བོད་མི་དང་ཐང་དཀར་རྒོད་པོ།

རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-07-04 08:46:53 ཀློག་གྲངས།:
བོད་མི་དང་ཐང་དཀར་རྒོད་པོ།
                  —ཚ་རོང་དམངས་ཁྲོད་ཀྱི་ལྷ་སྒྲུང་ཞིག་ལ་དཔྱད་པ།
དགེ་བཤེས་གཙུག་གཤེན་རྒྱལ་མཚན།

གླེང་གཞི།
       ཚ་རོང་མཛོ་སྒང་གི་ཡུལ་སྡེ་མང་པོར་གཏམ་རྒྱུད་ཡ་མཚན་ཞིག་བཤད་རྒྱུ་ཡོད་ལ། ས་གནས་སོ་སོར་བཤད་སྟངས་མི་འདྲ་བ་ཁ་ཤས་འདུག་མོད་ནང་དོན་ནི་ཕལ་ཆེར་གཅིག་པ་རེད།སྐབས་འདིར་གླིང་ཁ་བར་མ་ཤང་རབ་པ་གྲོང་གི་རྒན་རབས་ཨ་ཁྱུང་ལགས་ནས་བཤད་པ་ལྟར་བཀོད་ན། དེ་ཡང་གནའ་སྔ་མོར་ཡུལ་འདིའི་རྒྱབ་རི་སྐུ་བླ་བོན་རྒན་གྱི་རི་རྒྱབ་ཏུ་མཚོ་ཞིག་འཁྱིལ་ཡོད་ལ། མཚོ་དེར་ཟླ་བ་རེའི་ནང་ལྷ་ཡུལ་གྱི་མཁའ་འགྲོ་མ་རྣམས་རྒོད་སྒྲོ་མནབས་ནས་སྐུ་ཁྲུས་གསོལ་ལ་ཕེབས་སྲོལ་ཡོད་པ་རེད། ཡུལ་འདིའི་རྫི་བོ་ཞིག་གིས་གནས་ཚུལ་དེ་ཤེས་རྗེས་ཉིན་ཞིག་མཚོ་འགྲམ་གྱི་བྲག་གསེབ་ཏུ་ཡིབ་སྟེ། མཁའ་འགྲོ་རྣམས་མཚོར་ཞུགས་པ་དང་སྟབས་བསྟུན་མཁའ་འགྲོ་ཞིག་གི་རྒོད་སྒྲོ་བསྐུངས་ཏེ་བསྡད་པ་རེད། ཁྲུས་གསོལ་གྲུབ་རྗེས་མཁའ་འགྲོ་གཞན་རྣམས་ལྷ་ཡུལ་དུ་འཕུར་ཅིང་། རྒོད་སྒྲོ་བསྐུངས་པའི་མཁའ་འགྲོ་དེས་རྒོད་སྒྲོ་མ་རྙེད་པས་འཕུར་ཐབས་བྲལ་ཏེ། རྫི་བོ་དང་ལྷན་དུ་འཚོ་བ་རོལ་ཞིང་ལོ་གསུམ་ནང་ཁོ་གཉིས་ལ་བྱིས་པ་གསུམ་སྐྱེས་པ་རེད། བྱིས་པ་ཆེ་བ་དེའི་མིང་ལ་འཕགས་བུ་དང་འབྲིང་བ་དེར་འཛམ་གླིང་། ཆུང་བ་དེར་ལ་དབྱིལ་ཞེས་བཏགས། ལོ་གསུམ་འདས་རྗེས་རྫི་བོས་དཱ་མཁའ་འགྲོས་རང་གི་ཕྲུ་གུ་བསྐྱུར་ཏེ་འགྲོ་མི་བཟོད་སྙམ་སྟེ་རྒོད་སྒྲོ་ཕྱིར་སྤྲད། མཁའ་འགྲོས་རྒོད་སྒྲོ་ལ་ཉིན་བཞིན་ཁྲུས་བྱས་ཤིང་ཉིན་ཞིག་དངོས་སུ་ལྷ་ཡུལ་དུ་འཕུར་བ་རེད། ཕྱིས་སུ་བྱིས་པ་གསུམ་དེ་ཡུལ་ཁམས་འདིའི་གདུང་འཛིན་བླ་མ་གྲགས་ཅན་གསུམ་ཆགས་པ་རེད་ཟེར། གཏམ་རྒྱུད་འདི་ནི་བོད་ཀྱི་གདོད་མིའི་ཐོ་ཐེམ(totem)དད་མོས་དང་སྦྱར་ཏེ་ཡུལ་ཁམས་འདིའི་གདུང་རྒྱུད་གསུམ་ལ་ཆེ་བརྗོད་བྱས་པ་ཞིག་རེད། གཤམ་དུ་ང་ཚོས་གཏམ་རྒྱུད་འདི་དང་འབྲེལ་ནས་བོད་མིའི་ཐོ་ཐེམ་དད་མོས་སྐོར་ནས་དཔྱད་ཞིབ་ཅིག་བྱ།
དང་པོ། མི་རིགས་འདྲ་མིན་གྱི་ཐོ་ཐེམ་དད་མོས་ལ་ཟུར་ཙམ་ལྟ་བ།
       ཐོག་མར་ང་ཚོས་ཐོ་ཐེམ་དད་མོས་ལ་རྒྱུས་ལོན་མདོར་བསྡུས་ཤིག་བྱ། ཐོ་ཐེམ་དད་མོས་ཞེས་པ་ནི་གདོད་མའི་མིས་སྲོག་ཆགས་དང་སྐྱེ་དངོས་གང་རུང་ལ་ཐུན་མིན་གྱི་ནུས་སྟོབས་ལྡན་པའམ། ཡང་ན་རང་གི་མེས་པོར་བརྩིས་ནས་དད་མོས་དང་མཆོད་བསྟོད་བྱེད་པ་ལ་ཟེར། ཐོ་ཐེམ་ཞེས་པའི་ཐ་སྙད་ནི་སྤྱི་ལོ༡༧༩༡ལོར་དཔར་བའི་མིའི་རིགས་རིག་པ་སྨྲ་བ་རོམ་ཀི་ལགས་ཀྱི་རྩོམ་དེབ«ཚོགས་མི་ཡིན་ལ་ཚོང་པ་ཡིན་པའི་ཨིན་ཏེ་ཨན་པ་ཞིག་གི་མྱུལ་དཔྱད»ཅེས་པའི་དཔེ་དེབ་ཏུ་ཐོག་མར་བྱུང་ཞིང་། དབྱིན་ཏི་ཨན་པའི་ཨལ་གོན་ཆིན་ཚོ་བའི་ཨོ་ཀོ་པུ་ཝའི་ཡུལ་སྐད་ཅིག་ཡིན་པར་བཤད། འཛམ་གླིང་ཤར་ནུབ་ཀྱི་མི་རིགས་སོ་སོར་སྲོག་ཆགས་ལ་དད་མོས་དང་གུས་བཀུར་ཞུ་བའི་ལམ་ལུགས་དར་ཡོད། དེ་ཡང་དཔེར་མཚོན་ཙམ་དྲངས་ན། གནའ་བོའི་གྷི་རི་སིས་འུག་པ་ནི་ཤེས་རབ་ཀྱི་མཚོན་བྱེད་དུ་ངོས་འཛིན་པ་དང་རོམ་གྱིས་སྤྱང་ཀི་དང་ཨ་རབ་ཀྱིས་བྱ་གླག་མཆོག་ཏུ་ལྟ་བ། ཧ་སག་སི་ཐན་གྱིས་ངང་དཀར་མགོན་དུ་བརྩི་བ། མན་ཇུས་ཕོ་རོག་བླ་བྱར་བཀུར་བ། ཞང་ཞུང་གིས་བྱ་ཁྱུང་མཆོད་གནས་སུ་བྱེད་པ། ཡའོ་རིགས་ཀྱིས་ཁྱི་དང་ཐུའུ་ཅ་རིགས་ཀྱིས་སྟག་དཀར་པོ། བོད་ཀྱིས་གཡག་དང་བྱ་རྒོད་བླ་རུ་བཀུར་བ་སོགས་མཆིས། ཡིག་ཆ་འགའ་ཞིག་ཏུ་བོད་རིགས་ཀྱིས་སྤྲེའུ་བླ་རུ་བཀུར་བར་བཤད་ཀྱང་། འདི་ནི་མ་དག་པའི་བཤད་སྲོལ་ཞིག་སྟེ། བོད་ཀྱིས་སྤྲེའུ་བཀྲ་ཤིས་པའི་སྲོག་ཆགས་ཤིག་ཏུ་བརྩི་བ་མ་ཡིན་ཏེ། «ཏུན་ཧོང་ཡིག་རྙིང»ལས“བཙན་པོ་དྲི་གུམ་ལྡེ་བླ་གུང་རྒྱལ་གྱིས་གནམ་དུ་དྲངས་ན། ལོ་ངམ་གྱྀས་མཆན་ནས་སྤྲེའུ་པྱུང་བས། ལྡེ་བླ་གུང་རྒྱལ་ནི་ཏི་ཙེ་གངས་རུམ་དུ་འཕང་སྟེ་གཤེགས་སོ། །”(༡༧)ཞེས་དང་། «ཡང་རྩེ་ཀློང་ཆེན»ལས“སྤྲེའུ་དང་བྱི་ལ་འཕོངས་སུ་སྐྱོན་པས་རྗེའི་མགུར་ལྷ་གནམ་དུ་ཡར།”(༦༩)ཞེས་དང་། «དབུ་ནག་མིའུ་འདྲ་ཆགས»ལས“ཕྱྭ་རྗེ་ཡབ་ལྷ་བདལ་དྲུག་ལ། སྲས་བུ་སུམ་ཅུ་སོ་གཅིག་ཡོད་པ་ལ། ང་ཆུང་བ་སྣེ་ཕྲོམ་ལ་ཁྲ་ཡིན། ཡབ་ཀྱིས་དགུང་ནས་མི་བརྒྱུད་སྤེལ་བ་ལ་བཏོང་བ་ཡིན་བྱས་ཙ། སྲིན་པོས་མཐོང་ནས་རྐུ་བར་བྱུང་། བུད་མེད་དེས་ཐགས་དེའི་སྣས་ཟན་ལ། སྤྲེལ་གཅིག་བྱས་ནས་ཁོ་སྐུང་ནས་བཞག སྲིན་པོས་ཁྱོད་ཀྱི་ཐགས་འགོའི་མི་དེ་ག་ཐལ་ཟེར་བ་ལ། བུད་མེད་དེས་ངས་སྤྲེལ་འདི་བས་མ་མཐོང་ཟེར། སྲིན་པོས་སྤྲེལ་དེ་ཁྱེར་ནས་ཐུར་ལ་ཐལ། སྲིན་ཁྱི་རྒྱལ་པོ་འགྲོར་མ་ཉན། བུད་མེད་དེས་ཐགས་བཟང་དྲང་ནས། སྲིན་ཁྱི་ཁ་ལ་རྒྱབ་ནས་སོ་བཅག མིག་ལ་རྒྱབ་ནས་མིག་བཅར། འཁང་ཞིང་ཐུར་དུ་ཐལ། མི་གླུད་སྤྲེལ་དུ་གཏོང་བ་དེ་ནས་སྲིད།”(༦༡)ཞེས་དང་། «ཚངས་པ་ལྷ་ཡི་ཡོ་བཅོས་རྒྱས་པ»ལས“ལྷ་བོན་ཐོད་དཀར་གྱིས། མི་སྙེགས་སུ་སྤྲེའུ་བཏང་ངོ་། །”(༡༥༠)ཞེས་གསལ་བ་སོགས་ཀྱིས་ཤེས་ཐུབ། དུས་ཕྱིས་སུ་བོད་ཀྱི་ལོ་རྒྱུས་ཁག་ཏུ་བོད་རིགས་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ལས་བྱུང་བའི་གཏམ་རྒྱུད་བྱུང་བ་ནི་རྒྱ་གར་རིག་གནས་ཀྱིས་ཤན་ཞུགས་ཐེབས་པ་ཡིན། དེ་ཡང་རྒྱ་གར་གྱི་གནའ་བོའི་གཏམ་རྒྱུད«རཱ་མ་ཡ་ན»ལས་དཔའ་བོ་རཱ་མ་ཡ་ནས་སྤྲེའུ་ཧ་ནུ་མན་ཐ་དང་གྲོགས་བསྒྲིགས་ཏེ་སྲིན་པོ་ལིངྐ་མགྲིན་བཅུ་བཏུལ་པའི་གཏམ་རྒྱུད་ཧ་ཅང་གྲགས་ཆེ་བ་ཞིག་ཡོད་ལ། གཏམ་རྒྱུད་འདི་ཨེ་ཤ་ཡའི་ཤར་ལྷོའི་རྒྱལ་ཁབ་སོ་སོར་དར་ཁྱབ་བྱུང་ཞིང་།«རཱ་མ་ཡ་ནའི»གཏམ་རྒྱུད་ཁྲོད་ཀྱི་མི་སྣ་སི་ཏཱ་དང་ལྷ་སྤྲེའུ་ཧ་ནུ་མན་ཐ་གཉིས་ཀྱི་སྙན་གྲགས་ཀྱང་ས་ཕྱོགས་གང་སར་ཁྱབ་ཡོད། ཀྲུང་གོའི་གནའ་རབས་བརྩམས་ཆོས་ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་ཁྲོད་ཀྱི་སུང་ཝུའུ་ཁུང་གི་སྣང་བརྙན་གྱི་འབྱུང་ཡུལ་གཙོ་བོའང་སྤྲེའུ་ཧ་ནུ་མན་ཐ་ཡིན་པར་བཤད་ཅིང་། བོད་ཀྱི་ཕེས་པོ་སྤྲེའུ་ཡིན་ཟེར་བ་སོགས་ཀྱང་འདི་དག་ལ་བརྟེན་ནས་བྱུང་བ་རེད། མདོར་ན། མི་རིགས་གཞན་གྱི་རིག་གནས་མང་པོ་ཞིག་བོད་དུ་དར་རྗེས་བོད་རང་གི་གདོད་མའི་དད་མོས་དང་རིན་ཐང་ལྟ་བ་སོགས་ལ་འགྱུར་ལྡོག་བྱུང་བ་ནི་ཆོས་ཉིད་ཅིག་རེད། གཤམ་དུ་ང་ཚོས་བོད་རིགས་ཀྱི་ཐོ་ཐེམ་དད་མོས་དང་ལྷག་ཏུ་སྲོག་ཆགས་བྱ་རྒོད་མཆོག་ཏུ་འཛིན་པའི་ལུགས་སྲོལ་སྐོར་ནས་རྒྱུས་ལོན་ཞིག་བྱ།
གཉིས་པ། བོད་ཀྱི་མེས་པོས་འདབ་ཆགས་ལ་བཟུང་བའི་ལྟ་བ།
       གོང་གི་གཏམ་རྒྱུད་ཁྲོད་ལས་མངོན་པ་ནི་མཁའ་འགྲོ་མི་ཡུལ་ནས་ལྷ་ཡུལ་དུ་ཕྱིར་ལོག་པར་ངེས་པར་དུ་བྱ་རྒོད་ཀྱི་གཤོག་པ་དགོས་པར་བསྟན་ཡོད། འདིས་བོད་མིའི་སེམས་ཁོངས་སུ་ལྷ་ཡུལ་ལམ་དག་ཞིང་གང་ཞིག་ལ་འགྲོ་དགོས་ན། ངེས་པར་དུ་འདབ་ཆགས་ཀྱི་གཤོག་པ་སོགས་ལ་བརྟེན་དགོས་པ་དང་། འདབ་ཆགས་དག་གཟོད་འགྲོ་བ་མི་སླེབས་མི་ཐུབ་པའི་ཡུལ་ཁམས་སུ་བསྐྱོད་ཐུབ་པར་ངོས་འཛིན་བྱེད་པ་རེད། ལྟ་བ་འདི་འདྲ་བ་ནི་འཛམ་གླིང་ཤར་ནུབ་ཀྱི་གདོད་མིའི་མི་རིགས་ཐུན་མོང་ལ་མངའ་བ་རེད། དཔེར་ན། འཛམ་གླིང་ཐོག་གི་གྲུབ་མཐའ་འདྲ་མིན་དག་གི་ལྷ་ཡི་ཕོ་ཉ་ནི་གཤོག་ལྡན་གྱི་རྣམ་པར་བཞེངས་ཡོད་པས་ཤེས་ཐུབ། བོད་ལ་མཚོན་ན། «ཚངས་པ་ལྷ་ཡི་ཡོ་བཅོས་རྒྱས་པ»ལས་ཁུག་རྟ་དང་ཕ་ཝང་སོགས“ལྷ་དང་མི་ཡི་འཕྲིན་པ”(༧༣)བྱས་ཏེ་མི་ཡུལ་ནས་ལྷ་ཡུལ་དུ་བཏང་བ་གླེང་ཡོད་ལ། གཡུ་བྱ་ཁུ་བྱུག་དང་ཁྲུང་ཁྲུང་དཀར་མོ་སོགས་ལྷ་མི་བར་གྱི་འཕྲིན་པ་བྱས་པ་བཤད་ཡོད། «མདོ་དྲི་མེད་གཟི་བརྗིད»ལས་ནེའུ་ཙོ་སྤུན་གསུམ་ལྷ་ཀླུ་མི་ཡི་ཡུལ་ཁམས་སུ་འགྲིམས་ནས་རྩི་སྨན་འབྲུ་སོགས་བསགས་པར་བཤད་ཡོད། «ཡང་རྩེ་ཀློང་ཆེན»ལས་ལི་ཤུ་སྟག་རིང་གི་ལོ་རྒྱུས་བསྟན་སྐབས“དུས་ནམ་ཞིག་ན་རྒྱལ་པོ་ལ་གཡུ་བྱ་ཁུ་བྱུག་ཅིག་ན་རེ། ཙན་དན་གྱི་ནགས་གསེབ་ན། མེ་ཏོག་ལ་དངོས་གྲུབ་ཡོད་ཟེར་བ་བྱུང་ནས། རྒྱལ་པོ་ནགས་གསེབ་ཏུ་བྱོན་པས། མེ་ཏོག་གི་སྟེང་ན་བུ་མོ་སྐྱེ་མཆེད་ལེགས་པ་ཞིག་འདུག་ནས་བླངས་ཏེ། ཡུམ་ལ་ཕུལ་བས་ཤིན་ཏུ་མཉེས་ནས། མིང་ཡང་རླུང་རྒྱལ་སྟག་ཟ་ལི་ཝེར་དུ་བཏགས་སོ།།”(༣༥)ཞེས་གསལ་ཡོད། «ཧོར་གླིང་གཡུལ་འགྱེད»ལས་ཧོར་གྱིས་རྒྱ་བྱ་དང་རྨ་བྱ། ནེ་ཙོ། ཁྭ་ཏ་བཞི་ཡུལ་ཁམས་སྟོད་སྨད་བར་གསུམ་ལ་གུར་དཀར་གྱི་བཙུན་མོར་ཉན་པ་ཡོད་མེད་ལྟ་རུ་མངགས་པ་དང་། སླར་ཡང་ཐན་བྱ་བསེ་བོ་གླིང་ལ་ཉུལ་མ་བཏང་བ་སོགས་བཀོད་ཡོད། གཏམ་རྒྱུད་འདི་དག་ལས་ཤེས་ཐུབ་པ་ནི་བོད་ཀྱི་མེས་པོས་འདབ་ཆགས་ལ་མི་ལས་ལྷག་པའི་དམིགས་བསལ་གྱི་ནུས་སྟོབས་ཤིག་ཡོད་པར་ངོས་འཛིན་པ་དེ་རེད།
གསུམ་པ། བྱ་རྒོད་དང་འབྲེལ་བའི་གཏམ་རྒྱུད།
       «དབུ་ནག་མིའུ་འདྲ་ཆགས»ལས“དམུ་སྲས་འཁྲུལ་བུ་དབང་ལྡན་དང་། གཉན་ལྕམ་དཀར་མོ་གཉིས་སུ་སྲིད། བྱ་རྒོད་དུ་སྤྲུལ་ནས་བསྡེབས་པ་ལས། སྟག་གཟིག་བོན་གྱི་རྒྱལ་པོ་དང་རྒྱ་གར་ཆོས་ཀྱི་རྒྱལ་པོ་གཉིས་སྲིད།”(༥༩)ཅེས་གསལ་ལ། «མཐའ་བཞི་གཤེན་རྒྱུད་ཀྱི་རྣམ་ཐར»ལས“དེ་ནས་རྒྱལ་སྟག་གུ་སྙན་གཟིགས་ཀྱི་སྐུ་རིང་ལ། རྒྱལ་སྲིད་ཀྱི་སྐུ་དབུ་བརྙེས་ནས། རྒྱལ་ཕྲན་བཅུ་གཉིས་བཏུལ། ལྷོ་བྲག་རྒྱལ་པོ་བང་བ་རྗེ་འདུལ་དུ་གཤེགས་པས། ལྷོ་བྲག་གི་རྒྱལ་པོ་ནས་སྟག་གུ་སྙན་གཟིགས་བཙོན་དུ་བཟུང་། [ཞེས་པ་ནས།]རྒྱལ་སྟག་གུ་སྙན་གཟིགས་ལ་ལྕགས་ཐག་རིམ་པ་གསུམ་གྱིས་བསྡམས་པ་ནི། རྫུ་འཕྲུལ་ཐབས་ལྡན་དཔལ་གྱི་གཤོག་པས་བཅད་ནས་རྒྱལ་པོ་ཆིབས་ལ་བསྐྱོན་ནས་ཡུལ་དུ་བྲོས་སུ་བཅུག ལྷོ་བྲག་རྒྱལ་པོའི་ཞལ་ནས་གཤེན་པོ་གཉིས་ལ་ཆབ་གསོལ། གསུངས་ནས་ཁྲིམས་ཕབ་པས། གཤེན་གཉིས་ཀྱི་ཞལ་ནས། བདག་ཅག་རྫུ་འཕྲུལ་སྟོབས་དང་ལྡན་པ་ལ། རྒྱལ་གྱི་ཁྲིམས་བཅད་ཆོད་དམ་གསུང་ནས། བྱ་རྒོད་གཉིས་སྤྲུལ་ནས་མཁར་ལ་ཐེངས་གསུམ་བསྐོར་ནས་ཡུལ་དུ་གཤེགས་པས།”(༢༢༩)ཞེས་གསལ་ཡོད། «བསྟན་འབྱུང་ཡིད་བཞིན་ནོར་བུ»ལས་རྨེའུ་གདུང་རབས་གྲོལ་ཚུལ་བསྟན་སྐབས“རྨེའུ་ངམ་ལེན་སྐྱོལ་པོ་ཡི། ལྷ་རྒྱུད་མི་རབས་དབུ་བཟུང་ནས། [ཞེས་པ་ནས།] དུང་གི་བྱ་རྒོད་གཉིས་སྤྲུལ་ནས། གཡས་རུ་ཤངས་ཀྱི་ས་ཆ་ལ། འཕུར་འཕུར་ལྡིང་ལྡིང་སྐོར་བའི་ཐབས། ཤུད་ཀྱི་སྨན་མོ་གཡུ་མཁར་རྩེར། ཤེལ་གྱི་སྒོ་ང་གཉིས་སུ་བབས།”[1]ཞེས་གསལ། «བླ་མ་བྲུ་ཆེན་པོའི་རྣམ་ཐར»ལས“རེས་ཤིག་རོག་ཟོམ་དུ་བཞུགས་དུས་སུ་ཐུགས་སྐྱོ་བ་ཞིག་ལ། རྒྱ་གར་གྱི་དུར་ཁྲོད་ཆེན་པོ་བརྒྱད་གཟིགས་པར་དགོངས་ནས། སྐུ་ལུས་བྱ་རྒོད་དུ་སྤྲུལ། མཁའ་འགྲོ་བཞིས་བསྐོར་ནས། ཏྲི་ར་ཧུ་ཏིར་བྱོན།”(༢༡༠)ཞེས་དང་། “བཅུ་བཞིའི་གདུགས་ལ་པུར་རྒྱལ་ཞུགས་ལ་ཕུལ། ཉི་མ་ལྡབ་འགྱུར་བྱུང་བར་ཡུལ་ཕྱོགས་ཀུན་གྱིས་བཅད། བྱ་རྒོད་དུ་མས་པུར་ལ་སྐོར་བ་བྱས། འཇའ་ཚོན་སྒྲ་འོད་ཉིན་མཚན་གསུམ་དུ་བྱུང་། རིང་བསྲེལ་ལ་སོགས་མཆོད་པའི་རྟེན་དུ་བྱོན།”(༢༡༦)ཞེས་གསལ་ཡོད། «བླ་མ་ཡོན་ཏན་རྒྱལ་མཚན་གྱི་རྣམ་ཐར»ལས“པུར་ཞུགས་ལ་ཕུལ་བས་དུད་པ་ལ་བྱ་རྒོད་སྐོར་བ་བྱེད་པ་དང་བདུད་རྩི་ཆུ་ཡི་རྒྱུན་འབབ་པ་ལ་སོགས་བཟང་རྟགས་མང་དུ་བྱུང་བ་ལགས་སོ། །”(༢༥༨)ཞེས་གསལ། «རྨེའུ་སྟོན་ལྷ་རི་གཉན་པོའི་རྣམ་ཐར»ལས“སྐུ་ལུས་འདོམ་གང་བདེར་གཤེགས་ལྷ་ལ་ཕུལ། གསུང་སོལ་ནག་པོ་ལོག་བྱེད་བགེགས་ལ་བསྐུར། དུ་བ་ཕྱོགས་བཅུ་ཀུན་ཏུ་ཁྱབ། དེ་ལ་བྱ་རྒོད་བསྐོར་བ་མཛད།”(༣༢༣)ཅེས་གསལ། «རྗེ་བཙུན་ཁྲོ་ཚང་འབྲུག་ལྷའི་རྣམ་ཐར»ལས“རྗེ་འབྲུག་གི་ཞལ་ནས། ང་ནི་མི་ཤ་མི་ཟ་ཁྱོད་རང་ཟོ་གསུངས་ནས་བཞུགས་མ་ཉན་པར་སྔོན་ལ་བཞུད་ནས་སོང༌། དམ་པས་གྲི་བཏོན་ནས་ཤ་ཁམ་བུ་འགའ་ཅིག་བཅད་ནས་གསོལ་ཙམ་ན། བྱ་རྒོད་ཅིག་འཕུར་ནས་བྱུང༌། མཛེ་པོའི་ཤ་དེ་ལ་ཁམ་བུ་འགའ་ཟོས། དེ་ནས་ཕ་བོང་གཅིག་གི་སྟེང་དུ་བབ་ནས་སྣང༌། དམ་པས་རྗེ་འབྲུག་ཡིན་པར་མཁྱེན་ནས་ཚུར་བྱོན་དང་མི་འདི་ལ་སྨོན་ལམ་ཞིག་འདེབས་གསུངས། རྗེ་འབྲུག་གིས་རྫུ་འཕྲུལ་བཤིགས་ནས་དམ་པའི་རྩར་བྱོན།”ཞེས་དང་། «གཤེན་ཉི་མ་རྒྱལ་མཚན་རྣམ་ཐར»ལས“ཨ་ནེ་རྒན་མོ་དེ་ནད་ཀྱིས་ཟིན་ནས་འཆི་ལ་གཏུག་པས། གཤེན་ཉི་མས་མཁྱེན་ཏེ། ཞབས་འགྱུར་བ་རྣམས་ལ་གཟིམ་ཆུང་གི་སྒོ་ཞག་གསུམ་མ་དབྱེ་ཞིག ཞག་གསུམ་ནས་གཤང་ཆུང་ལོགས་ལ་བཏགས་པ་འདི་དཀྲོལ་བྱུང་བ་དང་ཤོག་ཅིག་གསུངས་ནས་ཨ་ནེ་རྒན་མོའི་ཐ་ཚིག་ལ་དགོངས་ནས། འདྲེན་སྟོན་ལ་བྱ་རྒོད་དུ་སྤྲུལ་ནས་ཕེབས་པས།”(༤༦)ཞེས་གཤེན་ཉི་མ་བྱ་རྒོད་སྤྲུལ་ནས་གདན་ས་དར་ལྡིངས་ནས་མདོ་ཁམས་ཕྱོགས་སུ་ཕེབས་པའི་བཤད་སྲོལ་འདི་བོན་གྱི་དད་ལྡན་ཁྲོད་དུ་ཧ་ཅང་སྐད་གྲགས་ཆེ། «རྫོགས་ཆེན་ཡང་རྩེ་ཀློང་ཆེན»ལས“ལི་ཤུ་སྟག་རིང་གིས་སྟག་གཟིག་གི་ཡུལ་ན་རང་འགྱུར་དུ་བསྒྱུར་ཏེ། དེ་ཉིད་དགུང་ལོ་སྟོང་དང་ལྔ་བརྒྱའི་དུས་ན་སྟག་གཟིག་ནས་བོན་གྱི་ཡང་བཅུད་ཁྲི་ཕྲག་གཅིག ཁྲུང་ཁྲུང་དང་ཀང་ཀ་བྱ་རྒོད་དུར་བྱ་ལ་བཀར་ནས། དྲོད་ཐེབས་གཅིག་གིས་ཏི་ཙེ་རུ་ཕེབས། དེ་ནས་དྲོ་ཐེབས་ཅིག་གིས་བསམ་ཡས་སུ་ཕེབས། རྒྱལ་པོའི་བླ་མཆོད་མཛད།”ཅེས་དང་། “བླ་མ་ཆེན་པོ་དེ་ཡིས་བོད་ཡུལ་དུ་གྲུབ་རྟགས་དུ་མ་བསྟན་ཏེ། གཡག་རྒོད་དང་ཁྲུང་ཁྲུང་ལ་བཅིབས་པ་དང་། ཡར་ལུང་གི་ཆུ་བོ་གྱེན་ལ་བསྒྱུར་བ་དང་། རི་བོ་ཕྱག་གིས་ཁྱེར་བ་དང་། ཉི་ཟླ་ཆ་ལང་དུ་བརྡེབས་པ་དང་། བྱ་རྒོད་དུ་སྤྲུལ་ནས་འོག་མིན་དུ་བསྐོར་བ་དང་། གཞའ་ཚོན་ལ་ཞོན་ནས་གླིང་བཞི་ཉུལ་པ་ལ་སོགས་གྲུབ་རྟགས་དུ་མ་ཡོད་དོ། །”(༦༢)ཞེས་གསལ། «ཁྱུང་པོ་རྒོད་ཚང་ལོ་རྒྱུས»ལས“ཞག་གསུམ་ནུབ་མོ་ཁ་བ་ཆེན་པོ་བབ། ནངས་པར་གདུང་རྟ་རྗེ་ལ་བཀལ་ནས། གར་མོས་སུ་བཏང་པས། ཕུག་པའི་སྟེང་ཕྱོགས་སུ་ཉེ་ས་ན། བྱ་རྒོད་གསུམ་གྱིས་གཤོག་པས་ཁ་བ་ཕྱགས་ནས་གཤོག་པ་སྤྲུག་ཅིང་སྣང་། རྟ་རྗེ་ཡང་དེར་གུམ་སྟེ་ཉལ།”(༢༠༥)ཞེས་གསལ་ཡོད།«ཧོར་གླིང་གཡུལ་འགྱེད»ལས“སེར་མོ་སྐུ་དེ་འཁྲུངས་ཞོགས་དེར། །ཨ་སྔོན་དགུང་ནས་འབྲུག་གཅིག་གྲགས། །དོག་མོ་ས་ནས་ལྕམ་གཅིག་སྐྱེས། །དཀར་ཡག་གངས་ལ་སེང་གེ་འགྱིང་། །སེང་ལྕམ་འབྲུག་མོ་དེ་ནས་ཐོགས། །སྦྲ་ཆོན་ཆེན་མགོ་ལ་ཐང་དཀར་བབས། །ཤ་ལོ་དཀར་བ་དེ་ནས་བྱུང་། །ཆོན་ཆུང་མགོ་ལ་ཐང་སྨུག་བབས། །ཤ་རྩ་སྨུག་དོན་དེ་ནས་བྱུང་། །”(༥)ཞེས་གསལ། «ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར»ལས“རབ་བྱུང་བཅུ་བཞི་པའི་ནང་ཚན་ཆུ་མོ་བྱའི་ལོ་ལ་མའི་རྨི་ལམ་ལེགས་པ་ཁ་ཤས་བྱུང་ཚོད་ཀྱང་ཡིད་ལམ་ངེས། ནུབ་བྱང་ནས་བྱ་རྒོད་ཅིག་བྱུང་ནས་རང་གི་མཆོད་ཁང་དུ་བསྡད་སོང་བ་དང་། མི་ཆེན་པོ་ཞིག་གིས་སྦ་དར་དང་དུང་ཕྲེང་བྱིན་པ་སོགས་དྲན་འདུག”(༧༡)ཞེས་གསལ་ཡོད། མདོར་ན། བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་བྱ་རྒོད་དང་འབྲེལ་བའི་གཏམ་རྒྱུད་ཧ་ཅང་མང་པོ་མཆིས། འདིས་བོད་རིགས་ཀྱིས་བྱ་རྒོད་ནི་བཀྲ་ཤིས་པའི་འདབ་ཆགས་ཤིག་ཏུ་ལྟ་བ་མཚོན་བཞིན་ཡོད།
བཞི་པ། བྱ་རྒོད་དང་འབྲེལ་བའི་རྒྱན་ཆ།
       བྱ་རྒོད་ནི་བོད་ཀྱི་ལྷ་ཚོགས་ཁྲོད་དུ་ཡང་མངོན་ཡོད་དེ། བོན་གྱི་གསང་སྔགས་གཞུང་ལས་དབལ་མོ་ཉེར་བདུན་བསྟན་སྐབས་བྱ་རྒོད་མགོ་ཅན་གྱི་ལྷ་ཞིག་ཡོད་པ་རེད། འདི་ནི་རྒྱ་གར་གྱི་ལྷ་ཚོགས་ཁྲོད་དུ་གླང་ཆེན་མགོ་ཅན་དང་རྒྱ་ནག་གི་ལྷ་ཚོགས་གྲལ་དུ་བ་གླང་མགོ་ཅན་ཡོད་པ་བཞིན་མི་རིགས་རང་གི་འཚོ་བའི་ཁྲོད་དུ་མངོན་ཆེ་ཤོས་ཀྱི་སྲོག་ཆགས་དག་ག་ལེར་ལྷ་ཡི་ངོ་བོར་འཕོ་བཞིན་ཡོད་པ་རེད། ད་བཤད་བྱ་དངོས་ལ་བབ་ན། གནའ་བོའི་བོན་པོ་དག་གིས་རང་ཉིད་ཀྱི་ཆེ་བ་དང་ཐོབ་ཐང་མཚོན་བྱེད་ལ་སྐུ་ལ་རྒོད་ཀྱི་ཐུལ་པ་མནབས་ཤིང་དབུ་ལ་རྒོད་ཀྱི་ལྡེམ་ཕོད་འཛུགས་སྲོལ་ཡོད་པ་རེད། «གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་ཐོན་པའི་བོན་གྱི་གནའ་དཔེ»ལས“སྐུ་ལ་ནྀ་བྱ་རྒོད་ཀྱི་སླག་པ་གསོལ་ལོ། །ཤེལ་གྱི་མོ་རྡོ་བཞི་བཅུ་རྩ་གཉིས་ནི། ཕྱག་ན་བསྣམ་སོ།”(༥༤)ཞེས་གསལ་ཞིང་། «རྨེའུ་སྟོན་ལྷ་རི་གཉན་པོའི་རྣམ་ཐར»ལས“སྟོང་རྒྱུང་མཐུ་ཆེན་དང་དྲན་པ་ནམ་མཁའ་དང་། ཚེ་དབང་རིག་འཛིན་ལ་སོགས་རིག་འཛིན་ཆེན་པོ་རྣམས་ནི་སྟག་གཟིག་དང་དབྱི་སྤྱང་། བྱ་རྒོད་ལ་སོགས་ཀྱི་ཐུལ་བ་གསོལ་ནས་འདུག”(༣༡༣)ཅེས་གསལ། བོན་གྱི་ཡིག་ཚང་གྲགས་ཅན«བསྒྲགས་བྱང»ལས“བོན་པོ་ལ་ཆེ་ཐབས་སུ་འདི་རྣམས་བྱིན་ཏེ། སྐུ་ལ་གཙུགས་བྱིན་པ་དབུ་སྐྲ་སིལ་མ་རྩེ་རྒྱལ་གཅོད་དང་གཏུབ་ཏུ་མེད། དབུ་ལ་དར་དཀར་པོའི་འགྱིང་ཐོད་ལ་བྱ་རྒྱལ་རྒོད་ཀྱི་ལྡེམ་ཕོད་བཙུགས་པ། གསེར་གྱི་བྱ་རུ་ལ་གཡུ་ཡི་ལྡེམ་མདངས་ཅན། ན་བཟའ་དབྱི་དཀར་སྤྱང་དཀར་གྱི་ཐུལ་པ་ལ་སྟག་གཟིག་གུང་གསུམ་གྱིས་གོང་ལག་བཏང་བ།”(༡༥༤)ཞེས་དང་།«སྲིད་པ་རྒྱུད་ཀྱི་ཁ་བྱང»ལས“དབུ་ལ་དར་གྱི་འགྱིང་ཐོད་ལ། བྱ་ཕོད་རྒོད་ཕོད་བརྒྱན་པ་གསོལ། སྟག་རལ་གཟིག་ཤུབ་འཁོར་སུམ་ཐོགས། དྲེའུ་ནག་དཔུང་ཁྲ་ཞོན་པ་ཞིག མདུན་དུ་ལངས་ནས་འདི་སྐད་ཟེར། ང་གཏེར་བདག་སྐྱེས་བུ་དམར་པོ་ཡིན།”(༣༥༥)ཞེས་གསལ།«ཐང་ཡིག་གསར་རྙིང»ལས“སྐུ་གཤེན་རྣམས་ཀྱིས་སྒྲོ་བཙུགས་པའི་ཞྭ་མོ་གྱོན་ཞིང་། སྟག་ལྤགས་ཀྱི་སྐེད་རགས་བཅིངས།”(༣༢༨)ཞེས་གསལ། «ཧོར་གླིང་གཡུལ་འགྱེད»ལས“གླིང་སྐུ་རྗེ་འཛམ་གླིང་གེ་སར་ཁོང་། །དུས་ད་ལྟ་དམག་དཔོན་དགྲ་འདུལ་དཔོན། །དབུ་དར་འཕྲུ་དགུང་དུ་ལིངས་སེ་ལིང་། །ཆོས་སྲུང་སྤྲིན་ལྟར་འཐིབས་སེ་འཐིབ། །རྒོད་འཕྲུའི་རྩེ་མོ་ལྡེམས་སེ་ལྡེམ། །”(༥༣)ཞེས་གསལ་ཡོད་ལ། ཡིག་ཚང་འདི་དག་ལ་བརྟགས་ན། བོད་ཀྱིས་སྔོན་མ་ཞིག་ནས་བྱ་རྒོད་ཀྱི་སྒྲོ་སོགས་ལུས་ཀྱི་རྒྱན་དུ་བཀོལ་བ་ཤེས་ཐུབ། བོན་གྱི་ཡིག་ཚང་ཁག་ལས་འདབ་ཆགས་ཁྲོད་ནས་དམིགས་བསལ་ཁྱུང་དང་བྱ་རྒོད་གཉིས་ལ་ཆེ་མཐོང་སྤྲད་པ་མཐོང་ཐུབ་སྟེ།«བསྒྲགས་བྱང»ལས“དེ་ལྟར་ལྡོང་མི་ཉག་ཡུལ་དུ། གཡུང་དྲུང་གི་བོན་གཏན་ལ་ཕབ། ཡས་སུ་སྤྲེའུ་དང་གྲུམ་པ་བགྲངས། བོན་གྱི་སྒྲུབ་ཐབས་ནི། འདབ་ཆགས་བྱ་རྒོད་དང་། ཁྱུང་གི་སྦུབས་སུ་ཞུགས་ཏེ་བསྒྲུབས་སོ། སེང་གེ་དཀར་མོའི་ཁྲི་ཐོག་ཏུ། འདབ་ཆགས་རྒོད་དང་ཁྱུང་ལྟར་འདུག དངོས་གྲུབ་ཐམས་ཅད་རང་ལ་འབྱུང་ཞིང་འདུའོ།”(༢༠༧)ཞེས་གསལ་ཡོད། གཞན་ཡང་བོན་གྱི་རིག་འཛིན་གྱི་ཁྲོད་དུ་ཡེ་གཤེན་ཆེ་རྒྱལ་རྒོད་ཞུ་ཅན་ཟེར་བ་ཞིག་ཡོད་ལ། དུས་རབས་བཅུ་གཉིས་པའི་ནང་གཏེར་སྟོན་རིག་འཛིན་རྒོད་ལྡེམ་ཅན་ཞེས་པ་ཞིག་བྱོན་པ་རེད། དུས་ཕྱིས་སུ་རྙིང་མའི་བླ་མ་རྒོད་ཀྱི་ལྡེམ་འཕྲུ་ཅན་དངོས་གྲུབ་རྒྱལ་མཚན་ཞེས་པ་ཞིག་ཀྱང་བྱོན་པར་བཤད་དོ། །
ལྔ་པ། བྱ་རྒོད་དང་འབྲེལ་བའི་ལུགས་སྲོལ།
       གཅིག བོད་ཀྱི་གནའ་དཔེ་ཁག་ནས་གསལ་བ་ལྟར་ན། ལྷ་མདའ་ནི་ཕོ་ཡི་མཚོན་བྱེད་ཅིག་ཡིན་ལ། ནམ་རྒྱུན་བུ་ཡིས་གཙོ་བོ་བེད་སྤྱོད་བྱེད་པ་ཡིན། ལྷ་མདའི་གྲུབ་ཆ་གཙོ་བོ་གཅིག་ནི་བྱ་རྒོད་ཀྱི་གཤོག་སྒྲོ་ཡིན། དེ་ཡང«མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད»ལས“ལྷ་མདའ་བྱ་རྒོད་མཇུག་ན་ཡོད།”(༡)ཅེས་ལྷ་མདའ་སྒྲོ་དཀར་གྱི་གྲུབ་ཆ་གཙོ་བོ་ནི་བྱ་རྒོད་ཀྱི་སྒྲོ་ཡིན་པ་བཤད་ཡོད། གཞན་ཡང་གནའ་དཔེ་ཁག་ཏུ་དེ་འབྲེལ་གྱི་གནས་ཚུལ་འཁོད་པ་མང་། གཉིས། དེང་སང་རྟ་རྒྱུགས་སྐབས་སུ་རྟ་ཡི་སྤྱི་གཙུག་ཏུ་རྒོད་སྒྲོ་རྒྱན་སྲོལ་བོད་ཁམས་ཀུན་ལ་མ་ཉམས་པར་ཡོད་ལ། དབུས་ཀྱི་སྟོད་ལུང་ཕྱོགས་སུ་རྒྱུགས་བུའི་གྱོན་རྒྱུའི་ཞྭ་མོ་ཐང་དཀར་འཕུར་ཞྭ་ཞེས་པ་ཞིག་ཡོད། ཞྭ་དེའི་རྩེ་མོ་ཐང་དཀར་སྒྲོ་ཡིས་བརྒྱན་ཅིང་གཡས་གཡོན་དུ་རྒོད་གཤོག་དང་རྒྱབ་ཏུ་རྒོད་ཀྱི་མཇུག་མའི་དབྱིབས་ཀྱི་བཟོ་བཀོད་བྱས་ཡོད། ཞྭ་དེ་གྱོན་ན་རྟ་རྒྱུགས་སྐབས་རྟ་འགྱེལ་བ་སོགས་རྐྱེན་ངན་ཐམས་ཅད་སེལ་བའི་བཤད་སྲོལ་ཁ་ཤས་ཡོད་མོད། དོན་དངོས་ཐོག་བོད་མིའི་རྟེན་འབྲེལ་ལྟ་བ་ཞིག་དང་གནའ་སྔ་མོའི་ལུགས་སྲོལ་ཞིག་དང་འབྲེལ་ཡོད། དེ་ཡང་གནའ་དཔེ«རྟ་ལྷ་གསོལ་བ»ལས“བྱ་རྒོད་ཀྱི་ཐེའུ་བཏགས། བྱ་བས་བང་མགྱོགས་ལ། རྒོད་པས་ཤུགས་དྲག་གོ །”(༢༩༧)ཞེས་གསལ་ཡོད་པས། གཅིག་ནས་སྤྱི་གཙུག་ཏུ་རྒོད་སྒྲོ་བརྒྱན་པས་གཅིག་ནས་རྟ་རྒྱུགས་པའི་སྐབས་སུ་བང་ཁ་བྱ་ལས་མགྱོགས་པའི་རྟེན་འབྲེལ་གྱི་བཤད་པ་དང་། གཉིས་ནས་བྱ་རྒོད་ནི་ལྷ་བྱ་ཡིན་པས་དེས་བྱ་བ་ལམ་ལྷོངས་ཡོང་བར་ཕན་ཞིང་རྒྱལ་ཁ་ཐོབ་པའི་མགོན་སྐྱོབ་བྱེད་པར་བརྩི་བས་རེད། གསུམ། བོན་གྱི་གྲུབ་མཐའ་ལ་དམིགས་བསལ་བྱ་མཇལ་ཞེས་པའི་དུས་ཆེན་ཡོད་དེ། དཔེར་ན། བོད་ཟླ་དང་པོའི་ཚེས་ལྔ་སྟེ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན(༡༣༥༦-༡༤༡༥)མཆོག་གི་འཁྲུངས་མཆོད་ཉིན་མོར་གདན་ས་གཙང་སྨན་རི་གླིང་དུ་སྟོད་སྨད་བར་གསུམ་གྱི་བོན་གྱི་དད་ལྡན་མང་ལྷན་དུ་འཛོམས་ཏེ་མཉམ་དུ་དུས་མཆོད་སྲུང་བརྩི་ཞུ་བ་དང་། སྐབས་དེར་མཉམ་མེད་བྱ་མཇལ་ཞེས་མཉམ་མེད་མཆོག་བྱ་རྒོད་ལ་སྤྲུལ་ནས་དངོས་སུ་དེར་འཕུར་ཡོང་བའི་བཤད་སྲོལ་ཡོད་པ་རེད། གཞན་ཡང་ཁྱུང་པོ་གཡུང་དྲུང་དཔལ་རི་དགོན་དུ་བྱ་མཇལ་དུས་ཆེན་ཞིག་ཡོད་ཅིང་། དེ་ནི་དྲན་པ་ཡབ་སྲས་གསུམ་བྱ་རྒོད་ཀྱི་གཟུགས་སུ་སྤྲུལ་ནས་ཕེབས་ཡོང་བར་ངོས་འཛིན་པ་རེད། དུས་ཚོད་ནི་བོད་ཟླ་ལྔ་པའི་ཚེས་བཅུ་བཞི་ཉིན་རེད། བཞི། བྱ་རྒོད་དང་འབྲེལ་བའི་གཏམ་དཔེ་དང་དམངས་གཞས། མགུར་གླུ། བྲོ་ཚིག་སོགས་ཧ་ཅང་མང་སྟེ། དཔེར་ན། ཞབས་དཀར་ཚོགས་དྲུག་རང་གྲོལ(༡༧༨༡-༡༨༥༡)ལགས་ཀྱིས་བརྩམས་པའི«བྱ་རྒྱལ་རྒོད་པོར་བླངས་པའི་མགུར»ཞེས་པ་ཞིག་ཡོད་ལ།«ཆབ་མདོའི་དམངས་ཁྲོད་གླུ་གཞས»ཞེས་པའི་དཔེ་དེབ་ཏུ་བྱ་རྒོད་དང་འབྲེལ་བའི་གཏམ་དཔེ་བརྒྱད་ཅུ་བསྡུས་འདུག དེ་ལས་ཁ་ཤས་དྲངས་ན། རྒོད་ཐང་དཀར་དུང་གི་ཐུ་ལུ་ཅན། །ཡར་འཕུར་ན་ནམ་མཁའི་རྒྱན་ཞིག་རེད། །མར་བབས་ན་བྲག་སྟེང་རྒྱན་ཞིག་རེད། །ཁྱོད་མེད་ན་བྲག་ཐེམ་སྟོང་པ་རེད། །ཅེས་དང་། བྲག་དཀར་སྟེང་གི་ཐང་དཀར་རྒོད། །ཤར་ཡུལ་འདབ་ཆགས་ཟིལ་གྱིས་གནོན། །གཤོག་དྲུག་རྒྱས་ཤིང་གླིང་བཞི་བསྐོར། །དཀར་རྫོང་བྲག་ལ་འཁོར་བར་ཤོག །ཅེས་གསལ་བ་ལྟ་བུ་རེད། ལྔ། «གེ་ཁོད་ལོ་ཕྲོམ་དམར་ཚན»ལས་མནོལ་ཐུབ་ཁྲག་སྣ་བཅུ་གསུམ་བསྟན་སྐབས“མནོལ་ཐུབ་བྱ་རྒོད་དཀར་མོའི་ཁྲག”(༢༩༡)ཅེས་བྱ་རྒོད་ཁྲག་གིས་མནོལ་གྲིབ་ཐུབ་པ་དང་མི་གཙང་བ་བཀྲུ་ཐུབ་པའི་ནུས་པ་ཡོད་པའི་སྐོར་བསྟན་ཡོད། དྲུག། བྱ་དུར་རམ་ཕུང་པོ་བྱ་སྦྱིན་གྱི་ལུགས་སྲོལ། བོད་ལ་དུར་འཇུག་གི་རིགས་ལྔ་ཡོད་པ་ལས་ཁྱབ་རྒྱ་ཆེ་ཞིང་གཙོ་བོ་རུ་སྣང་བ་ནི་ཕུང་པོ་བྱ་གཏོར་གཏོང་བ་ཡིན། ལམ་ལུགས་འདི་དེང་སང་ཞིབ་འཇུག་པ་རུ་ཁས་འཆེས་པ་འགས་ཕ་དམ་པ་སངས་རྒྱས་བོད་དུ་ཕེབས་ཏེ། དེ་ལས་བརྒྱུད་པའི་ཞི་བྱེད་གཅོད་ཀྱི་གདམས་པ་ལས་ཕུང་པོ་གཟན་བསྐྱུར་གྱི་ཕྱག་ལེན་མ་ཅིག་ལབ་སྒྲོན(༡༡༠༣-༡༢༠༡)གྱིས་ཉམས་ལེན་གནང་བ་ནས་བཟུང་བོད་ལ་བྱ་གཏོར་བྱེད་སྲོལ་བྱུང་བར་བཞེད་ཀྱང་། དེའི་གོང་རོལ་ཏེ་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ(༩༥༦-༡༠༧༧)མཆོག་གི་སྐུ་དུས་ནས་ཕུང་པོ་བྱ་གཏོར་བྱེད་པའི་ལམ་ལུགས་ཡོད་པ་གསལ་འདུག་པས། ལམ་ལུགས་འདི་གནའ་དུས་ནས་བོད་ལ་ཡོད་པ་འདྲ། གཞན་ཡང་འདབ་ཆགས་ཤ་ཟན་སྣ་ཚོགས་ཡོད་པ་ལས་དམིགས་བསལ་བྱ་རྒོད་ལ་ཕུང་པོ་སྦྱིན་པ་འདི། བོད་མིས་ལྷ་རྒོད་ལྷ་བྱ་རུ་བརྩི་བའི་ལམ་ལུགས་དང་འབྲེལ་བ་དམ་ཟབ་ལྡན་ཡོད། ལམ་ལུགས་འདི་བོད་ཁམས་ཕལ་ཆེར་ལ་ཁྱབ་ཡོད་ཅིང་། རྒྱལ་རོང་དུ་ལམ་ལུགས་འདི་གཙོ་ཆེ་བར་བཤད་འདུག རྒྱལ་རོང་ནི་བོན་བསྟན་ཡུན་རིང་དར་མྱོང་བའི་ས་ཁུལ་ཞིག་ཡིན་ལ། དུས་ཕྱིས་སུ་མ་གཏོགས་བོན་བསྟན་ཁོ་ན་དར་བ་ཞིག་ཀྱང་རེད། ཚ་རོང་དུ་དུར་ཁྲོད་མང་པོ་ཡོད་ལ། བྱ་གཏོར་དང་བྱ་རྒོད་ལ་འབྲེལ་བའི་གཏམ་རྒྱུད་ཀྱང་ཡོད་པ་རེད། གནའ་བོའི་བོད་སྡེ་རུ་གཏོགས་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཁུལ་གྱི་ལྷོ་ཕྱོགས་སུ་ཆགས་པའི་ས་དཀར་སྡེ་བས་མེས་པོའི་ལམ་སྲོལ་ལྟར་ཕུང་པོ་བྱ་རྒོད་ལ་སྦྱིན་པ་འདི་དག་གིས་ཤེས་ཐུབ་པ་ནི། བྱ་གཏོར་ལམ་ལུགས་ནི་གནའ་སྔ་མོ་ནས་བོད་ལ་ཡོད་པ་ཞིག་ལས་དུས་རབས་བཅུ་གཉིས་པའི་གཡས་གཡོན་དུ་གསར་དུ་བྱུང་བ་མ་ཡིན་པ་རྟོགས་ཐུབ། བོད་ཀྱི་བཙན་པོ་གནམ་གྱི་ཁྲི་བདུན་དམུ་ཐག་ལ་འཇུས་ནས་དགུང་ལ་ཕེབས་བའི་བཤད་སྲོལ་ཡོད་པ་དེར་ཁ་ཤས་ཀྱིས་ཕུང་པོ་མེར་བསྲེག་བཏང་བར་འདོད་མོད། མེ་དུར་གྱི་ལམ་ལུགས་འདི་གསང་སྔགས་ཆོས་ལུགས་དང་འབྲེལ་བ་དམ་ཟབ་ལྡན་ལ། སྔར་སྲོལ་ལྟར་ན་ཆོས་པས་སྐྱེས་བུ་ཆེན་པོ་རུ་འདོད་པ་དག་ད་གཟོད་མེ་དུར་བྱེད་པ་ལས་གང་ཟག་ཕལ་པ་དག་མེ་དུར་བྱེད་པའི་ལམ་ལུགས་ཕལ་ཆེར་མེད་པ་རེད། དེ་བས་དམུ་ཐག་ལ་འཇུས་ནས་དགུང་ལ་ཕེབས་པའི་བཤད་སྲོལ་འདི་བྱ་གཏོར་དང་འབྲེལ་བ་ཏན་ཏན་ཡོད་སྙམ་མོ། །
དྲུག་པ། བྱ་རྒོད་ལྷ་བྱ་རུ་འདོད་པའི་རྒྱུ་མཚན།
       གཅིག དེ་ཡང་འཛམ་གླིང་ཤར་ནུབ་ཀྱི་གདོད་མིའི་མི་རིགས་ཐམས་ཅད་ལ་རིགས་དབྱེའི་མ་ལག་ལྡན་ཞིང་། མ་ལག་འདི་ཉིད་སྲོག་ཆགས་དང་སྐྱེ་དངོས་སོགས་ཀྱི་ཁོངས་སུ་བཀོལ་སྤྱོད་བྱས་ཡོད། བོད་རིགས་ལ་མཚོན་ན་རིགས་དབྱེའི་མ་ལག་འདི་ཉིད་ཤེས་བྱ་དང་དངོས་པོའི་ཁྱབ་ཁོངས་སོ་སོར་ཤུགས་ཆེར་བེད་སྤྱོད་བྱས་འདུག སྒོས་སུ་འདབ་ཆགས་ཀྱི་རིགས་ལའང་མ་ལག་འདི་ཉིད་བེད་སྤྱོད་བྱས་ཡོད་དེ། «དྲི་མེད་གཟི་བརྗིད»ལས“འདབ་ཆགས་རྒྱལ་པོ་མཁའ་ལྡིང་བྱའུ་དང་། ཡིད་ལས་སྤྲུལ་པའི་བྱ་མ་གུང་རྒྱལ་གཉིས་འཚོས་པ་ལ། བུ་བཞི་ཡོད་པ་ལས། ཤ་ཟན་དང་། འདམ་ཟན་དང་། སྤུ་སྡུག་དང་། སྐད་སྙན་དང་བཞི་ཡོད་དོ། །”(༥༣)ཞེས་འདབ་ཆགས་ལ་རིགས་བཞི་རུ་ཕྱེས་ཡོད། གཞན་ཡང་བོན་གྱི་གནའ་དཔེ་ཁག་ལས་འདབ་ཆགས་ཀྱི་རིགས་ལ་ལྷ་བྱ་དང་བདུད་བྱ། བཙན་བྱ་སོགས་ཀྱི་རིགས་དབྱེ་སྟངས་ཡོད་པ་རེད། དཔེར་ན། ལྷ་བྱ་གོང་མོ་དང་བཙན་བྱ་འུག་པ། བདུད་བྱ་སྐྱུང་ཀ་ལྟ་བུ་རེད། «ཧོར་གླིང་གཡུལ་འགྱེད»ལས“ཁྲ་བོ་གླིང་གི་ས་ཆ་ན། །བྱ་ཁྭ་ཏ་ཡེ་ནས་མི་དར་ཏེ། །ད་ནངས་ཐན་བྱ་འདི་འདྲ་བྱུང་། །”(༥)ཞེས་ཁྭ་ཏ་ནི་ཐན་བྱ་ཡིན་པ་དང་། “བླ་བྱ་ཁྲུང་ཁྲུང་དཀར་མོ་གསུམ། །གོང་མ་ལྷ་ཡི་ཕོ་ཉ་རེད། །”(༤༧༨)ཅེས་ཁྲུང་ཁྲུང་ནི་ལྷ་བྱ་ཡིན་པའི་སྐོར་བཀོད་ཡོད། རིགས་དབྱེ་འདི་ནི་གཙོ་བོ་འདབ་ཆགས་ཀྱི་ཁ་དོག་དང་འབྲེལ་བ་དམ་ཟབ་ལྡན་ཡོད། ཁ་དོག་ལ་རིགས་མང་ཡང་གཙོ་བོ་ནི་གསུམ་སྟེ། དཀར་པོ་དང་དམར་པོ། ནག་པོ་བཅས་ཡིན། བོད་མིའི་འདུ་ཤེས་འཛིན་སྟངས་ཁྲོད་དུ་དཀར་པོ་ནི་ཞི་བ་དང་ལྷོད་པ། དགེ་བ་དང་ལེགས་པ། བཀྲ་ཤིས་པའི་མཚོན་བྱེད་དུ་ལྟ་བ་རེད། བོན་དཔེ་ཁག་ནས་ལྷ་ཀླུ་བདུད་བཙན་བཞི་ལས་ལྷ་ལ་ཁ་དོག་དཀར་པོ་སྦྱར་ཡོད། ལྷ་ནི་གདུག་རྩུབ་དང་ཁྲོ་བའི་རྣམ་པ་མ་ཡིན་པར་སྙིང་རྗེ་དང་ཞི་བའི་སྣང་བརྙན་དུ་བཞེངས་ཡོད་ལ། དེ་བཞིན་དུ་བཀྲ་ཤིས་པའི་མཚོན་བྱེད་ལ་གོས་དཀར་པོ་གྱོན་པ། དར་དཀར་པོ་བསྒྲོན་པ་སོགས་ཁ་དོག་དཀར་པོ་དང་འབྲེལ་བའི་ལུགས་སྲོལ་མང་དུ་མཆིས། ཁ་དོག་དམར་པོ་ནི་ཁྲོ་བ་དང་བཙན་པ་རྒོད་པའི་མཚོན་བྱེད་དེ། ལྷ་ཀླུ་བདུད་བཙན་བཞི་ལས་གཙོ་བོ་བཙན་ལ་སྦྱར་ཡོད། གཏོ་ཆོག་ཁག་ལས་བཙན་ནི་སྐུ་མདོག་དམར་ཞིང་ཁྲོ་བ་དང་མི་སྡུག་པའི་རང་བཞིན་ཅན་དུ་བསྐྲུན་ཡོད་ལ། བྲག་རི་དམར་པོ་ལ་བརྟེན་བཅའ་ཞིང་འགྲས་པའི་དགྲ་ལ་དྲག་རྩུབ་ཀྱི་ལས་འགྱེད་མཁན་ཞིག་རེད། བོད་མིས་བྲག་དམར་པོ་དག་ལ་བཙན་གནས་ཡོད་པར་འདོད་ནས་དམིགས་བསལ་དོགས་ཟོན་བྱེད་སྲོལ་ཡོད། ཁ་དོག་ནག་པོ་ནི་བདུད་ཀྱི་རིགས་ལ་སྦྱར་ཡོད་ལ། བདུད་ནི་མདོག་ནག་པོ་དང་མུན་པ་དང་བསྡོངས་ནས་འགྲོ་སྐྱོད་བྱེད་པ། ལས་སུ་མི་དགེ་བའི་རིགས་ཁོ་ན་བྱེད་མཁན་ཞིག་ཏུ་ལྟ་བ་རེད། དཀར་ནག་གཉིས་ནི་ཁ་གཏད་དུ་གནས་པ་ཞིག་ཡིན་ཏེ། ནག་པོས་མི་དགེ་བ་དང་བཀྲ་མི་ཤིས་པ་སོགས་མཚོན་ཡོད། བོད་མིས་ཁ་དོག་ལ་བཟུང་བའི་འདུ་ཤེས་འདི་འཚོ་བ་དང་རིག་གནས། གོམས་སྲོལ་ཐ་དག་ལ་ཁྱབ་ཡོད། འདུ་ཤེས་འདི་དག་ལ་མིའི་རིགས་རིག་པ་སྨྲ་བ་ཝེ་ཁོ་ཏུའོ•ཐེ་ན(༡༩༢༠-༡༩༨༣)ལགས་ཀྱིས་ཁ་དོག་གི་མཚོན་བྱེད་སྐོར་ནས་བཤད་པ་དང་མཐུན་པའི་ཆ་མང་པོ་མཆིས་ཡོད། དེར་བརྟེན། བྱ་རིགས་ལས་ཁ་དོག་དཀར་པོ་ཅན་ནི་ལྷ་བྱ་དང་ནག་པོ་ནི་བདུད་བྱ། དམར་པོ་ནི་བཙན་བྱའི་རིགས་ཡིན། བྱ་རྒོད་ནི་སྤུ་མདོག་དཀར་པོའི་རིགས་སུ་གཏོགས་པས་ཕྱོགས་ངེས་ཅན་ཞིག་ནས་ཁ་དོག་གི་དབང་གིས་ལྷ་བྱ་རུ་གྱུར་པ་རེད།
       གཉིས། «དྲི་མེད་གཟི་བརྗིད»ལས“ཀང་ཀ་བཙུན་ཏེ་རྒྱལ་ཁམས་བགྲོད་ལ་དགའ།”ཞེས་དང་།“རྒོད་པོ་འདྲ་བའི་གཤོག་རྒྱང་ཞིག་ཡོད་དམ།”(༦༢)ཞེས་བྱ་རྒོད་ནི་ཚུལ་བཙུན་པ་དང་ཐུན་མིན་གྱི་གཤོག་རྩལ་མངའ་བ་བཤད་ཡོད། གཞན་ཡང་བོད་ཀྱི་གཏམ་དཔེ་དང་ཡིག་ཚང་ཁག་ནས་བྱ་རྒོད་ནི་འདབ་ཆགས་ཐམས་ཅད་ལས་གཤོག་རྩལ་ཆེས་ལེགས་ཤོས་དེ་ཡིན་པའི་སྐོར་མང་དུ་འཁོད་ཡོད། གཞན་ཡང་བྱ་རྒོད་ལ་དམིགས་བསལ་གྱི་ཤ་མིག་ལྡན་པ་དང་། འཕུར་ཡུན་རིང་ཞིང་འཕུར་ཚད་མཐོ་བ། བྲག་རིར་གནས་བཅའ་བ། གྲང་ངར་ཐུབ་པ། སྲོག་ཆགས་གསོན་པོ་ལ་གནོད་མི་སྐྱེལ་བ་སོགས་ཀྱི་ཁྱད་ཆོས་འདི་དག་གིས་བོད་མིའི་ཡིད་ཀྱི་དང་བ་དྲངས་ཤིང་སེམས་ཁོངས་སུ་བྱ་རྒོད་ནི་དམིགས་བསལ་གྱི་སྲོག་ཆགས་ཤིག་ཏུ་གྲུབ་ཡོད། གསུམ། བྱ་རྒོད་ནི་མཚོ་ངོས་ལས་རྨིད༢༥༠༠ནས༥༠༠༠བར་གྱི་མཐོ་སྒང་དུ་འཚོ་གནས་བྱེད་པའི་སྲོག་ཆགས་ཤིག་ཡིན་ལ། བོད་ཀྱི་ས་ཁམས་ཆགས་ཚུལ་དང་རང་བྱུང་བཀོད་པ་དང་འཚམ་ཡོད་ལ། བོད་ཁམས་ས་ཁུལ་ཕལ་ཆེར་ལ་རྒྱུན་མཐོང་དུ་གྱུར་པའི་བྱ་རིགས་ཤིག་ཆགས་ཡོད། འདི་དག་ནི་བོད་མིས་བྱ་རྒོད་ལྷ་བྱ་རུ་བཀུར་བའི་རྒྱུ་རྐྱེན་དུ་གྱུར་ཡོད་སྙམ་མོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།