སྐྱེ་རྒུ་མདོའི་གེ་སར་ལྷ་ཁང་གི་རྗེས་ཤུལ་འཚོལ་བ།
རྩོམ་པ་པོ།:དབང་ཆེན་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-09-10 08:30:20
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི2025ལོའི་མཚོ་སྔོན་ཞིང་ཆེན“ཁུ་ནུའི་འཇོན་མི་མཐོ་རིམ་གསར་གཏོད་དང་ལས་གཏོད་འཇོན་མི”རྣམ་གྲངས་ཀྱི་མཆོག་གྱུར་འཇོན་མི་གསོ་སྐྱོང་དང་། 2025ལོའི“ནུབ་རྒྱུད་འོད་སྣང”གི་འཚམས་འདྲིའི་མཁས་པའི་ཡུལ་དངོས་བརྟག་དཔྱད་ཚོ་ཆུང་དེ་སྤྱི་ཟླ8པའི་ཚེས7ཉིན་གྱི་སྔ་དྲོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་སྐྱེ་རྒུ་གྲོང་རྡལ་དུ་གེ་སར་ལྷ་ཁང་གི་རྗེས་ཤུལ་འཚོལ་དུ་སོང་བ་ལགས།

གེ་སར་རིག་གནས་དར་ཁྱབ་ཡོད་པའི་ས་ཁུལ་ཞིག་ལ་མཚོན་ན། གླིང་རྗེ་གེ་སར་རྒྱལ་པོར་དད་མོས་ཀྱི་དབང་གིས་གེ་སར་ལྷ་ཁང་བཞེངས་པའི་སྲོལ་ཞིག་དར་ཡོད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་མཚོན་ནའང་གེ་སར་རིག་གནས་ཀྱི་རྣམ་པ་ཕུན་སུམ་ཚོགས་ཤིང་དར་ཁྱབ་ཆེན་པོ་སོང་འདུག །དེ་སྔ་ཡུལ་ཤུལ་ཁུལ་སྡོད་སའི་སྐྱེ་རྒུ་མདོ་ནའང་གེ་སར་ལྷ་ཁང་ཞིག་ཡོད་ཅིང་། དེའི་འགྲམ་དུ་ལྕང་སྡོང་ཆེན་པོ་ཞིག་བཙུགས་ཡོད་པར་གོ་ཐོས་ཡོད། ཐེངས་འདིའི་ཡུལ་ཤུལ་ཁུལ་གྱི་མངའ་ཁོངས་སུ་གེ་སར་རིག་གནས་དང་འབྲེལ་བའི་ཡུལ་དངོས་བརྟག་དཔྱད་བྱེད་པའི་སྐབས་སུ་དེའི་སྐོར་ལ་རྒྱུས་ལོན་ཅུང་ཙམ་བྱེད་པའི་གོ་སྐབས་ལྡན་སོང་།

དེར«ཡུལ་ཤུལ་ཁུལ་དུ་བཞེངས་པའི་འཛམ་གླིང་གེ་སར་རྒྱལ་པོའི་སྐུ་གཟུགས་ཆེན་མོ»ལས། “སྐྱེ་ཁུངས་དང་སྡོད་གནས་ཀྱེ་སྐུ་ཡིན་པའི་རྒན་རབས་རྣམས་ཀྱིས། ལྷ་ཁང་ལ་གེ་སར་ལྷ་ཁང་དང་། ལྕང་སྡོང་དེ་ལ་གེ་སར་ལྕང་མ་དང་། ལྷ་ཁང་བདག་གཉེར་པ་མ་རྒན་ཞིག་ཡོད་པ་དེ་ལ་གེ་སར་ཨ་ཡེ་ཞེས་འབོད་པའི་ངག་རྒྱུན་ཡོད།”(1)ཅེས་པ་དང་། ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུབ་བསྟན་འབྱུང་གནས་ཀྱིས་གེ་སར་ལྷ་ཁང་ཞིག་ཡོད་པ་གོ་ཐོས་ཡོད་ཅིང་། དེ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ར་བའི་གཡོན་ཕྱོགས་སུ་ལྕང་སྡོང་ཆེན་པོ་ཞིག་ཡོད་པ་དེའི་གོང་དུ་ཡོད་པར་གྲགས(2)ཞེས་བཤད། ངེད་བརྟག་དཔྱད་ཚོ་ཆུང་གིས་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་ལྟར་ན། ད་ལྟ་གེ་སར་ལྷ་ཁང་གི་རྗེས་ཤུལ་བཙལ་རྒྱུ་མེད་ཀྱང་། སྔོན་མ་གེ་སར་ལྷ་ཁང་གི་འགྲམ་དུ་བཙུགས་ཡོད་པའི་ལྕང་སྡོང་ཆེན་མོ་དེ་སྲུང་སྐྱོབ་ལེགས་པོ་བྱས་ཡོད་ལ། དེ་ནི་སྔོན་མའི་གེ་སར་ལྷ་ཁང་གི་རྗེས་ཤུལ་ཉག་ཅིག་ཡིན་ལ། དེ་ནི་ད་ལྟའི་གེ་སར་ཕོ་བྲང་གསོལ་མགྲོན་ཁང(3)གི་ཁ་གཏད་ཀྱི་རྒྱ་ལམ་ཕ་རོལ་དང་། ཡུལ་ཤུལ་མགྲོན་ཁང(4)གི་མདུན་ན་ཡོད། ལྕང་སྡོང་དེར་ཡུལ་ཤུལ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་སྤྱི་ལོ2025ལོའི་ཟླ8པར་རིམ་པ་གསུམ་ཅན་གྱི་སྲུང་སྐྱོབ་བྱས་ཡོད། སྔར་ཡོད་ཀྱིས་དཔྱད་གཞི་ལྟར་ན་སྔོན་གྱི་སྐྱེ་རྒུ་མདོའི་གེ་སར་ལྷ་ཁང་གི་ཤུལ་དེ་ནི་དེང་གི་གེ་སར་ཕོ་བྲང་གསོལ་མགྲོན་ཁང་གི་ཁ་གཏད་ཡིན་པ་ཤེས་ཐུབ་བོ། །
མཆན།
1.བསམ་གཏན་རྣམ་རྒྱལ། ཡུལ་ཤུལ་ཁུལ་དུ་བཞེངས་པའི་འཛམ་གླིང་གེ་སར་རྒྱལ་པོའི་སྐུ་གཟུགས་ཆེན་མོ[DB/OL] མཚོ་སྔོན་པོ་དྲ་བ།
2.འདི་ནི་སྤྱི་ལོ2026ལོའི་ཟླ8པའི་ཚེས7ཉིན་བཅར་འདྲི་བྱས་པའི་གནས་ཚུལ་ཡིན།
3.玉树格萨尔王府饭店,青海省玉树藏族自治州玉树市结古镇民主路9号.
4.玉树宾馆,青海省玉树藏族自治州玉树市民主路格萨拉康巷6号.
མཆན།
1.བསམ་གཏན་རྣམ་རྒྱལ། ཡུལ་ཤུལ་ཁུལ་དུ་བཞེངས་པའི་འཛམ་གླིང་གེ་སར་རྒྱལ་པོའི་སྐུ་གཟུགས་ཆེན་མོ[DB/OL] མཚོ་སྔོན་པོ་དྲ་བ།
2.འདི་ནི་སྤྱི་ལོ2026ལོའི་ཟླ8པའི་ཚེས7ཉིན་བཅར་འདྲི་བྱས་པའི་གནས་ཚུལ་ཡིན།
3.玉树格萨尔王府饭店,青海省玉树藏族自治州玉树市结古镇民主路9号.
4.玉树宾馆,青海省玉树藏族自治州玉树市民主路格萨拉康巷6号.

དབང་ཆེན་ཚེ་རིང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེན་མོ་དང2025ལོའི“ནུབ་རྒྱུད་འོད་སྣང”གི་འཚམས་འདྲིའི་མཁས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།







青公网安备63252102000006号