«རྩྭ་ཐང་གི་ཉིན་ཐོ»ཁག་དང་པོ་འབྲི་དུས་ཀྱི་ཀུན་སློང་།

རྩོམ་པ་པོ།:གཡང་འཚོ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-06-05 08:49:36 ཀློག་གྲངས།:
༡ རྒྱབ་ལྗོངས།
       ཕྱིར་འདང་ཞིག་བརྒྱབ་ན། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་ཞེས་ན། གནའ་གནའ་ཞིག་གི་སྣང་བ་སྟེར། ལོས་ཡིན་ཡ། དེ་ནི་ལོ་ངོ་སུམ་བཅུ་སོ་དྲུག་གི་སྔོན་ཡིན། སྐབས་དེར་མཚོན་ན། སྤྱི་ཚོགས་གསར་བ་ཡིན་མོད། རིག་གནས་གསར་བརྗེ་ཡོལ་ཙམ་ཡིན་པས། ཡོད་ཚད་གཙང་ཕྱག་བྱས་པའི་ཤུལ་དུ་ལུས་ཡོད་པ་ནི།   རང་རང་གི་སེམས་གཏིང་དུ་དམ་པོར་བསྙལ་བའི་ཕ་མེས་ཡང་མེས་ཀྱི་བཅའ་ཁ་ཕྱག་ལེན་དང་འདོན་ལྟ་དབྱངས་གསུམ་ཡིན། དེ་ལྟར་ན་ཡང་། སྲོལ་རྒྱུན་གྱི་གོར་མོ་ཆེ་དེར་ད་རུང་ཁ་དེ་འདྲའི་ཆེན་པོ་ཞིག་བཏོད་ཐུབ་མི་འདུག་ཅེས་བཤད་ཆོག་པས། བུ་མ་སྨྱོས་ཙམ་ཞིག བུ་མོ་མ་ཀློའུ་ཙམ་ཞིག་ཅེས་པའི་གཏམ་དཔེ་འདིས་རྩྭ་ཐང་དུ་གོ་ས་ངེས་ཅན་ཞིག་བཟུང་ཡོད། རྒད་པོ་ཚོ་རྒོད་པོ་འཚོགས་འཚོགས་བྱས་ནས། བར་བ་རྣམས་རི་སྤྱང་འདུར་འདུར་བྱས་ནས། བུ་མོ་ཚོ་བཤའ་ལུག་འཛིན་འཛིན་བྱས་པའི་བག་སྟོན་གྱིས་རྩྭ་ཐང་ལ་གླུ་ལེན་གར་རྩེད་སྦྱིན་དང་སྦྱིན་བཞིན་པ་དང་། བག་གསར་དག་གི་ལས་དབང་གི་མིག་ཆུ་དེ་འབྲོག་ས་དྲོན་མོའི་འོ་ཞོ་ལ་འདྲེས་དང་འདྲེས་བཞིན་པ། ལྕི་འཕུད་ཐང་ལས་དང་བཀལ་འཁེལ་འཐག་གསུམ་གྱིས་ཁོ་མོ་ཚོའི་ལང་ཚོ་ཁྱུར་མིད་དུ་ཟ་དང་ཟ་བཞིན་པ། ད་རུང་། གུམ་གུམ་རི་བོང་ཙོག་ཤེས་དང་སུག་སུག་ཝ་མོ་འདུར་ཤེས་སོགས་ཀྱི་སྲོལ་རྒྱ་ཡིས་ཁོ་མོ་ཚོའི་རང་དབང་སྒྲོག་ལ་རྒྱག་དང་རྒྱག་བཞིན་པ་མཐོང་ན་སུ་ལ་མིག་ཆུ་མི་འཆོར།
༢ ཀུན་སློང་།
       ངས་སྐྱོ་གར་གྱི་མིག་ཆུ་ལྗིད་མོ་འདི་ཁུར་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྒོ་ཆེན་དུ་འཛུལ། ཁོ་མོ་ཚོའི་ལས་དབང་གི་སྐྱོ་གར་རེ་རེ་ངའི་མིག་ལམ་ནས་ཡང་དང་བསྐྱར་གྱིས་འཁྲབ་ལ། ཕ་ཁུ་རི་རྒྱལ་ལྷུན་པོ་དག་གི་གསུང་གི་རྔ་ཆེན་དེ་ཡང་ངའི་དམར་ཆུང་སྲོག་གི་འཕར་ལྡིང་ལ་སྡེབས་ནས་ཡང་དང་བསྐྱར་གྱིས་བརྡུང་།
       ཆུང་ཆུང་ལུ་གུ་འཚོ་རོགས། ཡང་ཆུང་མེ་ཏོག་འཐུ་རོགས། ཤབ་ཤུབ་སྙིང་གཏམ་བཤད་རོགས། རྩེད་ར་གྲུ་བཞིའི་རྩེད་རོགས། ཁོ་མོ་ཚོས་སློབ་གྲྭའི་སྒོ་མོ་ཙམ་ཡང་མཐོང་མ་ཐུབ་པར། གོས་ཚར་གོས་ལྭའི་ཤོམ་ལྭ་གོན་ནས། དར་ཚོན་སྣ་ལྔའི་རྒྱབ་དར་བཏགས་ནས། གྲ་ཡག་གི་ཝ་ཞྭ་གོན་ནས། ཡིད་འོང་གི་ངོ་གདོང་བསུམ་ནས། མིག་ཆུ་གཞུང་ཆུར་བསྲེས་ནས། ཐོད་པའི་ཁ་ཡིག་ཁྱེར་ནས། ཆ་མེད་ཀྱི་ཁྱོ་བོ་བསྙེགས་དུས། ཁོ་མོ་ཚོས་ངའི་རྣ་རྩ་ལ་གཅིག་གྱུར་གྱི་གསང་བ་ཞིག་བསྐྱུར་བ་ནི། “ཁྱོད་ནི་ངོ་མ་ལས་ཆེན་ཞིག་རེད།”ཟེར།
       ཅི་མ་བདེན། སྐབས་དེར་མཚོན་ན། ང་ནི་ངོ་མ་ལས་ཆེན་ཞིག་རེད། ལས་ཆེན་ཡིན་པས་སློབ་གྲྭའི་སྒོ་མོ་འགྲིམ་ཐུབ་སོང་། ལས་ཆེན་ཡིན་པས་གྲོང་ཁྱེར་ཆེན་པོའི་གཟི་ཉམས་མཐོང་ཐུབ་སོང་། ཡིན་ཡང་། ང་ལ་ཡང་ལོ་རྒྱུས་ལོས་འདུག སློབ་ཆུང་མཐར་ཕྱིན་མ་ཐག ཨ་མས་ང་ལ་མག་པ་ལེན་རྩིས་ཡོད་པས། གོས་ཚ་རུ་དང་གཡུ་བྱུ་རུས་ང་ལ་སྔར་ནས་སྒུག་ནས་འདུག ཨ་པ་དབང་ཆེན་ལགས(ཨ་ལྕེ་ཡི་སྐྱེས་པ། ལས་བྱེད་ཅིག་ཡིན།)ཀྱིས་ཁ་ཝུ་བ་དང་ཀླད་པ་དར་བ་བྱས་ནས་ཨ་མར་སློབ་གསོ་བཏང་བཏང་མཐར་ད་གཟོད་ང་སློབ་འབྲིང་དུ་འགྲོ་ཐུབ་སོང་། དྲིན་ཅན་ཁོ་མིན་རྒྱུ་ན། ངའི་རྩ་རུ་ཡང་ཆ་མེད་ཀྱི་ཁྱོ་བོ་ཞིག་ཁྲིད་ཡོང་འདུག་པ་ཐག་གིས་ཆོད།
       ད་ལྟ་ཡིན་ན། སློབ་ཆེན་ལ་རྒྱུགས་འཕྲོད་པ་ནི་དགའ་འོས་པའི་དོན་ཆེན་ཞིག་ཡིན། ཕ་མ་ལ་དྲིན་ལན་སློག་པ་དང་འདྲ། ཡིན་ཡང་། སྐབས་དེར་ངའི་ཨ་མའི་མགོ་ལ་ཐོག་གིས་བརྒྱབ་པ་དང་འདྲ། གཉེན་མི་རྣམས་ལ་གློ་ཞགས་ཁེལ་བ་དང་འདྲ།
       “སློབ་གྲྭ་དེར་འགྲོ་རྒྱུ་ཞིག་ཡོད་དུས། འུ་མ་སྨད་གཉིས་ལ་ཤི་ཁ་བསྲེ་དང་། གསོན་ངོ་ཐུག་མེད།”ཅེས་ཨ་མས་དམོད་ཚིག་འདི་ཕང་དེ་སོང་།
       “ཨ་ཧོ། ཐོད་མདའ་སྤྲོད་རྒྱུ་མ། ཚེ་འཆད་རྒྱུ་མ། ཁྱོད་ཀྱིས་ཨ་མ་བསྐྱུར་ནས་རྒྱ་ཁོག་སྐམ་པོ་དེར་ཅི་བྱེད་དུ་འགྲོ་བ་ཡིན། རྩྭ་ཟ་རུ་འགྲོ་བ་ཡིན་ནམ། ཆུ་འཐུང་དུ་འགྲོ་བ་ཡིན། རྩྭ་ཟ་རྒྱུ་ཡང་མེད་པ་ལོས་ཡིན། དེ་མིན། དེ་ལ་རྒྱ་ཁོག་སྐམ་པོ་ཟེར་རམ། དེ་རིང་ང་ཁྱོད་ཀྱི་སྒྱིད་པར་མི་འཐམ་ན།”ཞེས་ངའི་མ་ཕྱོགས་ཀྱི་ཨ་ནེ་ཞིག་ངའི་སྟེང་དུ་ཤོར་བྱུང་བས། སྐབས་དེར་ང་སྐྲག་ནས་བྲོས་སོང་མོད། ད་ལྟ་འདང་བརྒྱབ་ན་ངོ་མ་དགོད་བྲོ་བ་ཞིག་རེད། སློབ་ཆེན་ལ་འགྲོ་བའི་སྔ་མོ་དེར་ངའི་ཞང་བོས་སྤོ་ངོ་འཇིགས་པོ་ཞིག་བཟུང་ཏེ་ཤོར་ནས་ཐོན་བྱུང་། ངའི་ད་ལྟའི་ཁྱོ་བོ་ལ“ཨ་རོ་བྱི་ལི། ཁྱོད་ཀྱིས་ཚེ་ཟད་མ་འདིའི་རོ་ངེས་པར་དུ་འཕེན་ས་དེར་འཕེན་ཡག་བྱོས། ཨོ་ལེ། བཤད་རྒྱུ་ཞིག་ཡོད་པ་ནི། ཁྱོད་ལ་ཡང་སྲོག་འགན་ཡོད། གཉའ་ནས་མི་སྒུལ།”ཞེས་ཞེ་སྡང་གི་མཛུབ་མོ་འགའ་བཙུགས་པ་ན། རེས་འཁོར班车ནང་གི་མགྲོན་པོ་རྣམས་ཧ་ལས་ཏེ་ཧད་ནས་བསྡད།
       དྲང་མོར་བཤད་ན། ང་རང་ཉིད་ཀྱང་རྟ་སྒྲོག་ཤོར་དང་བྱ་རྙི་ཤོར་ཡིན་པས་སློབ་ཆེན་སྐབས་སུ་ད་རུང་འདར་སིག་སིག་གི་སྣང་བ་སྟེར། འདི་འདྲའི་སེམས་ཁམས་ཀྱི་འོག་ནས་ངས་རྩྭ་ཐང་གི་ཉིན་ཐོ་ཞེས་བུད་མེད་ཀྱི་ཁེ་དབང་མཚོན་པའི་སྒྲུང་ཐུང་ཞིག་འབྲི་རྒྱུ་ཡིད་ལ་ཅི་ལྟར་དྲན་བྱུང་ཞེས་ན། དག་དག་དུས་དེར། ངའི་ཕ་མ་མིང་སྲིང་གི་ཨ་ལྕེ་ཞིག་གིས་བྱིས་པ་གསུམ་བསྐྱུར་དེ་རང་གི་དགའ་རོགས་དང་མཉམ་དུ་ཆུ་ལ་ལྕེབས་བྱུང་། འདིར་ཐོན་ན། ངས་ཁྱོད་ཚོར་སྒྲུང་གཏམ་ཐུང་ཐུང་ཞིག་བསྡུས་ནས་བཤད་དགོས་བྱུང་། ཨ་ལྕེ་དེ་ནི་ངོ་མ་མིག་ཕར་བལྟས་ཕྱིར་ལ་མི་ལོན་པའི་ཡག་སྨན་ཞིག་ཡིན། ཁོ་མོའི་ཕ་མ་གཉིས་ཀྱིས་མོ་བུ་ཕྲུག་མེད་པའི་བཟའ་ཟླ་གཉིས་ལ་བུ་སྐལ་དུ་བྱིན་མོད། རྗེས་སུ་བཟའ་ཟླ་འདི་གཉིས་ཀྱིས་བྱིས་པ་མང་བོ་བཙས་བྱུང་བས། ཁོ་མོ་ད་གཟོད་ལོ་ཆེ་ལ་ཡག་མེད་པའི་ལས་བཟོ་བ工人ཞིག་ལ་བག་མར་བྱིན། ངེད་གཉིས་ལ་གསང་གཏམ་མང་བོ་ཡོད་མོད། མོས་ཆེས་ཆུང་བའི་བྱིས་པ་དེ་བཙའ་དུས་ང་ལ་བཤད་པའི་གསང་གཏམ་དེ་ངེད་གཉིས་ཀྱི་ཆེས་མཐའ་མའི་སྙིང་གཏམ་དུ་གྱུར། སྐབས་དེར་ངས་མོ་ལ།
       “ཡག་མེད་ན་མེད། ལོ་ཆེ་ན་ཆེ། ཁྱོད་ལ་གཅེས་བྱུང་ན་དེ་རེད། ད་རུང་ཁོ་ལ་ཟླ་ཕོག་འདུག་པས། ཁྱོད་ཉལ་ནས་འདུག་མི་ཐུབ་བམ། ཨ་རོ། འདང་རྒྱོབས། བྱིས་པ་བདུན་ད་ཕྲུག་ཏུ་གཏོང་དགོས། ངོ་མ་སྐྱིད་བྱུང་ན་ལྕེབས་བཏང་ན་འདོད་ཟེར་བ་ཁྱོད་རེད།”ཅེས་ཁ་ཏ་སློབ་གསོ་གཏོང་ཁུལ་བྱས། ལོ་གཉིས་མ་འགོར། ཁོ་མོ་དངོས་གནས་ལྕེབས་བྱུང་། བཙོག་པོར་བཤད་ན་ངས་ཁོ་མོར་འཆི་ལྕེབས་གསལ་འདེབས་བྱས་པ་དང་འདྲ། གླེན་མ་ང་། ཁ་ཏ་ཡང་བྱེད་མི་ཤེས། ངས་མོ་ལ་རང་མི་དགའ་བ་དེར་འཐོར་བཏང་ཆོག རང་དགའ་བ་དེར་འགྲོགས་དང་ཆོག གལ་ཏེ་ས་འདིར་འདུག་ཐབས་མེད་ན་ལྡོམ་ཡང་ཆོག་ཅེས་ཅི་ལ་བཤད་མ་ཐུབ། ཨ་ཧོ། སྡུག་ནས་ལྕེབས་པ་ལས་སྐྱིད་ནས་ལྕེབས་པ་ཞིག་གང་ན་ཡོད། ངས་རང་ལ་ལས་བདའ་བྱས། མིག་ཆུ་གཞུང་ཆུར་བསྲེས། རེད་ཡ། ཡ་ང་བའི་དོན་རྐྱེན་འདི་ང་ལ་མཚོན་ན་མེ་ཡི་སྟེང་དུ་སྣུམ་གསེས་སུ་གྱུར། བློ་འགྱོད་སྐྱེ་བཞིན། མཆི་མ་འདོན་བཞིན། ངས་རྩྭ་ཐང་བུ་མོ་ཡོངས་ཀྱི་ལས་དབང་ཕྱོགས་གཅིག་ཏུ་བསྡུས། སེམས་པའི་གཏིང་ནས་ལོག་ལོག་བྱས། ངས་ཡིད་སྐྱོ་བའི་མི་ཚེ་རེ་རེ་ཉིན་གཅིག་ལ་བསྡུས། ཉིན་གཅིག་གི་ཉིན་ཐོ་རུ་བཏང་། དེ་བས། རྩོམ་འདི་ལ་རྩྭ་ཐང་གི་ཉིན་ཐོ་ཞེས་བཏགས།
༣ བྱུང་རིམ།
       སྒྲུང་གཏམ་ལ་མཚོན་ན། སྒྲུང་གི་བྱུང་རིམ་ནི་གལ་ཆེན་ནང་གི་དོན་ཆེན་དང་དོན་ཆེན་རི་མོའི་སྐྱ་ཐིག་ཡིན་པར་འདོད། དེ་བས། ངས་ཨ་ཁུ་ནོར་འབུམ་གྱིས་སུ་ལ་ཡང་མ་དྲིས་པར་རང་གི་དབུས་གྲོགས་རོང་བ་ཞིག་ལ་བུ་མོ་སྒྲོལ་དཀར་བཙན་ཤེད་ཀྱིས་མནའ་མར་བྱིན་པ་བརྒྱུད་ནས། རྩྭ་ཐང་དུ་ཆེས་རྒྱུན་ལྡན་དུ་རློམ་པའི་ཕོ་མཆོག་མོ་དམན་གྱི་ལྟ་བ་དེ་འཚོ་བའི་བསྡུས་སྙིང་དུ་བཞེངས་པའི་འབྲོག་པ་འབྲོག་མོ་འགའ་ཡི་དལ་ལྷོད་ལྷོད་ཀྱི་འཚོ་བའི་ཁ་བརྡའི་ཁྲོད་ནས་ལྷུང་པར་བྱས་པ་ཡིན། བལྟས་པ་ཙམ་གྱིས་འདི་ནི་བྱུང་རིམ་ཆེས་ཐུང་བའི་རྩོམ་ཐུང་ཞིག་ཡིན་པར་འདོད་མོད། ཆེ་ཡིན། འདི་ནི་ཆེས་རིང་བའི་གནའ་གཏམ་ཞིག་ཡིན།
༤ སྐད་ཆའི་སྒྱུ་རྩལ།
       ངས་ཐོག་མར་རྩོམ་འདི་འབྲི་དུས། བསམ་དམིགས་ནས་གཏམ་དཔེ་ལ་སྦྱར་ནས་འབྲི་རྒྱུ་ཡིན་ཞེས་ཡིད་ལ་དྲན་མ་མྱོང་། ཨ་ཁུ་ནོར་འབུམ་འདྲ་བའི་སྐབས་དེའི་འབྲོག་པའི་རྒད་པོ་དག་འབྲི་དགོས་ན། ཁོ་ཚོའི་ཁ་ནང་ནས་ངེས་པར་དུ་ཐོན་དགོས་པ་ནི་གཏམ་དཔེ་ཡིན་དགོས། ཅི་ལ་ཞེ་ན། དེ་ནི་ཁོ་ཚོའི་སྐད་ཆ་དངོས་ཡིན། སྐད་ཆའི་སྒྱུ་རྩལ་ཞེས་ན་འབྲོག་པ་ཚོས་ཧ་མི་གོ་ན་ཐང་། ཡིན་ན་ཡང་། ཁོ་ཚོའི་ཁ་ནང་ནས་ལྷུང་བཞིན་པ་ནི་སྒྱུ་རྩལ་ཡིན། སྒྱུ་རྩལ་ནང་གི་ཡང་རྩལ་དག་དག་ཡིན། ཀུན་གྱིས་ང་ལ། ཁྱོད་ཀྱི་བརྩམ་སྒྲུང་གི་སྐད་ཆའི་སྒྱུ་རྩལ་ཡ་མཚན་པོར་འདུག་ཟེར་མོད།  ཆེ་ཡིན། དེ་ནི་འབྲོག་པ་ཚོའི་སྐད་ཆའི་སྒྱུ་རྩལ་ཡ་མཚན་པས་རེད། དཔེར་ན། གོས་ཡག་དཔེ་མེད་པ་ཞིག་གིས་ལྭ་བ་བཟོ་ན། ཡག་མིན་གོས་ལ་ཐུག་འདུག་ལ། འགྲིག་མིན་བཟོ་བ་ལ་རེག་ལས་འདུག དེ་བས། ང་ལ་བཟོ་བ་ལག་བདེ་ཞིག་རེད་ཅེས་བཤད་ན་ཆོག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།