་ཚེག་བར་མཐའ་མ་ཡ་དང་གཞན་རྣམས་ཆ་བཞི་བྱས་ནས་གྱེར་དགོས་པའི་བཅད་པ་ལྔའི་དབྱངས་འགྲོས་སྡེབ་སྦྱོར་ཅན་ཞིག་སྟེ། ཚེག་བར་དགུ་མའི་རིགས་འདི་སྙན་ངག་གི་ཁྱབ་ཁོངས་སུ་གཏོགས་པའི་མགུར་མའི་རྩོམ་རིགས་ཁོ་ན་མ་ཡིན་པར་སྤྱིར་བཏང་གི་ཚིགས་བཅད་རྩོམ་པའི་ལག་ལེན་དུའང་རྒྱུགས་ཆེ་བ་ཀུན་གྱིས་དགོངས་གསལ་ལྟར་རོ། །
       ཚེག་བར་དགུ་མའི་རིགས་གཉིས་པ་ནི། “བློ་རྒོད་ཙ་ན་ལྟ་བའི་ཐོག་བརྫིས་ཐོངས། །སེམས་མཚན་མ་རང་གྲོལ་འདི་ངོ་མཚར་ཆེ། །སེམས་མ་བདེ་ན་རོ་སྙོམས་ལྡུམ་བུ་གྱིས། །ཡུལ་སྣ་ཚོགས་རང་གྲོལ་འདི་ངོ་མཚར་ཆེ། །”ཞེས་པ་ལྟ་བུ་སྟེ། ཚིག་རྐང་དང་བོ་དང་གསུམ་པའི་དབྱངས་འགྲོས་སྡེབ་སྦྱོར་མཚུངས་ཤིང་། དེ་གཉིས་ཀྱི་ཚེག་བར་དང་བོ་དང་གཉིས་པ་ཡ་རུ་གྱེར་བ་དང་། ཚེག་བར་གསུམ་པ་དང་བཞི་བ། ལྔ་བ་དང་དྲུག་པ། བདུན་པ་དང་བརྒྱད་པ་རྣམས་ཆ་དང་། དགུ་བ་ཡ་བྱས་ཏེ་བཅད་པ་དྲུག་ཏུ་གྱེར་དགོས་ལ། ཚིག་རྐང་གཉིས་པ་དང་བཞི་བའི་དབྱངས་འགྲོས་མཚུངས་ཏེ། ཚེག་བར་གཅིག་དྲུག་དགུ་བ་རྣམས་ཡ་དང་། གཞན་རྣམས་ཆ་བྱས་ཏེ་བཅད་པ་དྲུག་ཏུ་གྱེར་དགོས་པ་ཞིག་གོ །
       ཚེག་བར་དགུ་མའི་རིགས་གསུམ་པ་ནི། “ལུས་སྣང་སྟོང་བར་སྣང་གི་འཇའ་ཚོན་འདྲ། །དེ་ལ་ངོས་གཟུང་མེད་པས་སྲེད་པ་ཟད། །ངག་གྲག་སྟོང་ལུང་སྟོང་གི་བྲག་ཅ་འདྲ། །དེ་ལ་བཟང་ངན་མེད་པས་བླང་དོར་ཟད། །”ཅེས་པ་ལྟ་བུ་སྟེ། ཚིག་རྐང་དང་བོ་དང་གསུམ་པའི་དབྱངས་འགྲོས་མཚུངས་ཤིང་། དེ་གཉིས་ཀྱི་ཚེག་བར་གཅིག་པ་དང་དྲུག་པ་དགུ་བ་རྣམས་ཡ་དང་། ཚེག་བར་གཉིས་པ་དང་གསུམ་པ།བཞི་བ་དང་ལྔ་བ། བདུན་པ་དང་བརྒྱད་པ་རྣམས་ཆ་བྱས་ཏེ་བཅད་པ་དྲུག་ཏུ་གྱེར་དགོས་ཤིང་། ཚིག་རྐང་གཉིས་པ་དང་བཞི་བའི་དབྱངས་འགྲོས་མཚུངས་ཏེ། ཚེག་བར་གཅིག་པ་ནས་བརྒྱད་པའི་བར་ཆ་བཞི་དང་། ཚེག་བར་དགུ་བ་ཡ་བྱས་ཏེ་བཅད་པ་ལྔར་གྱེར་དགོས་པ་ཞིག་གོ །
       ཚེག་བར་བཅུ་གཅིག་ཅན་ནི། “མི་རྟག་རྒྱུད་ལ་སྐྱེས་པས་བྱས་ཚད་ཆོས་སུ་སོང་། །འཆི་བ་ཡང་ཡང་དྲན་པས་ལེ་ལོའི་བདུད་ལས་རྒྱལ། །ནམ་འཆི་ཤེས་རྒྱུ་མེད་པ་མདང་གི་རྒན་མོ་འདྲ། །རས་ཆུང་རང་རྒྱུད་མ་གྱོང་བླ་མའི་བཀའ་ལ་ཉོན། །”ཅེས་པ་ལྟ་བུ་སྟེ། ཚིག་རྐང་སོ་སོའི་ཚེག་བར་མཐའ་མ་ཡ་དང་། གཞན་རྣམས་ཆ་བྱས་ཏེ་བཅད་པ་དྲུག་ཏུ་གྱེར་དགོས་པ་ཞིག་གོ །
       ཚེག་བར་བཅུ་གཉིས་ཅན་ནི། “ཆོས་སྐུ་ཀུན་ལ་ཁྱབ་པ་ཀུན་ཏུ་བཟང་པོ་དང་གཅིག །ལོངས་སྐུ་མཚན་དཔེས་སྤྲས་པ་རྡོ་རྗེ་འཆང་ཆེན་དང་གཉིས། །སྤྲུལ་སྐུ་འགྲོ་དོན་མཛད་པ་ཤཱཀྱ་ཐུབ་པ་དང་གསུམ། །རྒྱུད་པ་དེ་གསུམ་དང་ལྡན་པའི་རྣལ་འབྱོར་བ་ལགས་ཏེ། །རྒྱུད་པ་དེ་གསུམ་ལ་དད་པའི་ཉ་མ་འདྲ་ཡོད་དམ། །”ཞེས་པ་ལྟ་བུ་སྟེ། ཚིག་རྐང་དང་བོ་ནས་གསུམ་པའི་བར་དབྱངས་འགྲོས་གཅིག་སྟེ། ཚེག་བར་དང་བོ་ནས་བཅུ་བའི་བར་ཆ་ལྔ་བཅད་པ་ལྔ་དང་། ཚེག་བར་བཅུ་གཅིག་པ་དང་བཅུ་གཉིས་པ་ཡ་གཉིས་བཅད་པ་གཉིས་བྱས་ཏེ་གྱེར་དགོས་ཤིང་། ཚིག་རྐང་ཕྱི་མ་གཉིས་ཀྱི་ཚེག་བར་ལྔ་བ་དང་བཅུ་བ་ཡ་བྱས་ནས་གྱེར་བ་དང་། གཞན་རྣམས་ཆ་ལྔ་བཅད་པ་ལྔའི་ཚུལ་དུ་གྱེར་དགོས་པ་ཞིག་གོ །
       གཉིས། ཚིག་རྐང་རིང་ཐུང་མི་འདྲ་བར་སྤེལ་བ་ལས་ཐོན་པའི་དབྱངས་འགྲོས་སྡེབ་སྦྱོར།
       ས་པཎ་གྱི«རོལ་མོའི་བསྟན་བཅོས»ལས། “དབྱངས་དང་བཅས་ལ་ཕལ་ཆེར་ནི། །རྐང་བ་མཉམ་མམ་མི་མཉམ་ཡང་། །ཚིགས་སུ་བཅད་པའི་རྣམ་གཞག་འཇུག །”[11]ཅེས་གསུངས་པ་ལྟར། དབྱངས་སུ་གྱེར་ཆོག་པའི་མགུར་ཚིག་ལྟ་བུར་མཚོན་ན་སྤྱིར་བཏང་དུ་ཚིག་རྐང་སོ་སོའི་ཚེག་བར་མང་ཉུང་གི་གྲངས་ཀ་དོ་མཉམ་ཡིན་མིན་ལ་མི་བལྟ་བར་ཚིགས་བཅད་རྩོམ་ལུགས་ཀྱི་རྣམ་གཞག་དང་མཐུན་ན་ཚིགས་བཅད་དུ་བརྩི་བ་ཡིན། «མགུར་འབུམ»ཁྲོད་དུ་ཚིག་རྐང་སྔ་ཕྱིའི་ཚེག་བར་སྡེབ་སྟངས་དོ་མི་མཉམ་པ་དང་། ཚིག་རྐང་རིང་ཐུང་མི་འདྲ་བར་སྤེལ་བ་ལ་བརྟེན་ནས་དབྱངས་འགྲོས་ཇེ་གསལ་དང་ཇེ་ལེགས་སུ་བཏང་བའི་མགུར་ཚིག་མི་ཉུང་བ་ཞིག་སྣང་སྟེ། དཔེར་ན། “བླ་མ་ཏཻ་ལོ་དང་ནཱ་རོ་མར་པ་གསུམ། །དེ་གསུམ་མི་ལའི་བླ་མ་ཡིན། །བླ་མ་འདི་གསུམ་གྱིས་ཡོང་ན་རས་པའི་ཕྱི་ལ་ཤོག །བླ་མ་ཡི་དམ་མཁའ་འགྲོ་གསུམ། །འདི་གསུམ་མི་ལའི་མཆོད་གནས་ཡིན། །མཆོད་གནས་དེ་གསུམ་གྱིས་ཆོག་ན་མི་ལའི་ཕྱི་ལ་ཤོག །”ཅེས་པ་ལྟ་བུ་ནི། ཚིག་རྐང་གསུམ་རེ་ཚིགས་བཅད་ཚན་པ་གཅིག་བྱས་ཤིང་། ཚིགས་བཅད་ཚན་པ་སྔ་མའི་ཚིག་རྐང་དང་བོའི་ཚེག་བར་ལྔ་བ་དང་བཅུ་བ་ཡ་དང་། གཞན་རྣམས་ཆ་བཞི་བྱས་ཏེ་བཅད་པ་དྲུག་ཏུ་གྱེར་པའི་ཚེག་བར་བཅུ་ཅན་དང་། ཚིག་རྐང་གཉིས་པའི་ཚེག་བར་མཐའ་མ་ཡ་དང་། གཞན་རྣམས་ཆ་གསུམ་བྱས་པ་བཅད་པ་བཞིར་གྱེར་པའི་ཚེག་བར་བདུན་ཅན་དང་། ཚིག་རྐང་གསུམ་པའི་ཚེག་བར་ལྔ་བ་དང་བཅུ་གཉིས་པ་ཡ་དང་། གཞན་རྣམས་ཆ་ལྔར་བྱས་པ་བཅད་པ་བདུན་དུ་གྱེར་དགོས་པ་དང་། ཚིགས་བཅད་ཚན་པ་ཕྱི་མའི་ཚིག་རྐང་སྔ་མ་གཉིས་ཚེག་བར་མཐའ་མ་ཡ་དང་། གཞན་རྣམས་ཆ་གསུམ་བྱས་ཏེ་བཅད་པ་བཞིར་བྱས་པ་ཚེག་བར་བདུན་ཅན་དང་། ཚིག་རྐང་གསུམ་པ་ཚིགས་བཅད་ཚན་པ་སྔ་མ་དང་མཚུངས་པའི་ཚེག་བར་བཅུ་གཉིས་ཅན་དུ་བྱས་པ་ལྟ་བུའོ། །
       ཚེག་བར་བརྒྱད་པ་དང་བདུན་པ་སྤེལ་བ་ནི། དཔེར་ན། “སྙིང་རུས་སྡུག་བསྲན་གྱི་སྒྲུབ་པ་འདི། །ཕ་བླ་མ་མཉེས་པའི་ཞབས་ཏོག་ཡིན། །གཅིག་པུར་རི་ཁྲོད་འགྲིམ་པ་འདི། །མཁའ་འགྲོ་མཉེས་པའི་ཞབས་ཏོག་ཡིན། །”ཞེས་པ་ལྟ་བུ་སྟེ། ཚིག་རྐང་དང་བོ་དང་གཉིས་པ་གཉིས་ཚེག་བར་བརྒྱད་མ་དང་། གསུམ་པ་དང་བཞི་བ་གཉིས་ཚེག་བར་བདུན་མར་བྱས་ཤིང་། ཚིག་རྐང་གཉིས་པ་དང་བཞི་བ་སོགས་སུ། “མཉེས་པའི་ཞབས་ཏོག་ཡིན་”ཞེས་པ་ལན་དུ་མར་བཟླས་པ་སྙན་ངག་གི་དོན་རྒྱན་སོ་ལྔ་ལས་ཚིག་ལ་བསྐོར་བའི་རྒྱན་དུ་ངོས་གཟུང་ཆོག་གོ །
       ཚེག་བར་བརྒྱད་པ་དང་དགུ་བ་སྤེལ་བའི་རིགས་དང་བོ་ནི། དཔེར་ན། “འབྲུག་འུར་སྒྲ་ཆེ་ཡང་སྟོང་སྒྲ་ཡིན། །འཇའ་ཁ་དོག་ལེགས་ཀྱང་ཡལ་ནས་འགྲོ། །འཇིག་རྟེན་ཉམས་སུ་དགའ་ཡང་རྨི་ལམ་ཙམ། །འདོད་ཡོན་བདེ་བ་ཆེ་ཡང་སྡིག་པའི་རྒྱུ། །”ཞེས་པ་ལྟ་བུ་སྟེ། ཚེག་བར་བརྒྱད་པ་དང་དགུ་བ་སྤེལ་བའི་རིགས་གཉིས་པ་ནི། དཔེར་ན། “ཨ་ཙ་མ་སྡིག་ཅན་སྙིང་རེ་རྗེ། །ལས་རེ་རྨོངས་མི་ལུས་ཀྱི་ལོང་བ་ལ། །ཞེ་རེ་ཕངས་སེམས་ཅན་གྱི་གསོད་ལུགས་ལ། །གྱོད་རེ་ཆེ་རང་མགོའི་སྐོར་ལུགས་ལ། །”ཞེས་ཚིག་རྐང་དང་བོ་དང་བཞི་བ་ཚེག་བར་བརྒྱད་མ་དང་། ཚིག་རྐང་གཉིས་པ་དང་གསུམ་པ་ཚེག་བར་དགུ་མ་སྤེལ་བ་ལྟ་བུའོ། །
       ཚེག་བར་དགུ་བ་དང་བདུན་པ་སྤེལ་བ་ནི། དཔེར་ན། “བདག་གིས་ཕྱག་རྒྱ་ཆེན་པོ་བསྒོམས་ཙ་ན། །དོན་ཡིན་ལུགས་ཀྱི་སྟེང་དུ་རྩོལ་མེད་བཞག །མ་ཡེངས་ངང་དུ་གློད་ནས་བཞག །སྟོང་པའི་ངང་དུ་གསལ་བར་བཞག །”ཅེས་ཚིག་རྐང་སྔ་མ་གཉིས་ཚེག་བར་དགུ་མ་དང་། ཕྱི་མ་གཉིས་ཚེག་བར་བདུན་མ་སྤེལ་བ་ལྟ་བུ་སྟེ། ཚིག་རྐང་ཕྱི་མ་གསུམ་གྱི་མཐར“བཞག”ཅེས་པའི་བྱ་ཚིག་ཡང་བསྐོར་བསྐྱར་བསྐོར་བྱས་པ་སྙན་ངག་གཞུང་ལས་བསྟན་པའི་སྒྲ་རྒྱན་གྱི་ནང་གསེས་རྐང་བའི་མཐའ་ན་ཡོད་པ་བར་ཆོད་པའི་ཟུང་ལྡན་གྱི་རྒྱན་དུ་ངོས་གཟུང་ཆོག་པ་ཡིན་ནོ། །
       གསུམ། སྒྲ་རྒྱན་སྦྱོར་སྟངས་ལས་ཐོན་པའི་དབྱངས་འགྲོས་སྡེབ་སྦྱོར།
       སྙན་ངག་གི་རྗོད་བྱེད་ཚིག་མཛེས་པར་བྱེད་པའི་ཐབས་སྣ་ཚོགས་ལ་སྒྲ་རྒྱན་ཟེར་ཞིང་། སྙན་ངག་གི་ཉམས་ལ་བརྗོད་བྱ་དོན་གྱི་ཉམས་དང་། རྗོད་བྱེད་ཚིག་གི་ཉམས་གཉིས་སུ་དབྱེ་སྲོལ་ཡོད་པ་ལས་རྗོད་བྱེད་ཚིག་གི་ཉམས་གཙོ་བོར་འདོན་ཐབས་ལ་སྒྲ་རྒྱན་ཟེར་དོན་ནི། གནའ་སྔ་མོའི་དུས་སུ་སྙན་ངག་ནི་གཞན་གྱིས་ངག་ཏུ་གྱེར་འདོན་བྱེད་པ་དེ་རང་གིས་རྣ་བ་མ་ཡེངས་པར་མཉན་ནས་ཉམས་སུ་མྱོང་དགོས་པ་ཞིག་ཡིན་པས། ཡི་གེ་འཇམ་རྩུབ་དང་། ཚིག་གི་སྡེབ་སྦྱོར། དབྱངས་ཀྱི་འདེགས་འཇོག་སོགས་ལས་ཐོན་པའི་སྒྲའི་རིམ་ངོས་ལ་དོ་སྣང་ཆེན་པོ་བྱེད་སྲོལ་ཆགས་ཤིང་། སྙན་ངག་གི་རྗོད་བྱེད་ཚིག་མཛེས་པར་བྱེད་པའི་ཐབས་ཚུལ་སྣ་ཚོགས་ལ་སྒྲ་རྒྱན་ཞེས་བརྗོད་སྲོལ་བྱུང་། «མགུར་འབུམ»ཁྲོད་དུ་དེ་ལྟ་བུའི་སྒྲ་རྒྱན་འོས་ཤིང་འཚམ་པར་སྦྱར་བ་ལ་བརྟེན་ནས་མགུར་ཚིག་གི་དབྱངས་འགྲོས་མཛེས་པར་བྱས་པའི་མགུར་ཚིག་རིགས་མི་འདྲ་བ་མང་བོ་ཞིག་མཆིས་པ་འདིར་དཔེ་མཚོན་ཙམ་བཀོད་ན།
       “བྲག་དམར་མཆོང་ལུང་ཤར་ཕྱོགས་ན། །ཆུ་འཛིན་སྤྲིན་དཀར་ལང་མ་ལིང་། །སྤྲིན་དཀར་པོ་ལྡིང་བའི་འོག་ཅིག་ན། །རྒྱབ་རི་གླང་ཆེན་འགྱིངས་འདྲའི་མདུན་ཞིག་ན། །མདུན་རི་སེང་ཆེན་འགྱིངས་འདྲའི་སྟེང་ཞིག་ན། །གནས་ཆེན་གྲོ་བོ་ལུང་གི་དགོན་པ་ན། །རྡོ་ཆེན་ཨ་མོ་ལི་ཀའི་ཁྲི་སྟེང་ན། །གདན་ཁྲི་སྙན་ས་ལེའི་པགས་སྟེང་ན། །”ཞེས་པ་ལྟ་བུར་མཚོན་ན། མགུར་ཚིག་གི་རྐང་བ་བཞི་བ་དང་ལྔ་བ། དྲུག་པ་དང་བདུན་པ་བཅས་ཀྱི་ཚིག་རྐང་གི་དབུས་སུ་གླང་ཆེན་དང་སེང་ཆེན་ཞེས་པའི“ཆེན”ཡིག་ཟུང་ལྡན་བྱས་ཤིང་། རྐང་བ་གཉིས་པ་ཕུད་པའི་ཚིག་རྐང་གཞན་དག་གི་མཐའ་རུ“ན”ཞེས་པའི་ཡི་གེ་ཟུང་ལྡན་བྱས་འདུག་པ་འདི་ལྟ་བུ་ནི། «སྙན་ངག་མེ་ལོང»གི་ལུགས་ལྟར་ན་རྐང་པའི་དབུས་དང་མཐའ་ན་ཡོད་པ་བར་ཆོད་པའི་ཟུང་ལྡན་ཞེས་བྱ་ལ། “བྲག་དམར་མཆོང་ལུང་ཁྱུང་གི་རྫོང་། །སྟེང་ན་ལྷོ་སྤྲིན་ཁོར་མ་འཁོར། །འོག་ན་གཙང་ཆབ་གྱ་མ་གྱུ། །བར་ན་རྒོད་པོ་ལ་མ་ལིང་། །རྩི་ཤིང་སྣ་ཚོགས་བན་མ་བུན། །ལྗོན་ཤིང་གར་སྟབས་ཤིགས་སེ་ཤིགས། །བུང་བ་གླུ་ལེན་ཁོ་རོ་རོ། །མེ་ཏོག་དྲི་ངད་ཆི་ལི་ལི། །བྱ་རྣམས་སྐད་སྙན་ཀྱུ་རུ་རུ། །”ཞེས་པ་ལྟ་བུ་ཚིགས་བཅད་ཀྱི་རྐང་བ་སོ་སོའི་མཐར“ཁོར་མ་འཁོར།” “ཤིགས་སེ་ཤིགས།” “ཀྱུ་རུ་རུ”ཞེས་སྦྱར་བ་ནི། བོད་རང་ལ་སྔ་མོ་ནས་དར་བའི་ཟུང་ལྡན་གྱི་སྒྲ་རྒྱན་སྦྱོར་ལུགས་ངོ་མ་དྲོད་མ་ཡལ་བར་རྒྱུན་འཛིན་བྱས་པ་སྟེ། བོད་དུ་ཕྱི་ཕྱོགས་ཀྱི་སྙན་ངག་གི་རྩོམ་སྟངས་མ་དར་བའི་སྐབས་ཀྱི་གནའ་བོའི་གླུ་དང་། བོན་གྱི་ཆོ་གའི་གྱེར་ཚིག །«གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང»སོགས་སུ་སྒྲ་རྒྱན་སྦྱོར་སྟངས་འདི་རིགས་སྦྱར་བ་ཤིན་ཏུ་མང་ངོ་། །
       རྐང་བའི་ཐོག་མ་ན་ཡོད་པ་བར་ཆོད་པའི་ཟུང་ལྡན་གྱི་མགུར་ནི། དཔེར་ན། “བདག་མེད་གནས་ལུགས་རྟོགས་པའི་བླ་མ་ལ། །བདག་ཅག་སྒོ་གསུམ་གུས་པས་གསོལ་བ་འདེབས། །བདག་དང་བདག་གི་རྗེས་འཇུག་སློབ་མ་རྣམས། །བདག་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །བདག་འཛིན་ཡུལ་ནས་ཐོན་པར་ཐུགས་རྗེས་ཟུངས། །”ཞེས་པ་ལྟ་བུ་སྟེ། ཚིག་རྐང་སོ་སོའི་ཡིག་འབྲུ་ཐོག་མ“བདག”ཅེས་པ་ཟུང་ལྡན་དུ་བྱས་པ་འདི་ལྟ་བུ་ལ། སྙན་ངག་གཞུང་དུ་བྱ་སླ་བ་རྐང་པའི་ཐོག་མ་ན་ཡོད་པ་བར་ཆོད་པའི་ཟུང་ལྡན་ཞེས་བྱའོ། །
       རྐང་བའི་དབུས་ན་ཡོད་པ་བར་ཆོད་པའི་ཟུང་ལྡན་གྱི་མགུར་ནི། དཔེར་ན།“རྩ་དྭངས་མ་ལྔ་ཡི་ཨ་མ་དེ། །རླུང་དྭངས་མ་ལྔ་ཡི་ཕ་དང་ཕྲད། །ཁམས་དྭངས་མ་ལྔ་ཡི་སྲས་བུ་འཁྲུངས། །སེམས་དྭངས་མ་ལྔ་ཡི་རང་ཞལ་མཐོང་། །”ཞེས་ཚིག་རྐང་གི་དབུས་ན་ཡོད་པ“དྭངས་མ”ཞེས་པའི་ཡི་གེ་ཟུང་ལྡན་དུ་བྱས་པ་ལྟ་བུའོ། །
       རྐང་བའི་མཐའ་ན་ཡོད་པ་བར་ཆོད་པའི་ཟུང་ལྡན་ཅན་གྱི་མགུར་ནི། དཔེར་ན། “བདག་ཉེ་དུ་དང་འབྲེལ་ཐག་བཅད་པས་བདེ། །ཕ་ཡུལ་གྱི་ཞེན་པ་སྤངས་པས་བདེ། །ཡུལ་སྡེའི་གཉེར་ཁ་མེད་པས་བདེ། །དགེ་འདུན་གྱི་རྫས་ལ་མ་འབགས་བདེ། །ཁང་ཁྱིམ་བདག་ཏུ་མ་བཟུང་བདེ། །འདི་ལ་འདི་དགོས་མེད་པས་བདེ། །འཕགས་པས་ནོར་གྱིས་ཕྱུག་པས་བདེ། །འཚོ་སྐྱོང་གི་སྡུག་བསྔལ་མི་དགོས་བདེ། །བོར་སྟོར་གྱི་དོགས་པ་མེད་པས་བདེ། །ཟད་པའི་འཇིགས་པ་མེད་པས་བདེ། །སེམས་ཀྱི་ཕུ་ཐག་ཆོད་པས་བདེ། །”ཞེས་ཚིག་རྐང་སོ་སོའི་མཐའ་མའི་ཡི་གེ“བདེ”ཞེས་པ་ཟུང་ལྡན་དུ་བྱས་པ་ལྟ་བུའོ། །
       ཚིག་རྐང་གསུམ་ཚན་རེ་བར་ཆོད་པའི་ཟུང་ལྡན་གྱི་ཚུལ་དུ་སྦྱར་བའི་མགུར་ཚིག་ནི། དཔེར་ན། “གཅིག་ཏུ་གསང་སྔགས་ཐབས་ལམ་ཆེ། །གཉིས་སུ་བླ་མའི་གདམས་ངག་ཆེ། །གསུམ་དུ་རང་གི་ཤེས་རབ་ཆེ། །དེ་ལ་ཆེ་བ་རྣམ་གསུམ་མཛོད། །གཅིག་ཏུ་མཁས་པའི་ཞབས་ཏོག་དགོས། །གཉིས་སུ་བླ་མའི་དད་པ་དགོས། །གསུམ་དུ་རང་ལ་སྙིང་རུས་དགོས། །དེ་ལ་དགོས་པ་རྣམ་གསུམ་མཛོད། །གཅིག་ཏུ་སྲོག་རྩོལ་གནད་དུ་ཚུད། །གཉིས་སུ་ཆོས་ཉིད་ཀློང་དུ་ཚུད། །གསུམ་དུ་ཆོས་ལ་རང་བྱན་ཚུད། །དེ་ལ་ཚུད་པ་རྣམ་གསུམ་མཛོད། །”ཅེས་གསུམ་ཚན་བདུན་གྱི་གྲོས་སུ་འདེབས་པའི་མགུར་ཞེས་བྱ་བར། རྐང་བའི་ཐོག་མ་ན་ཡོད་པའི་གཅིག་ནས་གསུམ་བར་གྱི་གྲངས་བརྗོད་པའི་ཡི་གེ་གསུམ་དང་། རྐང་བའི་མཐའ་ན་ཡོད་པའི“ཆེ” “དགོས” “ཚུད”བཅས་དང་། ཚིག་རྐང་བཞི་བའི“དེ་ལ”དང“རྣམ་གསུམ་མཛོད”ཅེས་པའི་ཡི་གེ་རྣམས་བར་ཆོད་པའི་ཟུང་ལྡན་དུ་བྱས་པ་ལྟ་བུའོ། །
       མགུར་ཚིག་གི་རྐང་བ་སོ་སོའི་མཐར་སྒྲ་གཟུགས་མཚུངས་པའི་བྱ་ཚིག་གི་ཡི་གེ་ཟུང་ལྡན་དུ་བྱས་པ་ནི། རས་པ་ཞི་བ་འོད་ལ་གནང་བའི་མགུར་ཞེས་བྱ་བར། “ཨ་མཚར་པོ་ཅི་འདྲ་ཚོར་བར་འདུག །ཚིག་གིས་སྦོས་པའི་སྟོན་པ་དེ། །རྩོད་དུས་ཁྲོམ་པ་བསྙོན་བསྙོན་བྱེད། །ལབ་དུས་དྲེད་མོས་ལབ་ལབ་བྱེད། །ཉལ་དུས་མི་ཆེན་ཉལ་ཉལ་བྱེད། །འགྲོ་དུས་ཧོར་དམག་འགྲིམ་འགྲིམ་བྱེད། །”ཅེས་མགུར་ཚིག་གི་རྐང་བ་སོ་སོའི་མཐར་སྒྲ་གཟུགས་མཚུངས་པའི་བྱ་ཚིག་གི་ཡི་གེ་ཟུང་ལྡན་དུ་བྱས་ཤིང་དེ་དག་ལ“བྱེད”ཚིག་སྦྱར་བ་ལྟ་བུའོ། །
       མགུར་ཚིག་ཧྲིལ་བོ་ཚིག་རྐང་གསུམ་ཚན་རེ་བྱས་པའི་མཐར་སྒྲ་གཟུགས་མཚུངས་པའི་ཡི་གེ་བསྐོར་བའི་ཚུལ་གྱིས་སྦྱར་བ་ནི། དཔེར་ན། རྒྱན་དུ་ཆེ་བ་བདུན་གྱི་མགུར་ཞེས་བྱ་བར། “དབུས་རི་བོ་མཆོག་རབ་མཆོད་རྟེན་ལ། །ལྷོ་བཻཌཱུར་ཡའི་འོད་གསལ་བ། །འཛམ་གླིང་ནམ་མཁའི་རྒྱན་དུ་ཆེ། །རི་གཉའ་ཤིང་འཛིན་གྱི་གོང་རོལ་ན། །ཉི་ཟླ་ཟུང་གཅིག་འོད་གསལ་བ། །གླིང་བཞི་ཡོངས་ཀྱི་རྒྱན་དུ་ཆེ། །ཀླུ་བྱང་ཆུབ་སེམས་ཀྱི་རྫུ་འཕྲུལ་གྱིས། །ནམ་མཁའི་མཐོངས་ནས་ཆར་བབས་པ། །དོག་མོ་ས་ཡི་རྒྱན་དུ་ཆེ། །”ཞེས་པ་ལྟ་བུ་སྟེ། ཚིག་རྐང་གསུམ་རེ་ཚན་པ་གཅིག་ཏུ་བྱས་པའི་ཚིག་གི་མཐར་“རྒྱན་དུ་ཆེ་”ཞེས་པ་ཡང་བསྐོར་བསྐྱར་བསྐོར་གྱི་ཚུལ་དུ་སྦྱར་བ་ནི་སྙན་ངག་གི་དོན་རྒྱན་ལས་ཚིག་ལ་བསྐོར་བའི་རྒྱན་ཡིན་ནོ། །
       མགུར་ཚིག་ཧྲིལ་བོའི་ཚིག་རྐང་བཞི་བ་དང་ལྔ་བའི་མཐར་སྒྲ་གཟུགས་མཚུངས་པའི་ཡི་གེ་བསྐོར་བའི་ཚུལ་གྱིས་སྦྱར་བ་ནི། དཔེར་ན། “ཐིག་ལེ་ཚད་དུ་འབྱོངས་ན་ཡིས། །ཕོ་ཉས་རིག་པའི་རྩལ་སྦྱོང་ཡང་། །མཚན་ལྡན་གྱི་རིག་མ་མ་གཏོགས་པ། །ལས་ཀྱི་ཕྱག་རྒྱ་མ་སྟེན་ཨང་། །ཤལ་མ་རི་ལ་འཛེག་ཉེན་གདའ། །སྙིང་རྗེ་ཆེན་པོས་ཀུན་བསླངས་ནས། །ཡི་དམ་གསལ་བའི་ཏིང་འཛིན་གྱིས། །བསྟན་པའི་སྤྱི་དོན་མ་ལགས་པའི། །མཐུ་དང་ངན་སྔགས་མ་སྒྲུབས་ཨང་། །ལས་ཀྱི་སྲིན་པོར་སྐྱེ་ཉེན་གདའ། །རླུང་སེམས་དབང་དུ་འདུས་ནས་ཀྱང་། །བཀོད་པ་ལུས་ཀྱི་རྫུ་འཕྲུལ་གྱིས། །གཅན་གཟན་སྤྲུལ་སྒྱུར་གཟུགས་བསྟན་ནས། །ལྟ་སྟངས་རོལ་བ་མི་ནུས་པར། །དུར་ཁྲོད་བམ་རོ་མ་ལེན་ཨང་། །ཤ་ཟ་མཁའ་འགྲོ་འཁྲུག་ཉེན་གདའ། །”ཞེས་ཚིགས་བཅད་སོ་སོའི་ཚིག་རྐང་བཞི་བའི་མཐར“ཨང”དང་ལྔ་བའི་མཐར“ཉེན་གདའ”ཞེས་པ་བསྐོར་བའི་ཚུལ་གྱིས་སྦྱར་བ་ལྟ་བུ་སྟེ། འདིའང་ཚིག་ལ་བསྐོར་བའི་རྒྱན་གྱིས་སྤྲས་པའོ། །
       མགུར་ཚིག་ཧྲིལ་བོ་ཚིག་རྐང་དགུའམ་བཅུ་རེ་ཚན་པ་རེ་བྱས་ཏེ་ཚེག་བར་དྲུག་པ་ནས་དགུ་བའམ་བཅུ་བའི་བར་སྒྲ་གཟུགས་མཚུངས་པའི་ཡི་གེ་བསྐོར་བའི་ཚུལ་གྱིས་སྦྱར་བ་ནི། དཔེར་ན། དཔལ་དར་འབུམ་དང་མཇལ་བའི་སྐོར་ལས་ཨ་ཕྱི་ལ་གསུངས་པའི་དོན་དགུ་དང་ལྡན་པའི་མགུར་ཞེས་བྱ་བར། “ཡར་མཐོ་རིས་ཐར་པའི་བདེ་བ་དང་གཅིག །མར་ངན་སོང་གསུམ་གྱི་སྡུག་བསྔལ་དང་གཉིས། །བར་གར་སྐྱེ་རང་དབང་མེད་པ་དང་གསུམ། །གསུམ་དེ་གསུམ་འཛོམས་པའི་དུས་ཚོད་ན། །ཨ་ཕྱི་ཆོས་དང་འཁོན་པའི་ཞེ་གནག་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །བསྟེན་ན་མཚན་ལྡན་བླ་མ་སྟེན། །ཁྱོད་དང་པོ་ཁྱིམ་ལ་བཏང་དུས་ན། །འདི་འདྲ་མ་ཞིག་ཨེ་བྱུང་སོམས། །སྔ་དྲོ་ལྡང་བའི་སྔ་མ་དང་གཅིག །དགོང་མོ་ཉལ་བའི་ཕྱི་མ་དང་གཉིས། །ཟིན་པ་མེད་པའི་བྱ་ལས་དང་གསུམ། །གསུམ་དེ་གསུམ་འཛོམས་པའི་དུས་ཚོད་ན། །ཨ་ཕྱི་གླ་ལྟོ་མེད་པའི་བྲན་ཁོལ་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །བསྟེན་ན་མཚན་ལྡན་བླ་མ་སྟེན། །དེ་ནས་འདི་འདྲ་ཨེ་བྱུང་སོམས། །”ཞེས་པ་ལྟ་བུ་སྟེ། མགུར་ཚིག་ཧྲིལ་བོ་ཚིག་རྐང་དགུའམ་ཡང་ན་བཅུ་ཐམ་པ་རེ་ཚན་པ་རེ་བྱས་ཏེ། ཐོག་མའི་ཚིག་རྐང་གསུམ་གྱི་མཐར་གཅིག་ནས་གསུམ་བར་གྱི་གྲངས་བརྗོད་པའི་ཚིག་སྦྱར་ཞིང་། ཚིག་རྐང་བཞི་བ། “གསུམ་དེ་གསུམ་འཛོམས་པའི་དུས་ཚོད་ན། །”ཞེས་པ་ཡང་བསྐོར་བསྐྱར་བསྐོར་བྱས་པ་སྒྲ་རྒྱན་ལས་རྐང་པ་བཟླས་པའི་ཟུང་ལྡན་དང་། མགུར་ཚིག་གི་ཚིག་རྐང་ལྔ་པ་ནས་ཚེག་བར་ཐོག་མ་གཉིས་དང་དྲུག་པ་ནས་དགུ་བའམ་བཅུ་བའི་བར་སྒྲ་གཟུགས་མཚུངས་པའི་ཡི་གེ་བསྐོར་བའི་དབྱངས་འགྲོས་སྡེབ་སྦྱོར་ཅན་དུ་བརྩམས་འདུག་པ་ལྟ་བུའོ། །
གསུམ་པ། མཇུག་གྲུབ་པའི་ཚིག
       གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེས་ཁོང་གི་ཐུགས་ཀྱི་ཉམས་དང་རྟོགས་པ་སྙན་པའི་གླུ་རུ་བླངས་པ་དབྱངས་གསལ་ཡི་གེའི་གཟུགས་སུ་ཤར་བའི«མགུར་འབུམ»ནི། བོད་མི་རིགས་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ཏུ་སྙན་པའི་གྲགས་པ་ཆེས་ཆེར་རྒྱས་པའི་མགུར་མའི་རྩོམ་རིག་གི་ཚབ་མཚོན་བརྩམས་ཆོས་གལ་ཆེན་ཞིག་སྟེ། མགུར་ཚན་བཞི་བརྒྱ་ལྷག་གིས་གྲུབ་པའི«མགུར་འབུམ»གྱི་བརྗོད་བྱའི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། རྣམ་པའི་ཆ་ནས་ཚིགས་སུ་བཅད་པའི་རྗོད་བྱེད་ཚིག་གི་ལུས་ཀྱི་སྡེབ་ལེགས་པས་ཀློག་ན་ཁར་བདེ་བ་དང་། མཉན་ན་རྣ་བར་སྙན་པ། བསམ་ན་ཡིད་འཁུལ་བར་བྱེད་པ། ཚིག་འབྲུ་རེ་རེ་དོན་གྱི་གནད་ལ་གཞོལ་བ་སོགས་ཀྱི་ཁྱད་ཆོས་རྩོལ་མེད་ལྷུན་གྲུབ་ཀྱི་ཚུལ་དུ་ཐོན་པའི་ཁར། ཚིག་སྦྱོར་གྱི་ཚེག་བར་ཆ་ཡའི་སྡེབ་སྟངས་མི་འདྲ་བ་དང་། ཚིགས་བཅད་ཀྱི་ངལ་གསོ་དང་གཅོད་མཚམས་མི་འདྲ་བ་སྣ་ཚོགས་ལས་ཐོན་པའི་དབྱངས་འགྲོས་སྡེབ་སྦྱོར་ཕུན་སུམ་ཚོགས་པས་མགུར་ཚན་སོ་སོ་ཡོངས་སུ་གཏམས་པ་ཞིག་ཡིན་ཞིང་། ཚིག་དོན་ཉམས་གསུམ་གང་གི་ཆ་ནས་ཀྱང་ཕྱིས་བྱུང་གྲུབ་མཐའ་རིས་སུ་མ་ཆད་པའི་མཁས་ཤིང་གྲུབ་པའི་སྐྱེས་བུ་དམ་པ་ཇི་སྙེད་པས་མཛད་པའི་བོད་ཀྱི་སྲོལ་རྒྱུན་མགུར་མའི་རྩོམ་རིགས་བརྩེགས་ན་རི་བོའི་གཏོས་དང་མཉམ་པ་དེ་སྙེད་ཀྱི་ལད་མོ་དང་དཔེ་ལྟ་བྱ་སར་གྱུར་ཏེ་ཕྱིས་བྱུང་བོད་ཀྱི་རྩོམ་རིག་གསར་རྩོམ་ལ་བག་ཆགས་ཟབ་མོ་བཞག་ཡོད་ལ། དེང་གི་ཆར་ཡང་མགུར་མའི་རྩོམ་རིགས་གསར་རྩོམ་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བར་ཟུར་ལྟའི་རིན་ཐང་གལ་ཆེན་ལྡན་པས་ན། དེ་ལ་རྩོམ་རིག་དང་། སྙན་ངག་རིག་པ། ཚིག་རྒྱན་རིག་པ། སྡེབ་སྦྱོར་རིག་པ་སོགས་ཀྱི་ཆ་ནས་རྟོག་དཔྱོད་ཞིབ་ཏུ་བགྱི་འོས་པའི་ཆ་མང་ནའང་། འདིར་ནི་དེའི་དབྱངས་འགྲོས་སྡེབ་སྦྱོར་གྱི་སྐོར་ཁོ་ན་ཆེ་ལོང་རགས་བསྡུས་ཙམ་གླེང་བ་རེ་ཞིག་དེ་ག་ཙམ་གྱིས་འཐུས་པར་བྱའོ། །

ལུང་ཁུངས་ཡིག་ཆ།
[1][3][4][5][6][7][10] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1981ལོའི་ཟླ4པར་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི«རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར»ཞེས་བྱ་བའི་ཤོག་ངོས6པ་དང་། ཤོག་ངོས467པ། ཤོག་ངོས489བ། ཤོག་ངོས516པ། ཤོག་ངོས520ནས521པའི་བར་དང་། ཤོག་ངོས812པ། ཤོག་ངོས200བ་བཅས་སུ་གསལ།
[2] གུང་ཐང་བདེ་བའི་བློ་གྲོས་ཀྱིས་བརྩམས། རྩོམ་པ་ལ་འཇུག་པ་སྡེབས་སྦྱོར་པདྨ་རྒྱས་པའི་དགའ་ཚལ་ཞེས་བྱ་བ། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས2017ལོར་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་ཐུན་མོང་རིག་མཛོད་ཅེས་བྱ་བའི་དཔེ་ཚོགས་པོད་དང་བོའི་ཤོག་ངོས452པར་གསལ།
[8] 文学理论(新修订版):[美]勒内·韦勒克,奥斯汀·沃伦著;刘象愚等译;浙江人民出版社,杭州,2017年,p146
[9]
 དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། སྙན་ངག་ལ་འཇུག་པའི་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1982ལོར་དཔར་དུ་བསྐྲུན། ཤོག་ངོས27པར་གསལ།
[11] ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། གླེགས་བམ་དང་བོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས༡༩༩༢ལོར་དཔར་དུ་བསྐྲུན། ཤོག་ངོས357པར་གསལ།
[12] རྩོམ་འདིར་མཚན་གཞིའི་དཔེར་བཀོད་པའི་མགུར་ཚིག་ཚང་མ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1981ལོའི་ཟླ4བར་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི«རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར»ཞེས་བྱ་བ་ལས་དྲངས་པ་སྟེ། རེ་རེ་བཞིན་དུ་ཤོག་ངོས་གང་ནས་དྲངས་པ་གསལ་བཤད་ཀྱི་ངལ་བ་བསྟེན་མི་དགོས་པ་བྱས་སོ། །

རྩོམ་ཁུངས། «བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ»༢༠༢༥ལོའི་འདོན་ཐེངས༣པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།