«ལྗང་བུའི་རྩོམ་གསར་ཕྱོགས་བསྡུས»དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-09-01 08:40:10 ཀློག་གྲངས།:
       ཉེ་ཆར། རྩོམ་པ་པོ་གྲགས་ཅན་ལྗང་བུ་ལགས་ཀྱི་སྙན་ངག་ལེགས་བཏུས་ཀྱི་དེབ་གསར«ལྗང་བུའི་རྩོམ་གསར་ཕྱོགས་བསྡུས»ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་དཔར་འགྲེམ་བྱས།
       དེབ་འདིར་འཁོད་པའི་བརྩམས་ཆོས་མང་ཆེ་བ་ནི་རྩོམ་པ་པོ་ལྗང་བུ་ལགས་ནས2002ནས2022བར་དུ་བརྩམས་པའི་སྙན་ངག་ཐུང་ངུ་རྐྱང་རྐྱང་ཡིན་པ་དང་། རྩོམ་ཡིག་ཕལ་ཆེར་ད་བར་དུ་དྲ་རྒྱ་དང་དུས་དེབ་ལ་སོགས་སུ་གང་དུའང་སྤེལ་བྱས་མྱོང་མེད་པ་ཤ་སྟག་ཡིན་འདུག་པའི་ཁར་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཀྱང་ཁྱད་ཆོས་དུ་མས་ཕྱུག་པ་ཙམ་པོ་མ་ཡིན་པར། ཐ་ན་དེབ་གཟུགས་ཇུས་འགོད་བྱེད་སྟངས་ཡན་ཆད་ནས་ཀྱང་ཧ་ཅང་དམིགས་བསལ་བཟོས་འདུག་སྟེ། དཔེར་ན། ཀོ་ཐུམ་མཁྲེགས་པོ་གཅིག་གི་ནང་ལ་ཚོན་མདོག་མི་འདྲ་བ་བཞི་ཙམ་གྱིས་བརྗོད་བྱ་དང་བསྟུན་པའི་སྙན་ངག་འདྲ་མིན་ཁག་བགོས་བྱས་ཡོད་པར། ཕྱི་ཚུལ་ནས་དེབ་གཅིག་ཙམ་ལྟ་བུར་སྣང་ན་ཡང་། ངེས་པ་དོན་ལ་ནི«གངས་རི་དག་སྣང་མ»དང་། «དྲན་པ་ཆུ་མིག་མ» «ཁ་མཚར་སྦྱངས་བརྡུངས་མ» «བརྗོད་མེད་རྒྱ་མཚོ་མ»བཅས་དེབ་བཞི་ཡི་བདག་ཉིད་ཅན་ཞིག་སྟེ། ཁྱོན་སྡོམ་ཤོག་ལྷེ་བདུན་བརྒྱ་ལྷག་འདུག །

“ཐ་སྙད་ཀྱི་སེར་སྦྲེངས།”
                     — འགོ་བརྗོད་ཀྱི་ཚབ་ཏུ།
ལྡོང་བུ།

       ཁོ་བོའི་བསམ་ཚོད་ལ། ད་ལྟའི་ཆར། “ལྗང་བུ་ཞེས་པའི་ཐ་སྙད་འདི་རྩོམ་རིག་སྣང་ཚུལ་རིགས་ཤིག་གི་མཚོན་བྱེད་བརྡ་རྟགས”(མཁར་ཆེན་གྱི་ཚིག)ཙམ་གྱི་བཅད་མཚམས་ལས་ཕལ་ཆེར་བརྒལ་ཡོད་པ་འདྲ་ལ། “གཏོར་བཤིག་པ་དང་གསར་གཏོད་པ”(མགོན་པོ་སྐྱབས་ཀྱི་ཚིག)ཞེས་པའི་ངེས་བརྗོད་ཀྱིས་ཀྱང་ཧ་ལམ་ཚད་ཐིག་བཟོ་ཁག་པོ་ཆགས་འདུག་སྙམ།ལོ་ངོ་སུམ་ཅུའི་སྔོན་དུ། «ལྗང་བུའི་རྩོམ་བཏུས·སྙན་ངག་དེབ»ལས་མངོན་པའི“དམིགས་བསལ་གྱི་ཚོར་བ་དང་། ཁྱད་འཕགས་ཀྱི་རྩོམ་རྩལ། ངོ་མཚར་གྱི་སྙན་ངག”བཅས་ཀྱིས“ཨེ་ཤེ་ཡའི་སྤྱི་གཙུག་ནས་མཆེད་པའི་འོད་ཟེར”ཁྲིད་ནས་མུན་པའི་གྲུ་ཟུར་ཞིག་གསལ་བར་བྱས་ཤིང་། «ལྗང་བུའི་རྩོམ་བཏུས·ལྷུག་རྩོམ་དེབ»ཀྱིས“ཁེར་རྐྱང་གི་འཚོ་བ་དང་། ཁེར་རྐྱང་གི་བསམ་གཞིགས། ད་དུང་ཁེར་རྐྱང་གི་འགྲུལ་སྐྱོད”བཅས་ལྷུག་བརྗོད་ཀྱི་ཚོད་ལྟ་གསར་པ་ཞིག་བསྣམས་ནས་སྙན་ངག་མ་ཡིན་པའི་སྐད་ཆ་ལ་གཟུངས་གཞུག་ཕུལ། ལོ་ངོ་ཉེར་ལྔའི་སྔོན་དུ། «སྙན་རྩོམ་གཟི་མིག་དགུ་པ»ཡིས་སྐད་ཆ་བབ་ཆགས་སྤྲོས་བྲལ་དང་། ཉམས་འགྱུར་བསྟན་བཤིག་ཚ་པོ། སྐྱོན་བརྗོད་ཁ་རུ་ཁ་ཐུག་བཅས་དང་དེ་དག་གི་རྒྱབ་ལོགས་ལ་སྦས་པའི་ལྗིད་ཚད་དང་ལྷད་མེད་དང་དྲང་བདེན་སོགས་མ་བུ་ངོ་སྤྲད་པ་ལྟར་བྱས་ནས། ཡུལ་ལྗོངས་ཀྱི་ཐན་པར་བབས་པའི་ཐ་སྙད་ཀྱི་ཆར་ཐིགས་དེ་དག་ངེད་ཅག་གི་ཚོར་ཤེས་གསོ་བའི་འཚོ་བཅུད་དུ་ཐེངས་གཅིག་དྲངས།
       དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་ནང་འདོན་འཆར་ཡིན་པའི«ལྗང་བུའི་རྩོམ་བཏུས·བརྩམས་སྒྲུང་དེབ»ཀྱིས་ཀྱང་མི་ལོ་བཅུ་ཕྲག་གཉིས་ལྷག་གི་རྗེས་སུ«བརྩེ་དུང་གི་གཏམ་རྒྱུད»ཅེས་པའི་བརྟུལ་ཞུགས་བསྐྱངས་ཤིང་། ལྷན་སྐྱེས་ཀྱི་དོན་བརྗོད་བློ་གྲོས་དང་ཐུན་མིན་གྱི་སྒྲིག་གཞི་གསར་པ་ཞིག་གི་ངོས་ནས་དངོས་ཡོད་རིང་ལུགས་ཀྱི་རྨ་ཁའི་སྟེང་ལ་ཚིག་ལྷུག་གི་སེང་རས་འཇམ་པོ་ཞིག་གིས་བྱིལ་བྱིལ་ལན་གཅིག་བྱས། ལོ་ངོ་སུམ་ཅུ་འགོར་རྗེས་ཀྱི་དེ་རིང་། “གངས་རི་དག་སྣང་མ།”དང་། “དྲན་པ་ཆུ་མིག་མ།” “བརྗོད་མེད་རྒྱ་མཚོ་མ།” “ཁ་མཚར་སྦྱངས་བརྡུངས་མ།”བཅས་ཁག་བཞིས་གྲུབ་པའི«ལྗང་བུའི་རྩོམ་གསར་ཕྱོགས་བསྡུས»ཀྱིས་གངས་རི་དང་། དྲན་པ། བརྩེ་བ། ཁ་མཚར་བཅས་བརྗོད་གཞི་གནད་ཆེན་བཞི་དང་འབྲེལ་བའི་ཉམས་རྟོགས་ཐོལ་སྐྱེས་དང་བསམ་གཞིག་རྒྱུན་ཆགས་ཀྱི་མུ་ཏིག་རྡོག་པོ་རེ་རེ་ལོ་མང་ཡིད་ཀྱི་མཚོ་འགྲམ་ན་ཐར་ཐོར་བཀྲམས་ཤིང་ལུས་པ་བཏུས་ཤིང་བསྒྲུགས་ནས་སྒྱུ་འཕྲུལ་གྱི་ཡི་གེའི་རྒྱུན་བུར་བརྒྱུས་ནས་གངས་རིའི་སྙན་ངག་ལ་མགུལ་རྒྱན་དུ་བསྒྲོན་པ་འདིས། སྙན་ངག་གི་རོ་མྱོང་དང་སྐད་ཡིག་གི་བསམ་གཞིག་ཁྱད་པར་བ་ཞིག་སླར་ཡང་ཐེངས་ཤིག་ངེད་ཅག་གི་མདུན་དུ་བཤམས་ནུས་པ་བསྙོན་དུ་མེད།
       དེང་རབས་སྙན་ངག་གི་རྡོ་དང་བྱེ་མའི་ལམ་ཕྲན་ཀྱག་ཀྱོག་འདིའི་སྟེང་དུ། ཁེར་རྐྱང་ཡིན་པའི་སྐུ་ཞབས་ལྗང་བུའི་སྔོན་ཆད་ཀྱི་འགྲོ་རོགས་ནི“བསྡུས་བརྗོད་ཀྱི་ནགས་ཚལ”དང་། “སེམས་ཁོང་ན་ངུ་བའི་མྱ་ངམ་ཐང” “ནུས་ཤུགས་རྩལ་སྤྲུགས་སྒོས་བཏོན་པའི་ཀི་ཅོ” “ཆུ་རྒྱུན་བཞིན་རྩད་པ་རིང་བའི་ལྗོན་པ” “ཉིན་བྱེད་ཀྱི་གོར་མ”“གཏན་འཇགས་བྱ་ཐབས་བྲལ་བའི་ཕ་ཡུལ”“ས་ཆེན་གྱི་སྒྲོན་མེ”(མཁར་ཆེན་གྱི་ཚིག)སོགས་ཡིན། མྱ་ངམ་ཐང་དེས་མི་རྣམས་ལ་དངངས་སྐྲག་བཟོས་ནས་རྒྱང་དུ་བཀྱེད་པར་བྱས་ཤིང་། ཀི་ཅོ་དེས་ཀློག་པ་པོ་ཚོ་དཔའ་བཀོང་བར་བྱས་མྱོང་། བསྡུས་བརྗོད་དང་སྦས་དོན་གྱིས་བཟོས་པའི་ནགས་ཚལ་ཆེན་པོ་དེ་རུ་མི་རྣམས་ཁ་ཕྱོགས་བོར་བའང་ཐེངས་རེ་གཉིས་ཙམ་ག་ལ་ཡིན། ཉིན་བྱེད་ཀྱི་གོར་མ་དེ་ལའང་མིག་གིས་ལྟ་བཟོད་ཐུབ་ཀྱི་མེད། དེ་ལྟ་ནའང་། “ཆ་མེད་པའི”ཚིག་ཕྲེང་དེ་དག་གིས་རྩད་པ་རིང་བའི་ཆུ་རྒྱུན་བཞིན་ངེད་ཅག་གོམས་གཤིས་ཀྱི་དབང་དུ་སྡོད་མི་འཇུག་པར་མདུན་ནས་མདུན་དུ་དེད་ནས་ཚོར་ཤེས་ལ་ཐོད་བརྒལ་གྱི་ཚོད་བགམ་བྱས་ཤིང་། སྙན་ངག་གི་སྒྲོན་མེ་ཞིག་ངེད་ཅག་གི་གཏན་འཇགས་བྱ་ཐབས་བྲལ་བའི་སེམས་ཁོང་ལ་སྦར་ནས་བག་ཆགས་ཀྱིས་བསྐྲུན་པའི་གྲུ་ཟུར་གྱི་སྒྲིབ་ཡོལ་གང་ཞིག་གསལ་བའི་སྟ་གོན་བྱས་ཟིན། སྙན་དེབ་འདིས་ཚོད་བགམ་དང་སྟ་གོན་དེ་དང་མི་འདྲ་བ་གཞན་ཞིག་བྱེད་ཅིང་མཆིས་ན། ཀློག་མཁན་ཁྱེད་ཅག་གྲ་སྒྲིག་ཨང་སར་ཡིན་ནམ།
       ལོ་ན་རིམ་གྱིས་རྒས་ཀྱང་སྙན་ངག་ལ་ནམ་ཡང་གཞོན་ཤ་དང་། གསར་ཉམས། རང་གཤིས་འཛིན་པའི་སྐུ་ཞབས་ལྗང་བུས་ད་རེས་ཚོད་ལྟ་གཞན་ཞིག་གི་དབུ་བརྩམས་ནས་རྡོག་ཐོན་བྱུང་ཡོད། རྡོག་ཐོན་ཐེངས་འདིས་བསྡུས་བརྗོད་ཀྱི་ནགས་ཚལ་དང་ནུས་ཤུགས་རྩལ་སྤྲུགས་སྒོས་བཏོན་པའི་ཀི་ཅོ་སོགས་འགྲོ་རོགས་རྩུབ་པོ་དག་གང་ལ་གང་འཚམས་སྤངས་ནས། ཁ་གསལ་གོ་བདེ་ཡི་འཇམ་པོ་ཉིད་གྲོགས་སུ་སྦྲན་ཡོད། རྒྱང་ལམ་འགྲིམས་ཐེངས་འདི་ནི་ཁོང་གི་བཞེད་སྟངས་ལྟར“ཐ་སྙད་གྲངས་མེད་ཅིག་གི་སེར་སྦྲེངས”བསྒྲིགས་ཚུལ་ཐེངས་གཅིག་རེད། ཁོང་གིས་རུ་བསྟར་དེའི་དཀྱིལ་དུ་ཚིག་ཕྲེང་དམ་དུམ་གྱི་ཆོས་གོས་མནབས་ནས་ཀློག་མཁན་ཁྱེད་ཅག་ལ་ཕེབས་བསུ་ཞུས་ནས་འདུག ཐ་སྙད་ཀྱི་སེར་སྦྲེངས་འདིའི་རུ་བསྟར་ཁྲོད་དུ། མི་ལ་རས་པས་གངས་མགུར་རིང་མོ་ངག་ལ་བཞེངས། ཀློང་ཆེན་པས་དབྱངས་ཅན་མའི་བསྟོད་ཚིག་དབྱངས་སུ་གྱེར། འཇུ་མི་ཕམ་དང་། རྡོ་གྲུབ་བསྟན་ཉི། འབྲུག་པ་ཀུན་ལེགས། ཆོས་དཔལ་བཟང་པོ། ཤུག་གསེབ་རྗེ་བཙུན། ད་དུང་རྒྱ་གར་པ་དགེ་བའི་དབང་པོ་དང་། ཉི་དབང་མགོན་པོ། ད་དུང་ཨ་རབ་པ་གཱིབ་རན། ཧྥ་རན་སི་པ་ཨུ་གྷོ་སོགས་རུ་བསྟར་གྱི་མཚམས་དང་མཚམས་སུ་བཞེངས་ནས་གསུང་ངག་ཐན་ཐུན་གྱིས་སེར་སྦྲེངས་ལ་རམ་འདེགས་བྱེད། སློག་ཧྲུལ་གྱོན་པའི་གནའ་མི་རྒན་པ་རེ་འགའི་ངག་ནས་གཏམ་དཔེ་སེམས་ལ་འབབ་ཅིང་ལྗིད་ཏིག་གེ་བ་རེ་བཤད་ཡོང་བ་སྐབས་དང་སྐབས་སུ་བརྗོད་ཐོས་ཐུབ། གླིང་གེ་སར་རྒྱལ་པོའི་སྒྲུང་ལ་མཁས་པའི་སྒྲུང་མཁན་རེ་འགའི་སྒྲུང་ངག་ཐན་ཐུན་རེའང་རྣ་བར་སོན་ཡོང་། དབུས་གཙང་ཕྱོགས་ཀྱི་དམངས་ཁྲོད་དྲུག་ཚིག་གི་གཞས་གདངས་དང་བྲག་ཅ་མཚམས་མེད་རུ་བསྟར་འདིའི་མགོ་རྔ་བར་གསུམ་ཀུན་ན་གྲགས། ཨ་མདོའི་དམངས་ཁྲོད་ཀྱི་བརྒྱད་ཚིག་འགའ་རེའང་སྐབས་དང་སྐབས་སུ་གྲགས་ཡོང་། པྲ་ཆལ་དང་། ཟུར་ཟ། ལྡོག་བཤད། དོགས་འདྲི། ཆིག་ལབ། ཡིག་རྩེད་ཚིག་རྩེད་ལ་དགའ་བའི་བྱིས་པ་དག་སེར་སྦྲེངས་ཀྱི་རུ་བསྟར་འདིའི་བར་གསེང་ཀུན་ཏུ་འུར་ཆིལ་ཆིལ་གབ་སྦེད་རྩེད་མོ་རྩེ། སྐུ་ཞབས་ཁོང་གི་སྔ་རྩོམ་ཚན་པ་རེ་འགས་ཀྱང་སེར་སྦྲེངས་འདིའི་ཕུན་ཚོགས་དང་རྔམ་བརྗིད་ལ་སྐྱོར་ཡ་བྱེད།
       “ཐ་སྙད་ཀྱི་སེར་སྦྲེངས”འདི་ནི་སྒྲ་ཡི་རྣམ་གྲངས་ཅི་རིགས་ཀྱིས་ཁེངས་པའི་རུ་ཁག་ཅིག་རེད། བཟློག་པ་འདོན་པའི་སྒྲ། དབྱངས་བཞི་སོ་སོར་ངེས་པའི་སྒྲ། འདེགས་འཇོག་དང་ལྡེམ་འགྲོས་ལྡན་པའི་འགྱུར་ཁུག་ཅིག་གི་སྒྲ་དང་དེ་ཡོངས་སུ་མ་རྫོགས་གོང་གཏོར་བརླག་བཟོས་ཡོང་བའི་སྒྲ། ཟློས་སྒྲ་དང་ཁ་སྐད་ཀྱི་རྔ་དྲིལ་དུང་གླིང་འབུད་རྡུང་དཀྲོལ་གསུམ་ཡང་ཡང་བྱེད་པའི་སྒྲ། དོགས་འདྲི་དང་ཟུར་ཟ་དང་ཚིག་རྒྱག་བྱེད་པའི་སྒྲ། ཀུ་རེ་དོན་གཏམ་དུ་སྨྲ་བའི་སྒྲ། ད་དུང་ཞིབ་ཏུ་ཉན་ན་ཐོས་ཐུབ་པ། ཁ་བ་ལྷུང་བའི་སྒྲ། མིག་ཆུ་བརྡོལ་བའི་སྒྲ། དྲན་པ་སོས་པའི་སྒྲ། བརྩེ་བ་ཁོལ་བའི་སྒྲ། གངས་རི་སྨྲེང་བའི་སྒྲ། བརྗོད་པ་མེད་པའི་སྒྲ……
       སྒྲ་ཡི་རུ་ཁག་འདི་སྔར་བས་ཕུན་སུམ་ཚོགས་པ་ཞིག་ལེགས་འགྲུབ་ཡོང་རྒྱུར། ཀློག་མཁན་ཁྱེད་ཅག་གི་སྐད་སྒྲ་ནི་ཅིས་ཀྱང་མེད་དུ་མི་རུང་།

༢༠༢༦ལོའི་སྤྱི་ཟླ༦པའི་ཚེས༡༥ཉིན།

རྩོམ་པ་པོ་ངོ་སྤྲོད།
       ལྗང་བུ། མདོ་སྨད་རྨ་ལྷོ་རུ་སྐུ་བལྟམས། མཚན་དངོས་ལ་རྡོ་རྗེ་ཚེ་རིང་ཞུ་ཞིང་། བསེ་རུ་སོགས་སྨྱུག་མིང་ཁ་ཤས་བེད་སྤྱོད་གཏོང་གནང་མྱོང་ཡོད་འདུག བོད་པའི་རྩོམ་རིག་སྡིངས་ཆ་རུ་སྣང་ཚུལ་རིགས་ཤིག་ཏུ་གྱུར་ཡོད་པའི་ཁོང་གིས་སྙན་ངག་གསར་རྩོམ་གྱི་ཞོར་དུ་སྒྲུང་རྩོམ་དང་ལྷུག་རྩོམ། ལོ་ཙཱ། རྩོམ་རིག་མཐའ་དཔྱོད་དང་གློག་བརྙན་འཁྲབ་གཞུང་སོགས་གསར་རྩོམ་གནང་གིན་ཡོད་ཅིང་། དེ་མིན་ད་དུང་འདྲ་པར་དང་རི་མོའི་གསར་རྩོམ། རིག་གནས་བརྗེ་ལེན་དང་རིག་ལས་ཇུས་འགོད། བྱེད་སྒོ་སྒྲིག་འཛུགས་བཅས་ཀྱི་ཕྱག་ལས་ཀྱང་གནང་གིན་ཡོད་འདུག «ལྗང་བུའི་རྩོམ་བཏུས»ཀྱིས་མཚོན་ཕྱག་དེབ་དུ་མ་པར་བསྐྲུན་གྲུབ་ཡོད་ལ། དེ་ལས་གང་འཚམ་ཞིག་རྒྱལ་ནང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སྐད་ཡིག་བསླབ་གཞིའི་ཁྲོད་དུ་བདམས་འཁོད་ཡོད་ཁར་སློབ་ཕྲུག་ཚོས་བརྩི་མཐོང་ཞུ་བཞིན་ཡོད་པ་བཅས། ཁོང་གི་རྩོམ་ཡིག་ཕོན་ཆེ་དབྱིན་ཇི་དང་ཧྥ་རན་སི། ཉི་ཧོང་། ཧྥིན་ལན། ཧིབྷེརི་སོགས་ཡིག་རིགས་བཅུ་ཕྲག་གི་ལམ་ནས་དུས་དེབ་སྟེང་སྤེལ་བ་དང་ཡང་ན་ཕྱག་དེབ་པར་བསྐྲུན་མཛད་ཡོད་པར། «གཟི་མིག་དགུ་བ»ཞེས་པའི་རྩོམ་དེབ་དེའི་དབྱིན་འགྱུར་མ་ནི་ཨ་མེ་རི་ཀ་ཙམ་ན་ཡང་གཙུག་ལག་སློབ་ཆེན་ལྔ་ཡན་གྱིས་འབྲེལ་ཡོད་ཆེད་ལས་དམིགས་འཛུགས་ཀློག་དེབ་ཀྱི་ཨང་ཐོར་བཀོད་ཡོད་འདུགདེ་སྔ“ལྗོངས་དང་ཞིང་ཆེན་ལྔའི་རྩོམ་རིག་བྱ་དགའ་ཨང་དང་པོ”(1985ལོར)དང“སྦྲང་ཆར་རྩོམ་རིག་བྱ་དགའ”(1991ལོར)“བོད་ཇོ་མོ་གླིང་མ་རྩོམ་རིག་བྱ་དགའ”(2002ལོར)“མི་རིགས་རྩོམ་རིག་བྱ་དགའ”(2016ལོར)སོགས་བྱ་དགའ་ཉི་ཤུ་ལྷག་ཙམ་ཐོབ་མྱོང་ཡོད་ཁར། རྒྱལ་སྤྱིའི་རྩོམ་རིག་བྱེད་སྒོ་དང་སྙན་ངག་དུས་སྟོན་སོགས་ལ་ཕེབས་ཞུགས་གནང་པ་མ་ཟད། གློག་བརྙན་དང་རིག་གཞུང་ཞིབ་འཇུག་གི་ཐད་ལའང་ཕྱག་མ་དལ་བ་རེ་གནང་ཡོད་དེ། ཁོང་གིས་ཨོག་སི་ཧྥོར་རྡི་སློབ་ཆེན་དང་། ཀོ་ལུམ་སྦི་ཡཱ་སློབ་ཆེན། ཉིག་ཡོག་སློབ་ཆེན། ཐཱོ་ཀྱོ་ཕྱི་སྐད་སློབ་གླིང་སོགས་འཛམ་གླིང་གི་སྐད་གྲགས་ཆེ་བའི་གཙུག་ལག་སློབ་གྲྭ་དང་ཉམས་ཞིབ་ཁང་ཉི་ཤུ་ལྷག་གི་ནང་རྩོམ་རིག་ལེགས་སྦྱར་གསུང་བཤད་དང་འཆད་ཁྲིད་བྱེད་སྒོ་སྤེལ་གནང་ཡོད་འདུག ཁོང་སྐུ་སྒེར་གྱི་མཚན་ཐོག་ནས་སམ་ཡང་ན་སྐྱེ་བོ་གཞན་དང་མཉམ་འབྲེལ་སྒོས་བཟོ་སྐྲུན་མཛད་པའི་གློག་བརྙན་དག་ཉིག་ཡོག་དེང་རབས་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་གི(MoMa)གློག་བརྙན་འགྲེམས་སྟོན་སོགས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཉི་ཤུ་ལྷག་ལ་ཞུགས་ཐུབ་པ་ནས་ཐེངས་དུ་མར་གསེར་གྱི་གཟེངས་རྟགས་ཐོབ་པའི་ཟིན་ཐོ་བཀོད་ཡོད། ཁོང་གིས་ད་དུང་ཕ་སྐད་ནང་བྱིས་པའི་ཀློག་དེབ་སྒྲིག་རྩོམ་དང་སྣོད་བཅུད་སྲུང་འཛིན། ནད་ཡམས་སྔོན་འགོག འཁོས་ཞན་སློབ་མ་དང་སྟོངས་སུ་ཉེ་བའི་སྐད་ཡིག་སྲུང་སྐྱོབ་བཅས་ལ་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་ཐུགས་དང་བླངས་ཀྱི་ཕྱག་ལས་ཕུན་སུམ་ཚོགས་པ་གནང་མུས་སུ་ཡོད་དོ། །

ཡོང་ཁུངས། མི་རྒོད་རྩོམ་རིག་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།