«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»བཀླགས་པ། ཁང་སྐྱིད་བསོད་བསྟན།

རྩོམ་པ་པོ།:ཁང་སྐྱིད་བསོད་བསྟན། ཡོང་ཁུངས།:གངས་ལྗོངས་ཉི་གཞོན། དུས་ཚོད།:2024-07-31 09:01:58 ཀློག་གྲངས།:
༄༅། །ཕ་ཡུལ་གྱི་རི་ཆུར་ཐིམས་པའི་རིག་གནས་ཀྱི་དད་འདུན་དང་ལྷུག་བརྗོད་རིང་མོའི་མཛེས་ཚོར།
                                               གངས་དབང་གི་མུ་འབྲེལ་རིག་གནས་ལྷུག་རྩོམ«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»བཀླགས་པ།
ཁང་སྐྱིད་བསོད་བསྟན།

གནད་བསྡུས། རིག་གནས་ལྷུག་རྩོམ་ནི་བོད་ཀྱི་དེང་རབས་རྩོམ་རིག་ལས་གསར་རྩོམ་གྱི་གྲགས་འགུལ་ཅུང་ཆེ་བའི་ལྷུག་རྩོམ་གྱི་རྣམ་པ་ཞིག་ཡིན་ཞིང་། འདིར་རྩོམ་པ་པོ་གངས་དབང་ལགས་ཀྱི་མུ་འབྲེལ་རིག་གནས་ལྷུག་རྩོམ«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ཞེས་པའི་ལྟ་ཀློག་དང་དབྱེ་ཞིབ་བརྒྱུད་ནས། རིག་གནས་ལྷུག་རྩོམ་གྱི་མཐོང་སྣེ་ལས། བརྩམས་ཆོས་ཀྱི་བརྗོད་བྱར་རྩོམ་པ་པོའི་དཀྱེལ་ཆེ་ཞིང་ཁོག་ཡངས་ལ། རིག་གནས་ཀྱི་ཁ་དབུགས་གཅིག་ཏུ་གྱུར་ཞིང་། ཡིད་ཀྱི་དད་འདུན་ལས་བསླངས་པའི་ཞེན་ཁོག་དང་འབྲེལ་བའི་ཕ་ཡུལ་གྱི་ངོས་འཛིན་མཚོན་ཚུལ་དང་། སྒྱུ་རྩལ་གྱི་ཆ་ནས་རྩོམ་སྲོལ་དང་སྒྱུ་རྩལ་མཚོན་ཐབས། དེ་བཞིན་ཤེས་བྱའི་རང་བཞིན་ལ་སོགས་པའི་མཛེས་ཚོར་ཁྱད་ཆོས་མཚོན་ཚུལ་ཐད་ལ་བསམ་ཚུལ་བརྗོད་ཡོད།
གནད་ཚིག ཕ་ཡུལ། རིག་གནས། ལྷུག་བརྗོད། མཛེས་ཚོར།

གླེང་གཞི།
       “ཉེ་བའི་ལོ་འདི་དག་རིང་གི་བོད་ཀྱི་རྩོམ་རིག་གསར་རྩོམ་ཐད་ལ་ཕྱིར་བལྟས་ཤིག་བྱས་ན། ཕུལ་བྱུང་གི་བརྩམས་ཆོས་གསར་པ་མི་ཉུང་བ་ཞིག་ཐོན་ཡོད་ཅིང་། དེ་དག་ལས་ལ་ལ་ནི་བརྗོད་བྱ་གདམ་གསེས་དང་། ལ་ལ་ནི་སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་ནས་གསར་གཏོད་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད་པར་སྙམ། ལྷག་པར་དུ་རིག་གནས་ལྷུག་རྩོམ་ཞེས་པའི་གསར་རྩོམ་ལག་ལེན་ཞིག་གིས་བརྗོད་བྱའི་དོན་དང་སྒྱུ་རྩལ་མཚོན་ཐབས་གཉིས་ཀའི་ཆ་ནས། བོད་ཀྱི་དེང་རབས་རྩོམ་རིག་གསར་པའི་ཁུ་སིམ་གྱི་མཚན་མོ་འདི་ལ་གྲགས་འགུལ་ཅུང་ཟད་ཅིག་བསླང་འདུག་པར་མཐོང”ཞེས་པ་འདི་ནི། ཁོ་བོས་དེ་སྔོན་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཐོག་སྤེལ་བའི་རྩོམ་རིག་དཔྱད་བརྗོད་ཅིག་གི་གླེང་གཞི་ཡིན་ཞིང་། རྩོམ་ཡིག་དེའི་ནང་། དུས་རབས་ཉེར་གཅིག་ཤར་བའི་ཚུན་ཆད་ནས་ད་ལྟའི་བར་གྱི་བོད་ཀྱི་དེང་རབས་རྩོམ་རིག་ལས་རིག་གནས་ལྷུག་རྩོམ་གསར་རྩོམ་གྱི་སྣང་ཚུལ་ཐད་ལ་དབྱེ་ཞིབ་ཅུང་ཟད་བྱས་ཡོད་པ་མ་ཟད། རིག་གནས་ལྷུག་རྩོམ་གྱི་གསར་རྩོམ་ནི་བོད་ཀྱི་དེང་རྩོམ་གསར་པའི་སྣང་ཚུལ་ཞིག་གམ་གྲགས་འགུལ་ཞིག་ཡིན་པའི་འདོད་ཚུལ་བརྗོད་ཡོད། འདིར་གླེང་བར་བྱ་བའི་གངས་དབང་ལགས་ཀྱི«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ཅེས་པ་འདི་ཡང་བོད་ཀྱི་དེང་རྩོམ་གསར་པའི་རིག་གནས་ལྷུག་རྩོམ་གསར་རྩོམ་གྱི་སྣང་ཚུལ་དེ་ལས་བྱུང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པར་མཐོང་། ཟླ་གཅིག་ཙམ་གྱི་གོང་ལ«གངས་དཀར་རི་བོའི»རྩོམ་སྒྲིག་པ་རྣམ་རྒྱལ་མཆོག་ནས་མི་འགྱངས་པར་གངས་དབང་ལགས་ཀྱི་ལྷུག་རྩོམ་གསར་རྩོམ་སྐོར་དང་འབྲེལ་བའི་དཔྱད་གླེང་ཚོགས་འདུ་ཞིག་སྐོང་འཆར་ཡིན་པས། བདག་ལ་དཔྱད་བརྗོད་ཐུང་ངུ་ཞིག་འབྲི་རྒྱུའི་རྩོམ་སྐུལ་གནང་བྱུང་བར་ཁོ་བོས་དགའ་ཞིང་སྤྲོ་བས་ཁས་བླངས་པ་ཡིན། དེ་རྗེས་ཉིན་ཤས་ལས་མ་འདས་པར«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»དཔེ་དེབ་གསུམ་པོ་ཡང་ལག་འབྱོར་བྱུང་བས། ཁོ་བོས་ཀྱང་བྲེལ་ཟིང་གི་ཁྲོད་ནས་ཞིབ་པར་བཀླགས་ཤིང་བསམ་གཞིག་ཕྲན་བུ་བྱས་ཡོད་པ་རང་ཉིད་ཀྱི་བསམ་ཚུལ་ཚུལ་དུ་ཅུང་ཟད་གླེང་བ་ལ།
བརྩམས་ཆོས་ཞིབ་ཀློག་དང་དེའི་མདོ་དོན།
       སྤྱིར་ལྟ་ཀློག་མེད་ན་མྱོང་བ་མེད་ལ། ཞིབ་ཀློག་མེད་ནས་དཔྱད་བརྗོད་མེད་པས། ཐོག་མར་རང་ཉིས་ཀྱིས་བརྩམས་ཆོས་ལ་ཞིབ་ཀློག་བྱས་པའི་བག་ཆགས་མདོར་བསྡུས་ཞུས་ན། དེ་ཡང་ཁོ་བོར་མཚོན་ན། ཉེ་བའི་ལོ་ཤས་གོང་གངས་དབང་ལགས་ཀྱི་རིག་གནས་ལྷུག་རྩོམ་གྱི་བརྩམས་ཆོས་རེ་གཉིས་བཀླགས་མྱོང་བ་ཙམ་ལས། ཁོང་ཉིད་དངོས་སུ་མཇལ་མ་མྱོང་ཞིང་། ཁོང་གི་གསར་རྩོམ་ལའང་དེ་ཙམ་གྱི་རྒྱུས་མངའ་ཆེན་པོ་ཡོད་པ་ཞིག་མ་ཡིན་ཀྱང་ད་ཐེངས་ཀྱི་གོ་སྐབས་འདི་དང་བསྟུན་ནས་ཁོང་གི་རིག་གནས་ལྷུག་རྩོམ་གྱི་བརྩམས་ཆོས་ཕལ་ཆེ་བར་མཇལ་ཀློག་བྱ་རྒྱུ་བྱུང་བ་ནི་བསྐལ་བ་ཤིན་ཏུ་བཟང་པོ་ཞིག་ཏུ་མཐོང་། དེ་ཡང«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ཅེས་པའི་དཔེ་དེབ་གསུམ་དུ་བརྩམས་ཆོས་ཁྱོན་བཞི་བཅུ་ལྷག་འདུས་པ་ཚང་མ་རིག་གནས་ལྷུག་རྩོམ་གྱི་ཁོངས་སུ་གཏོགས་ཤིང་། བརྩམས་ཆོས་ཕལ་ཆེ་བར་རྩོམ་པ་པོས“རིག་གནས་ཀྱི་ཚོར་བ་རྣོན་པོ”ཞིག་ལ་བརྟེན་ནས། “གངས་དགའ”ཞེས་རང་ཉིད་དང་འདྲ་ལ། རང་ཉིད་ཀྱང་མ་ཡིན་པའི་སྣང་བརྙན་ཞིག་རྟོག་བཏགས་ཀྱི་ཚུལ་དུ་སྒྲུབ་བཞེངས་བྱས་ཤིང་། གངས་དགའ་དང་ལྷན་དུ“ཕ་ཡུལ”ཞེས་པའི་ཡིག་འབྲུ་གཉིས་ཡིད་དབུས་སུ་སྒོམས་ཏེ། སྟོད་མངའ་རིས་སྐོར་གསུམ་ནས། བར་དབུས་གཙང་རུ་བཞི་དང་སྨད་མདོ་ཁམས་སྒང་དྲུག་ཏུ་རི་དྭགས་བཞིན་རྒྱུ་བའི་ཕྱི་སྣོད་ཀྱི་མཐོང་ཐོས་དང་། ནང་བསམ་པའི་དད་པ་དང་གདུང་བས་བསླངས་པའི་དྲན་རེག་དུ་མ་ཡི་གེའི་གཟུགས་སུ་བཏབ་ཅིང་། ཡུལ་ལུང་སོ་སོའི་རི་ཆུའི་བཀོད་པ་དང་། ཡུལ་སྲོལ་གོམས་གཤིས། སྐྱེས་ཆེན་མེས་པོའི་རྒྱབ་གཟུགས་དང་། སྔོན་བྱུང་ལོ་རྒྱུས་དང་ངོ་མཚར་གཏམ་རྒྱུད། དེ་བཞིན་གནའ་བོའི་མཁར་ཤུལ་དང་། ལོ་ཟླ་རིང་མོའི་ཆགས་འཇིག་དང་འཕེལ་འགྲིབ་ལ་སོགས་རིག་གནས་ཀྱི་དར་རྒུད་སྣ་ཚོགས་དང་འབྲེལ་བའི་མཛེས་སྡུག་གི་དྲན་གསོའི་བརྙན་རིས་དུ་མ་ཕབ་ཡོད་པས། ལྟ་ཀློག་གི་བརྒྱུད་རིམ་ནང་། ང་རང་ཡང་ཁོང་གི་སྨྱུག་འོག་ནས་བཞེངས་པའི“གངས་དགའ”དང་ལྷན་ཅིག་ཏུ། “ཕ་ཡུལ”ཞེས་པའི་ཡིག་འབྲུ་གཉིས་ཀྱི་ལྗིད་ཚད་དཔུང་པར་བཏེགས་ཏེ། “རི་ཆུ”གྲངས་མེད་རྡོག་པ་རེ་རེས་འཇལ་བའི་ཚོར་བ་ཞིག་སྐྱེས་ལ། “དད་པ་དང་འདུན་པས”བསླངས་པའི་ལྷག་བསམ་ཞིག་ཡིད་ཀྱི་མཚོ་མོར་འཁྲུངས་བཞིན། རང་གིས་བསྐྱོད་མྱོང་བའི་ཡུལ་དང་འཕྲད་པས། འདས་དོན་དྲན་གསོར་ཤར་བའི་སྤྲོ་སྣང་གིས་གཟིར་ཞིང་། བསྐྱོད་མ་མྱོང་བའི་གནས་དང་མཇལ་བས་ཡིད་ཀྱི་ངོ་མཚར་ཀུན་ནས་བསླངས་པས། སྐབས་སྐབས་སུ་ཨ་ཕྱུག་རྩྭ་ཐང་ནས་གླིང་གེ་སར་རྒྱལ་པོའི་འཁྲུངས་རབས་ཀྱི་གཏམ་རྒྱུད་ཉན་ཞིང་། སྐབས་སྐབས་སུ་འདན་ཁོག་ལོ་ཕྱུག་གྲོང་བརྡལ་ནས་རྫ་དཔལ་སྤྲུལ་གྱི་སྒྲུབ་ཁང་ལ་རྒྱང་མཇལ་ཞུས་ཤིང་། ཀློང་ཐང་སྒྲོལ་མའི་ལྷ་ཁང་ནས་བསྐོར་བ་བསགས་ལ། དགོན་བདག་ངག་དབང་སྦྱིན་པའི་སྣེ་ཤན་གྱི་འོག་ཏུ་འདན་མའི་དྲན་གསོ་ཁང་ལ་ལྟ་སྐོར་དུ་བསྐྱོད། ཡང་སྐབས་ལ་ལར་བོད་དམག་སྡེ་བར་ཨ་མྱེ་ལྕགས་འབྲུག་ཐར་དང་ཁ་བརྡ་བྱེད་པའི་མུ་ནས། དམུ་དགེ་བསམ་གཏན་མཆོག་གིས་དྭགས་པོ་བོད་རིགས་ཡིན་མིན་སྐོར་གྱི་གསུང་རྩོམ་དུ་འཁོད་པའི་ཞྭ་ལ་བྱ་སྒྲོ་འཛུགས་པ་ལ་སོགས་པའི་ངོ་མཚར་ལ་བཙད་ཞིབ་བྱེད་པ་སོགས་བརྗོད་མི་ཚར་བའི་འགྲུལ་བཞུད་ཀྱི་གཏམ་རྒྱུད་དང་། རྒྱལ་རོང་དང་འཇལ་ཡུལ་སོགས་ནས་བོད་སྐད་མི་ཤེས་པའི་བོད་མིའི་གདོད་མའི་རིག་གནས་ཀྱི་སྣང་ཚུལ་དང་། རྟོགས་པར་དཀའ་བའི་རིག་གནས་ཤེས་བྱའི་གསང་བ་དུ་མ་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་གྱུར་བ་ལྟར་གྱི་ཚོར་བ་སྦྱིན་པར་བྱེད་པས། ལྟ་ཀློག་གི་བརྒྱུད་རིམ་ནི་སྤྲོ་སྣང་གིས་ཁེངས་པའི་འགྲུལ་བཞུད་ཐེངས་གཅིག་དང་། ངོ་མཚར་གྱིས་ཁེངས་པའི་མཇལ་སྐོར་ཐེངས་ཤིག་ཡིན་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེ་ཞིང་། བབ་ཆགས་ཤིང་སྒམ་དཀྱེལ་ཆེ་བའི་མྱོང་བ་དྲག་པོ་ཞིག་སྦྱིན་པར་བྱེད་པ་འདི་ནི། ཁོང་གི་བརྩམས་ཆོས་ལས་མངོན་པའི་རྩོམ་གཤིས་ཤིག་མིན་ནམ་སྙམ། ཞིབ་པར་བསམ་ཚེ། དེ་ལྟ་བུའི་ལྟ་ཀློག་གི་སྤྲོ་སྣང་ནི། ཕ་ཡུལ་གྱི་རི་ཆུར་ཐིམས་པའི་རིག་གནས་ཀྱི་དད་འདུན་དང་ལྷུག་བརྗོད་རིང་མོའི་མཛེས་ཚོར་ལས་བསྐྱེད་པའི་ངེས་ཤེས་ཤིག་ཀྱང་ཡིན་པར་སྣང་། །
ཕ་ཡུལ་གྱི་རི་ཆུར་ཐིམས་པའི་རིག་གནས་ཀྱི་དད་འདུན།
       སྤྱིར་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལ་མཚོན་ན། རྩོམ་པ་པོ་ཕལ་ཆེ་བ་ཁྱིམ་ལས་ཁྱིམ་སྤངས་པའི་རབ་ཏུ་བྱུང་བ་ཡིན་པས་ལན་ནམ། ཡང་ན་ཕ་ཡུལ་ལས་ལྷག་པའི་བརྗོད་བྱ་གཞན་ཞིག་གི་རྐྱེན་ནམ། གང་ལྟར་སྐྱེ་བོ་གང་རུང་བ་ཞིག་གིས་རང་གི་ཕ་ཡུལ་ལ་བཅངས་པའི་ཞེན་ཆགས་དང་དད་འདུན་སོགས་མཚོན་པ་ནི་དེ་ཙམ་མངོན་གསལ་དོད་པོ་ཞིག་མ་ཡིན་མོད། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་རྗེས་ནས་བཟུང་། བོད་ཀྱི་དེང་རབས་རྩོམ་རིག་གསར་པའི་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས། ཕ་ཡུལ་དང་འབྲེལ་བའི་བརྗོད་བྱ་ཅན་གྱི་བརྩམས་ཆོས་ཇེ་མང་དུ་སོང་ཞིང་། དེའི་རྩོམ་ལུས་ཀྱི་ཆ་ནས་ཀྱང་ལ་ལ་ནི་བརྩམས་སྒྲུང་གི་ཁོངས་སུ་གཏོགས་པ་དང་། ལ་ལ་ནི་ལྷུག་རྩོམ་གྱི་ཁོངས་སུ་གཏོགས་པ། གཞན་ཡང་འགའ་ཞིག་ནི་སྙན་ངག་གི་ཁོངས་སུ་གཏོགས་པ་སོགས་སྣང་། འོན་ཀྱང་བརྩམས་ཆོས་ཕལ་ཆེ་བར་རང་ཉིད་སྐྱེ་ས་འཚར་སའི་ཅུང་གུ་དོག་པའི་ཕ་ཡུལ་གྱི་རང་བཞིན་ཞིག་གམ་ཡང་ན་རང་བྱུང་ས་ཁོངས་ཀྱིས་མཚམས་བཅད་པའི་ཕ་ཡུལ་གྱི་འདས་མ་ད་གསུམ་དང་། དེ་བཞིན་རང་ཉིད་ཀྱིས་ཕ་ཡུལ་ལ་བཅངས་པའི་ཞེན་ཆགས་དམིགས་བསལ་བ་ཞིག་ལས། དཀྱེལ་ཆེ་ཞིང་ཁོག་ཡངས་པའི་ཕ་ཡུལ་དང་དེའི་ཞེན་ཆགས་མཚོན་པ་ནི་ཕལ་ཆེར་ཉུང་ཚོད་དུ་གདའ། «རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ལས་མངོན་པའི་ཕ་ཡུལ་གྱི་འདུ་ཤེས་ནི་དེ་དག་དང་མི་འདྲ་བར་དཀྱེལ་ཆེ་ཞིང་ཁོག་ཡངས་པའི་ཕ་ཡུལ་ཞིག་རེད་ལ། དེ་ལྟ་བུའི་ཕ་ཡུལ་ནི་རི་ཆུའི་བར་ཐག་གིས་ཆོད་ཀྱང་རིག་གནས་ཀྱི་ཁ་དབུགས་གཅིག་པའི་དད་འདུན་ལ་ཐུག་པའི་ཕ་ཡུལ་ཞིག་ཡིན་པར་སྣང་བས། ཕ་ཡུལ་གྱི་ངོས་འཛིན་ནི་གངས་དབང་ལགས་ཀྱི་ལྷུག་རྩོམ་ལས་མངོན་པའི་བརྗོད་བྱ་གདམ་གསེས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན་པར་སྣང་།
       གཅིག །དཀྱེལ་ཆེ་ཞིང་ཁོག་ཡངས་པའི་ཕ་ཡུལ་གྱི་ངོས་འཛིན། ཁོ་བོས་དེ་སྔོན་ལྷུག་རྩོམ་ཐུང་ངུ་ཞིག་ཏུ“ཕ་ཡུལ་ལ་ཞིབ་འཇུག་ཅིག་བྱེད་ན། གུ་དོག་པའི་ཕ་ཡུལ་གྱི་རིགས་གཅིག་དང་། དཀྱེལ་ཆེ་བའི་ཕ་ཡུལ་གྱི་རིགས་གཅིག་སྣང”ཞེས་བྲིས་མྱོང་བ་ཇི་བཞིན། དོན་ལ་ཡང་འདི་ལྟར་གནས་པ་སྟེ། བརྩམས་ཆོས་འགའ་ཞིག་ཏུ་རང་གི་སྐྱེ་ས་འཚར་སའི་ཕ་ཡུལ་གྱི་ས་ཆ་ཆུང་ཆུང་ཞིག་བརྗོད་བྱར་བྱས་པ་ནི་སྔ་མའི་མཚན་གཞི་དང་། «རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ལས་མངོན་པའི་ཕ་ཡུལ་གྱི་འདུ་ཤེས་ནི་ཕྱི་མའི་མཚན་གཞི་ལགས། དེ་ཡང“ང་ནི་སྡོད་ས་གཅིག་ཏུ་བསྡད་དེ་ལྟོ་གོས་འཛོམས་པ་ཙམ་གྱིས་ཡིད་མ་ཚིམ་པར་རང་ཡུལ་གྱི་སྟོད་མངའ་རིས་དང་། བར་དབུས་གཙང་། སྨད་མདོ་ཁམས་ལ་རི་དྭགས་བཞིན་མྱུལ་བར་ཤིན་ཏུ་མོས”ཞེས་དང་། དེ་བཞིན་གནོད་སྦྱིན་གངས་བཟང་གི་གཤམ་ནས་བོད་རིགས་ན་གཞོན་བཀྲ་ཤིས་ནོར་བུ་དང་ཁ་བརྡ་བྱེད་སྐབས“རང་ཡུལ་བསྐོར་བའི་སྐྱིད་སྡུག་རྣམས་ཡི་གེར་དབབ་པར་དགའ་པོ་ཞེ་དྲག་ཡོད”ཅེས་ལན་བཏབ་པ་དང་། “ལ་ལས་ཨེར་སུག་བོད་པའི་སྐད་ནི་མདོ་དབུས་ཁམས་གསུམ་གྱི་བོད་སྐད་དང་མི་འདྲ་བས་བོད་རིགས་མ་རེད་ཟེར་སྲིད་མོད། མི་རིགས་ཆེན་པོ་གང་ཡིན་ནའང་ནང་ཁུལ་བྱེ་བྲག་ཏུ་གྱུར་བའི་ཡུལ་སྐད་མང་པོ་ཡོད་པས་དེ་འདྲའི་གུ་དོག་པོ་བྱེད་དོན་མེད”ཅེས་གསུངས་པ་དང་། གངས་རིན་པོ་ཆེའི་འོག་ནས་རང་དབང་མེད་པར“ངའི་ཕ་ཡུལ་གངས་ལྗོངས་ལུང་པ་རེད། གངས་ཁ་བ་ང་ཡི་སེམས་པ་ཡིན”ཞེས་པའི་གླུ་ཚིག་ཐལ་བ་ལ་སོགས་པའི་ཚིག་གི་སྦྱོར་བ་རེ་རེའི་རྒྱབ་མདུན་དང་། ཡིག་འབྲུ་རེ་རེའི་ཕྱི་ནང་ཀུན་ནས། རྩོམ་པ་པོའི་སེམས་གཏིང་གི་དཀྱེལ་ཆེ་བའི་ཕ་ཡུལ་གྱི་འདུ་ཤེས་མཚོན་ཡོད་པ་མ་ཟད། «ཕ་ཡུལ་གྱིས་རུམ་པའི་སེམས་པ»ཕུད་དེ་བྱིངས་ཀྱི་བརྩམས་ཆོས་ཕལ་ཆེ་བར་རྩོམ་པ་པོའི་སྐྱེ་ས་འཚར་ས་དངོས་མ་ཡིན་པའི་བོད་ཀྱི་ས་ཕྱོགས་གཞན་བྲིས་ཡོད་པ། དཔེར་ན། དབུས་ནས་བྲག་ཡེར་པར་བསྐྱོད་པ་དང་། གམ་པ་ལ་མོ་བརྒྱབ་ནས་ཡར་འབྲོག་གཡུ་མཚོ་མཇལ་བ། དེ་བཞིན་སྟོད་མངའ་རིས་སུ་ཕེབས་པ་ལ་སོགས་པས་མཚོན་པ་ཡིན་ཞིང་། “རྩོམ་པ་པོས་རྒྱུན་དུ་རང་སྒེར་གྱི་ཐུན་མོང་མ་ཡིན་པའི་གསར་རྩོམ་ལ་བརྟེན་ནས། དུས་རབས་དང་། མི་རིགས། ཡང་ན་གྲལ་རིམ་དང་ས་ཁོངས་སོགས་སྤྱི་ཚོགས་ཀྱི་ཡོངས་ཁྱབ་རང་བཞིན་དང་འབྲེལ་བ་བྱས་ཏེ། སྤྱི་ཚོགས་དང་མི་སྒེར་གྱི་རྩོད་སྒྲུབ་འབྲེལ་བའི་ཁྲོད་ནས་མཛེས་དཔྱོད་ཀྱི་རིན་ཐང་གསར་གཏོད་བྱེད་བཞིན་ཡོད”ཅེས་གསུངས་པ་ལྟར། རྩོམ་པ་པོའི་སེམས་གཏིང་གི་ཕ་ཡུལ་ནི་བོད་ཀྱི་ཡུལ་སྤྱི་ལ་ངོས་འཛིན་བྱས་ཡོད་པ་དེ་ནི། གཅིག་ནས་རྩོམ་པ་པོ་མི་སྒེར་གྱི་བསམ་བློའི་ཟབ་ཚད་གཅིག་ཡིན་ལ། དེ་བས་ཀྱང་སྤྱི་ཚོགས་དང་མི་རིགས་རང་བཞིན་གྱི་དཀྱེལ་ཆེ་ཞིང་ཁོག་ཡངས་པའི་ཕ་ཡུལ་གྱི་ངོས་འཛིན་དང་འདུ་ཤེས་ཀྱི་མཚོན་ཚུལ་ཞིག་ཡིན་པས། ཕ་ཡུལ་གྱི་ངོས་འཛིན་ལས་སྐྱེད་པའི་བརྗོད་བྱའི་སྟེང་གི་མཛེས་དཔྱོད་ཀྱི་རིན་ཐང་དེ་ཡང་བོད་པའི་སྤྱི་ཚོགས་དང་མི་རིགས་ཀྱི་ཡོངས་ཁྱབ་རང་བཞིན་གྱི་རིན་ཐང་ལྟ་བ་དང་མཛེས་དཔྱོད་ཀྱི་དགོས་མཁོ་ཞིག་ཀྱང་རེད་ཅེས་བརྗོད་པར་འདོད་དོ། །
       གཉིས། རིག་གནས་ཀྱི་ཁ་དབུགས་གཅིག་པའི་ཕ་ཡུལ་གྱི་ངོས་འཛིན། ཁོ་བོས་དཔྱད་བརྗོད་ཅིག་ཏུ“ཕ་ཡུལ་གྱི་ངོས་འཛིན་ལ་ས་བབ་ཁྱབ་ཁོངས(地理范畴)ཙམ་མ་ཡིན་པར། ད་དུང་རིག་གནས་ཀྱི་ཁྱབ་ཁོངས་ཡང་ཡོད་དེ། ཕ་ཡུལ་ཞེས་པ་འདི་ཚད་གཞི་ངེས་ཅན་སྟེང་ནས་བརྗོད་ན། རིག་གནས་ཀྱི་ཁྱབ་ཁོངས(文化范畴)ཤིག་ཡིན་དགོས”ཞེས་བརྗོད་མྱོང་བ་ལྟར། ཕ་ཡུལ་ཞེས་པ་ཡང་རང་ཉིད་སྐྱེ་ས་འཚར་སའི་སྲིད་འཛིན་གྱི་གྲོང་ཚོ་ཞིག་གམ་ཡང་ན་རྫོང་ཞིག་དང་། ཡུལ་ཕྱོགས་ཤིག་གི་ཁྱབ་ཁོངས་ཙམ་མ་ཡིན་པར། རིག་གནས་ཀྱི་སེམས་ཁམས་གཅིག་པའི་གནམ་སའི་བར་གྱི་ཆ་ཤས་ཆེན་པོ་ཞིག་ལའང་གོ་བ་ཡོད་ན། དེའི་རྩ་བ་ནི་རིག་གནས་ལ་ཐུག་པ་ཡིན་ཏེ། རིག་གནས་ཀྱི་འདུ་ཤེས་འཛིན་ཚུལ་ཐུན་མོང་བ་ལ་བརྟེན་ནས། ཐུན་མོང་གི་སེམས་ཁམས་གྲུབ་པས། ད་གཟོད་མི་རྣམས་ཀྱི་ཡུལ་སྐད་ལ་ཁྱད་པར་ཡོད་ནའང་ནང་སེམས་ཀྱི་འདུ་ཤེས་འཛིན་ཚུལ་ཐུན་མོང་དུ་མངའ་བས། དེ་ནི་རིག་གནས་ཀྱི་དབུགས་རྒྱུན་གཅིག་ཏུ་སྦྲེལ་བའི་ཕ་ཡུལ་ཞིག་ཡིན་པ་རེད། དེས་ན་རྩོམ་པ་པོས“རང་ཡུལ་གྱི་རི་ཆུའི་བར་དུ་ང་ཚོའི་ལུས་ངག་ཡིད་གསུམ་ལ་དངོས་སུ་ཕན་པའི་རིག་གནས་ཀྱི་ནང་སྙིང་གྱ་ནོམ་པ་སྦས་ཡོད”ཅེས་དང་། “ངའི་ཡི་གེར་མེས་པོའི་དར་རྒུད་ཀྱི་རི་མོ་དང་རང་ཉིད་ཀྱི་སྐྱིད་སྡུག་གི་གླུ་དབྱངས་ཀྱང་འདུས་ཡོད”ཅེས་དང་། “འཚོལ་བསྡུ་བྱས་པ་ནི་རིག་གནས་ཤིག་གི་བླ་སྲོག་བཀུག་པ་དང་། བརྒྱུད་སྤེལ་བྱས་པ་ནི་རིག་གནས་ཤིག་ལ་འགྲོ་ལམ་བཙལ་བ་རེད”ཅེས་གསུངས་པ་ལས་མཚོན་ལ། “རྒན་པ་རྣམས་ཀྱི་སྐད་ཆ་དང་གྱོན་གོས་ལས་གང་ནས་ཡོང་བའི་རྟགས་མཚན་མག་མོག་ཙམ་དང་། ན་གཞོན་ཚོའི་ལྟ་སྤྱོད་དང་དད་པ་ལས་གང་དུ་འགྲོ་བཞིན་ཡོད་པ་གསལ་པོར་མཐོང་བྱུང”ཞེས་པ། དེ་བཞིན“བོད་ལ་རི་ཆེན་པོ་དང་ཆུ་ཆེན་པོ་མང་པོ་ཡོད་ལ། རི་ཆུ་མི་འདྲ་བར་ཡུལ་ལུང་པའི་ཁྱད་ཆོས་ལྡན་པའི་ལྷ་ཆོས་དང་མི་ཆོས་རིག་གནས་ཕུན་སུམ་ཚོགས་པར་དར་ཡོད”ཅེས་སོགས་གསུངས་པ་ལས་མཚོན་པ་མ་ཟད། རྩོམ་པ་པོས་གོམ་པ་རེ་རེས་འཇལ་ཞིང་སེམས་དང་ཡིད་ཀྱིས་མྱུལ་བའི་ཡུལ་ལུང་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་། གྲོང་ཁྱིམ་གྱི་འཛུགས་སྐྲུན་ཁྱད་ཆོས། དེ་བཞིན་ཡུལ་ལུང་སོ་སོའི་ཡུལ་སྐད་ཀྱི་ཁྱད་ཆོས། སྔོན་གྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས། དེ་བཞིན་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་པའི་སྒྲུབ་གནས་དང་དགོན་པ། ཡུལ་སོ་སོའི་སྡེ་དཔོན་མི་དྲག་རྣམས་ཀྱི་མཁར་ཤུལ་ལ་སོགས་པའི་མཐོང་སྣང་ལས། ཡུལ་དངོས་རྟོག་ཞིབ་དང་ལོ་རྒྱུས་ཕྱིར་དྲན་གཞི་གཅིག་ཏུ་སྦྲེལ་ནས། རིག་གནས་ཀྱི་ཁ་དབུགས་གཅིག་པའི་ཕ་ཡུལ་གྱི་ངོས་འཛིན་མཚོན་པར་བྱས་འདུག །དེ་འདྲའི་རིག་གནས་ཀྱི་ཁ་དབུགས་དེ་ཡང་ཕྱོགས་གཉིས་ནས་མཚོན་ཡོད་དེ། གཅིག་ནི་རིག་གནས་ཀྱི་ར་བ(文化圈)དང་གཅིག་ཤོས་ནི་རིག་གནས་ཀྱི་བང་རིམ(文化层)ཡིན་ཏེ། དེ་ཡང“རིག་གནས་ཀྱི་ར་བ་ཞེས་པ་ནི། ས་ཁམས་ཀྱི་ཆ་ནས་བཞག་པའི་བར་སྟོང་གི་གོ་བ་ཞིག་ཡིན་ཏེ། ཐུན་མོང་གི་ཁྱད་གཤིས་ལྡན་པའི་རིག་གནས་དང་རིག་གནས་ཀྱི་ཚོགས་འདུས་པ་ལས་གྲུབ་པའི་རིག་གནས་ཀྱི་བར་སྟོང་དེ་ཡིན”ཞེས་དང་། “རིག་གནས་ཀྱི་བང་རིམ་ཞེས་པ་ནི། ལོ་རྒྱུས་ཀྱི་ཆ་ནས་བཞག་པའི་རིག་གནས་ཤིག་གི་བང་རིམ་ཡིན་ཏེ། རིག་གནས་གང་ཡང་རུང་བ་ཞིག་ས་ཁོངས་སམ་ཁྱབ་ཡུལ་ངེས་ཅན་ཞིག་གི་འཕེལ་རྒྱས་ཀྱི་གོ་རིམ་དང་འབྲེལ་བའི་ལོ་རྒྱུས་ཀྱི་གོ་བབ་དེ་ཡིན”ཞེས་གསུངས་པ་ལྟར། རྩོམ་པ་པོས་ཕ་ཡུལ་དང་འབྲེལ་བའི་རིག་གནས་དེ་ཡང་གཅིག་ནས་རིག་གནས་ཀྱི་ར་བ་སྟེ། གཙོ་བོ་ས་ཁོངས་ཀྱི་བར་སྟོང་གང་རུང་དུ་ཁྱབ་པའི་རིག་གནས་ཀྱི་སྣང་ཚུལ་ལ་དོ་འཁུར་བྱས་ཡོད་ལ། གཉིས་ནས་རིག་གནས་ཀྱི་བང་རིམ་སྟེ། ལོ་རྒྱུས་འཕེལ་རྒྱས་ཀྱི་གོ་རིམ་དང་འབྲེལ་བའི་རིག་གནས་ཀྱི་བང་རིམ་བརྩེགས་པའི་སྔ་ཕྱིའི་གོ་རིམ་ལ་ཡང་དོ་འཁུར་བྱས་ཡོད།
       གསུམ། ཕ་ཡུལ་ནི་རི་ཆུ་སྟོང་ཕྲག་ལ་ཐིམས་པའི་དད་འདུན་གྱི་ཞེན་ཁོག་དེ་ཡིན། “རྩོམ་རིག་གསར་རྩོམ་གྱི་ཁྲོད་དུ་བརྩེ་སེམས་ལ་གལ་ཆེའི་དོན་སྙིང་ལྡན་ཡོད་དེ། བརྩེ་སེམས་ནི་རྩོམ་རིག་གསར་རྩོམ་གྱི་སྒུལ་ཤུགས་ཡིན་ལ། རྩོམ་རིག་གསར་རྩོམ་ལས་མཚོན་འདོད་པ་དེའང་ཡིན”ཞེས་གསུངས་པ་ལྟར། གལ་ཏེ་དཀྱེལ་ཆེ་ཞིང་ཁོག་ཡངས་པའི་ཕ་ཡུལ་ནི། རིག་གནས་ཀྱི་ཁ་དབུགས་གཅིག་པའི་ཐུན་མོང་གི་ཁྱིམ་གཞིས་ཤིག་རེད་ཅེས་བརྗོད་ན། དེ་ནི་ད་དུང་ཅི་ཞིག་མ་ཚང་བ་ལྟར་དུ། ཇ་ཚྭ་མེད་ཀྱི་དཔེ་དང་ལུས་སྲོག་མེད་ཚུལ་ལྟར་སྣང་བས། དེ་ལ་ད་དུང་ལྷད་མེད་པའི་དད་འདུན་ཞིག་དང་། དད་འདུན་དེ་ལས་བསྐྱེད་པའི་ཞེན་ཁོག་ཅིག་ཡོད་དགོས་ཤིང་། དད་འདུན་དང་ཞེན་ཁོག་དེ་ཡང་རྩོམ་པ་པོའི་གསར་རྩོམ་གྱི་བརྩེ་སེམས་ཤིག་ཡིན་ཏེ། དད་འདུན་དེ་ཡང་རི་ཆུ་སྟོང་ཕྲག་ལ་ཐིམས་པའི་ཡིད་ཆེས་དང་སྤོབས་པ། ད་དུང་རེ་བ་བཅས་ཡིན་ལ། ཞེན་ཁོག་དེ་ཡང་རི་ཆུ་སྟོང་ཕྲག་ལ་ཐིམས་པའི་ཞེན་ཆགས་དང་། གདུང་བ། ད་དུང་ཕངས་སེམས་བཅས་ཡིན་ཞིང་། མཐར་གཏུགས་ནས་བརྗོད་ན་འགན་འཁྲི་ཞིག་དང་སྡུག་བསྔལ་ཞིག་ཀྱང་ཡིན་ཏེ། “ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་རྒྱལ་རོང་བོད་མི་ཚོ་ལ་ཡ་ང་བའི་གྱོང་གུད་ཕོག་པ་དེ་དྲན་ཐེངས་རེ་ལ། རྒྱལ་རོང་བོད་མི་ཚོས་ཆུང་དུས་ནས་འདྲིས་པའི་ཕ་ཡུལ་དང་ཁ་བྲལ་མ་འདོད་པར། མིག་མཐར་མཆི་མ་འཁོར་བཞིན་རྒྱལ་མོ་རྔུལ་ཆུ་དང་རི་བོ་དམུ་རྡོ་ལ་ཕྱིར་བལྟས་ཡང་ཡང་བྱས་ཏེ། རྒྱང་རིང་གི་ཕྱོགས་སུ་གོམ་པ་གང་རེ་གང་རེ་སྤོ་བཞིན་ཡོད་པའི་སྣང་བརྙན་ཞིག་མིག་ལམ་དུ་ཤར”ཞེས་པ་ལས་རྩོམ་པ་པོས་ཕ་ཡུལ་གཅིག་པའི་སྤུན་ཟླར་གྱུར་བའི་རྒྱལ་རོང་བོད་མིར་བཅངས་པའི་བརྩེ་བ་དང་ཤ་ཞེན་མཚོན་པ་མ་ཟད། ཁོང་ཚོའི་ལས་དབང་ལ་གདུང་སེམས་དྲག་པོས་ཕངས་སེམས་བྱེད་པའི་ཡིད་གདུང་མཚོན་པ་ལྟ་བུ་དང་། “དགོང་མོ་དེར་མིག་ཆུ་མི་དགོས་པའི་ཤམ་བྷ་ལ་རུ་མིག་ཆུའི་ཕྲེང་ཐག་ཆད་སོང་། སེམས་ཁྲལ་མི་དགོས་པའི་ཤམ་བྷ་ལ་རུ་སེམས་པ་ན་བྱུང”ཞེས་པ་ལས། བུམ་ཆུང་ཚང་གི་གནས་བབ་མཐོང་བས། རིག་གནས་ཀྱི་ཆགས་འཇིག་ལ་བསླན་པའི་སེམས་པ་འདིས་ད་གཟོད་རང་ཉིད་ལ་སྡུག་བསྔལ་ཚད་མེད་ཅིག་སྦྱིན་པའི་རིག་གནས་ཀྱི་འགན་འཁྲིའི་བསམ་པ་དྲག་པོ་ཞིག་མཚོན་ཡོད་པ་ལྟ་བུ། རྩོམ་པ་པོས་རི་ཆུ་སྟོང་ཕྲག་བརྒལ་བའི་འགྲུལ་བཞུད་ཀྱི་བརྒྱུད་རིམ་ལས། མཁར་ཤུལ་མཐོན་པོ་དང་། གནས་རི་རྩ་ཆེན། དེ་བཞིན་བོད་སྐད་མི་ཤེས་པའི་བོད་མིའི་གྲོང་པ་རེ་རེ་དང་། ཁོང་ཚོའི་གོམས་སྲོལ་རྙིང་པ་ལ་སོགས་པའི་མཐོང་སྣང་དེ་དག་ལ། གནའ་དེང་བསྡུར་བ་དང་། འདས་དོན་དྲན་གསོ། མ་འོངས་ལ་རྒྱང་གཟིགས་བཅས་བྱེད་པའི་སེམས་འགྱུའི་ཁྲོད་ནས། རྩོམ་པ་པོ་རང་ཉིད་ཀྱིས་ཕྱི་ཡུལ་གྱི་མཐོང་ཐོས་སུ་གྱུར་བའི་བྱ་དངོས་དེ་དག་ལ་བཅངས་པའི་ཡིད་འགྱུར་སྣ་ཚོགས་མཚོན་པར་བྱས་ཡོད་པ་ནི། རི་ཆུ་སྟོང་ཕྲག་ལ་ཐིམས་པའི་དད་འདུན་དང་ཞེན་ཁོག་ཡིན་ལ། དེ་ཡང་རྩོམ་པ་པོའི་སེམས་དབུས་སུ་ཡོད་པའི་ཕ་ཡུལ་དེ་ཡིན་པར་སེམས་སོ། །
ལྷུག་བརྗོད་རིང་མོའི་མཛེས་ཚོར།
       སྤྱིར་ན་ད་ལྟའི་བར་རྒྱལ་ནང་གི་རྩོམ་རིག་ལ་མཚོན་ནའང་རིག་གནས་ལྷུག་རྩོམ་ཞེས་པར་ཐུན་མོང་གི་མཚན་ཉིད་ཅིག་མ་བྱུང་ཞིང་། ཐ་ན་ལྷུག་རྩོམ་གྱི་དབྱེ་བ་བྱེ་བྲག་པ་ཞིག་ཡིན་པའི་ཐད་ལའང་རིག་པའི་གཞུང་ལུགས་སུ་ཕལ་ཆེར་ཁ་གསབ་བྱུང་མེད་པར་སྣང་བས། དེས་ང་ཚོས་བརྩམས་ཆོས་གང་ཞིག་རིག་གནས་ལྷུག་རྩོམ་ཡིན་མིན་དང་། རིག་གནས་ལྷུག་རྩོམ་ཞེས་པ་འདི་ཡང་སྙིང་ཅི་འདྲ་ཞིག་ཡིན་དགོས་མིན་ཐད་ལ་བསམ་གཞིག་བྱེད་པར་བར་སྟོང་ཆེན་པོ་ཞིག་ལུས་ཡོད་པ་མ་ཟད། རིག་གནས་ལྷུག་རྩོམ་དུ་རློམས་པའི་བརྩམས་ཆོས་ཤིག་གམ་དེའི་མཛེས་ཚོར་གྱི་ཁྱད་ཆོས་སོགས་ལ་དཔྱད་པ་དང་དབྱེ་ཞིབ་བྱེད་པར་རིག་གཞུང་གི་རྒྱབ་རྟེན་དབེན་པའི་དཀའ་ངལ་འཕྲད་བཞིན་ཡོད། དེས་ན་འདིར་ཡང་རང་ཉིད་ཀྱི་བསམ་ཚུལ་ཙམ་ལ་བརྟེན་པ་ལས། རིག་གཞུང་གི་རྒྱབ་རྟེན་དབུལ་བའི་སྒོ་ནས «རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ལས་མངོན་པའི་མཛེས་ཚོར་ཁྱད་ཆོས་ཐད་དབྱེ་ཞིབ་ཅུང་ཟད་ཞུས་ན།
       གཅིག །སྤྱིའི་རྩོམ་སྲོལ་ལས་མངོན་པའི་མཛེས་ཚོར། སྤྱིར་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལ་མཚོན་ན། སི་ཏུ་ཆོས་ཀྱི་རྒྱ་མཚོའི«དབུས་གཙང་གནས་ཡིག»ལྟ་བུ་དང་། དགེ་འདུན་ཆོས་འཕེལ་གྱིས་མཛད་པའི«རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག»ལྟ་བུ་གནས་མཇལ་གྱི་ལམ་ཐིག་དང་། ཡང་ན་ལྗོངས་ནས་ལྗོངས་སུ་རྒྱུ་བའི་མཐོང་ཐོས་དང་གནས་དང་རྟེན་ཁྱད་པར་ཅན་ངོ་སྤྲོད་བྱེད་པའི་ལམ་ཡིག་དང་གནས་ཡིག་སོགས་རིག་གནས་ལྷུག་རྩོམ་དང་ཆ་འདྲ་བའི་རྩོམ་སྲོལ་ཞིག་སྔར་ནས་ཡོད་མོད་ཀྱང་། རིག་གནས་གནས་ལྷུག་རྩོམ་དུ་ལམ་ཡིག་དང་གནས་ཡིག་སོགས་སུ་སྣང་བའི་ལྗོངས་རྒྱུའི་ཟིན་ཐོ་ཙམ་གྱི་འབྲི་ཐབས་དང་། ཡུལ་བསྐོར་གྱི་ལམ་ཐིག་གསལ་བར་བྱས་ཏེ་ལམ་བར་གྱི་མཐོང་ཐོས་མྱོང་གསུམ་མམ་རི་ཆུའི་བཀོད་པ་སོགས་ཞིབ་འབྲི་བྱེད་པ། གཞན་ཡང་ལོ་རྒྱུས་མི་སྣའི་སྣང་བརྙན་འབྲི་བཞེངས་བྱེད་པའམ་མཛད་རྗེས་ལ་གདེང་འཇོག་བྱེད་པ། དེ་བཞིན་གནས་བཤད་ཁྲོད་དུ་རིག་གནས་ལོ་རྒྱུས་ཀྱི་ཆ་འཕྲིན་མང་བ་སྟེ་ཤེས་བྱའི་རང་བཞིན་ལྡན་པ་སོགས་སྲོལ་རྒྱུན་གྱི་རྩོམ་སྲོལ་དུ་མ་རྒྱུན་འཛིན་བྱས་ཡོད་པ་མ་ཟད། རིག་གནས་ཀྱི་དར་རྒུད་དང་འབྲེལ་བའི་ཕྱིར་རྟོག་གཏིང་ཟབ་པ་དང་། རྩོམ་པ་པོའི་བསམ་བློའི་བརྩེ་དུང་རྣམ་འགྱུར་དེ་བས་ཁ་གསལ་བའམ་འབུར་དུ་ཐོན་པའི་གསར་གཏོད་ཀྱི་ཆ་ཡང་མངོན་པར་བྱས་ཡོད་དེ། དཔེར་ན། “མེས་པོ་རྣམས་ཀྱིས་རི་མཐོན་པོ་བླ་རུ་བཀུར་ཞིང་། ཆུ་ཆེན་པོ་གཙིགས་སུ་བཟུང་བའི་དྲིན་གྱིས་ད་ལྟ་ང་ཚོ་ལ་མཐོ་ས་ན་ལྷང་ངེར་འགྱིང་བའི་བླ་རི་ལྟ་རྒྱུ་ཡོད་ལ། དམའ་ས་ན་ཤག་ཤག་ཏུ་བཞུར་བའི་ཆུ་བོ་ཡང་མཇལ་རྒྱུ་འདུག”ཅེས་མེས་པོའི་མཛད་རྗེས་ལ་རྗེས་སུ་ཡི་རང་ཞུ་བའི་བསམ་འདུན་དྲག་པོ་མཚོན་པ་ལྟ་བུ་དང་། “དེང་སང་ཁ་ཕོ་ཆེ་བའི་ན་གཞོན་ཚོས་ང་ནི་འབོལ་རྩོམ་གྱི་གསར་གཏོད་པ་ཡིན། ཁོ་ནི་བཅད་གསར་གྱི་དབུ་འབྱེད་པ་རེད་ཅེས་འུར་སྒྲོག་བྱས་ཀྱང་། འབོལ་རྩོམ་དང་བཅད་གསར་ཞེས་མིང་སྙན་མོ་དེ་མེད་པ་མ་གཏོགས་རྩོམ་ལུགས་ནི་སྔོན་ནས་ཆགས་ཡོད་ལ། ཁྱད་པར་རྫ་དཔལ་སྤྲུལ་དང་། ཞབས་དཀར་པ། ཞང་སྟོན་བསྟན་པ་རྒྱ་མཚོ། དགེ་འདུན་ཆོས་འཕེལ་ལ་སོགས་པའི་ལྗགས་རྩོམ་ལ་དེའི་ཁྱད་ཆོས་མངོན་དུ་གསལ”ཞེས་པ་ལས་སྔོན་གྱི་མཁས་པའི་ལོ་རྒྱུས་ཀྱི་མཛད་རྗེས་ལས་འཕྲོས་ཏེ། དེང་རབས་སུ་འབོལ་རྩོམ་དང་བཅད་གསར་ཞེས་པའི་རྩོམ་སྲོལ་བྱུང་བའི་ཐད་ལ་བསམ་གཞི་དང་གཏིང་ཟབ་པའི་ཕྱིར་རྟོག་གནང་ཡོད་པར་སེམས། དེས་ན«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ལས་སྲོལ་རྒྱུན་གྱི་རྩོམ་སྲོལ་ལ་རྒྱུན་འཛིན་བྱས་ཡོད་པ་མ་ཟད། དེང་རབས་རིག་གནས་ལྷུག་རྩོམ་གྱི་གསར་རྩོམ་གྱི་ཆ་ནས་གསར་གཏོད་ཀྱི་རང་བཞིན་ཞིག་ཀྱང་མཚོན་ཡོད་པས། དེ་ནི་བརྩམས་ཆོས་སྤྱིའི་རྩོམ་སྲོལ་ལས་མངོན་པའི་མཛེས་ཚོར་ཁྱད་ཆོས་ཤིག་ཡིན་པར་འདོད་དོ། །
       གཉིས། ལྷུག་རྩོམ་གསར་རྩོམ་གྱི་སྒྱུ་རྩལ་མཚོན་ཐབས་ཀྱི་མཛེས་ཚོར། ལྷུག་རྩོམ་ཞེས་པའི་རྩོམ་ལུས་འདི་ནི་སྒྲུང་གཏམ་ལྟ་བུར་དོན་བརྗོད་གཙོར་བོར་བྱེད་པ་ཁོ་ན་ཞིག་མ་ཡིན་ལ། སྙན་ངག་ལྟ་བུར་དུང་བརྗོད་གཙོ་བོར་འཛིན་པ་ཞིག་ཀྱང་མ་ཡིན་པར། དོན་བརྗོད་དང་དུང་བརྗོད་གཉིས་ཀ་ལྡན་པའི་རྩོམ་སྟངས་རང་དབང་ཆེ་བའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་ཞིང་། ལུས་ཀྱི་ཆ་ནས་ལྷུག་པ་གཙོ་བོར་བྱེད་པའི་སྒྲ་ཡངས་འཇུག་གི་ལྷུག་རྩོམ་དང་། བརྗོད་བྱ་མཚོན་ཐབས་ཀྱི་ཆ་ནས་དོན་བརྗོད་དང་དུང་བརྗོད་ཀྱི་མཚོན་ཐབས་མི་འདྲ་བའི་སྒྱུ་རྩལ་རྩོམ་རིག་གི་རིགས་སུ་གཏོགས་པའི་སྒྲ་དོག་འཇུག་གི་ལྷུག་རྩོམ་ཞེས་དབྱེ་ཚུལ་ཡོད་ཅིང་། དེ་འདྲའི་དབང་གིས་ལྷུག་རྩོམ་ནི་དྲང་བརྗོད་ཡིན་དང་འཁྱོག་བརྗོད་ཡིན་གྱི་གནད་དོན་ཞིག་ལུས་ཡོད་ཅིང་། དངོས་འབྲིའི་རྩོམ་རིག་དཔེར་ན་སྙན་ཞུའི་རྩོམ་རིག་དང་དྲན་ཐོའི་རྩོམ་ཡིག བརྟག་དཔྱད་སྙན་ཞུ་ཞེས་པ་དེ་དག་ནི་བདེན་པ་བདེན་ཐུབ་དྲང་བརྗོད་ཀྱི་རྣམ་པ་གཙོ་ཆེར་འཛིན་པ་དང་། བསྡུས་བརྗོད་ལྷུག་རྩོམ་ཞེས་པ་ལྟ་བུ་བསྡུས་བརྗོད་ཀྱི་ཐབས་བརྟེན་ནས་སྒྱུ་རྩལ་གསར་བཞེངས་ཀྱི་འཁྱོག་བརྗོད་གཙོ་ཆེར་འཛིན་པ་ལྟ་བུ་ལྷུག་རྩོམ་གྱི་མཚོན་སྟོབས་ཤིན་ཏུ་རྒྱ་ཆེ་བ་ཞིག་ཡིན་པ་ལྟར། ཡུལ་བསྐོར་ཟིན་ཐོའམ་ལྗོངས་རྒྱུའི་ལྷུག་རྩོམ་ནི་སྤྱིར་ན་དྲང་བརྗོད་གཙོ་ཆེར་བྱེད་པ་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལས་ལམ་ཡིག་གམ་ཡང་ན་གནས་ཡིག་ལྟ་བུའི་རྩོམ་སྲོལ་དང་འདྲ་ཆེ་བ་ཞིག་དང་། དངོས་འབྲིའི་ལྷུག་རྩོམ་ཞེས་པ་ཡང་དྲང་བརྗོད་གཙོ་བོར་བྱས་ཏེ། མི་དངོས་དང་དོན་དངོས་བྲིས་པ་བརྒྱུད་ནས་སྤྱི་ཚོགས་ཀྱི་སྣང་ཚུལ་མཚོན་པ་ཤས་ཆེ་ཞིང་། ཡིད་འགྱུར་མཚོན་པའམ་དུང་བརྗོད་ལྷུག་རྩོམ་ནི་གཙོ་བོ་རྩོམ་པ་པོའི་ནང་བསམ་པའི་བརྩེ་དུང་དང་ཡིད་འགྱུར་མཚོན་པ་གཙོ་བོར་འཛིན་པ་ཡིན་ན། རིག་གནས་ལྷུག་རྩོམ་ཁྲོད་དུ་དངོས་འབྲིའི་རང་བཞིན་གྱི་ཆ་ནས་ཡུལ་དངོས་དང་མི་དངོས་འབྲི་བ་གཙོ་ཆེར་འཛིན་ཞིང་། ཡུལ་ནི་རིག་གནས་ཀྱི་དོན་སྙིང་ལྡན་པའི་ཡུལ་ལམ་གནས་ཞེས་པ་ཤས་ཆེ་བ་ལས་སྤྱིར་བཏང་ཡུལ་ལྗོངས་མ་ཡིན་ཞིང་། མི་ཡང་ལོ་རྒྱུས་ཐོག་དངོས་སུ་བྱོན་ཞིང་། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མི་སྣ་ཡིན་པ་ལས་སྤྱིར་བཏང་གི་མི་སྣ་ཕལ་པ་མ་ཡིན་པ་ཞིག་ཡིན་ལ། དེའི་སྟེང་དུ་རྩོམ་པ་པོ་རང་ཉིད་ཀྱི་བསམ་བློའི་བརྩེ་དུང་གི་རྣམ་འགྱུར་རམ་ཡིད་འགྱུར་ཤིན་ཏུ་གསལ་བ་མ་ཟད། བགྲོ་གླེང་ངམ་དཔྱད་གླེང་ལྷུག་རྩོམ་ལྟ་བུར་རྟོག་དཔྱོད་ཀྱི་བསམ་གཞིག་ཟབ་པ་ལ་སོགས་པའི་ཁྱད་ཆོས་འཛོམས་ཡོད་པ་ཡིན་པས། ལྷུག་རྩོམ་གྱི་རྣམ་གྲངས་གཞན་དང་རིག་གནས་ལྷུག་རྩོམ་བར་གྱི་ཁྱད་པར་ཡང་དེ་དག་ལ་ལྟོས་ནས་བྱུང་བ་ཡིན། དེས་ན«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ཁྲོད། ཡུལ་དངོས་དང་མི་དངོས་སོགས་བརྗོད་སྤྲོས་བྱེད་པའི་བརྒྱུད་རིམ་ལས། དྲང་བརྗོད་ལྷུག་རྩོམ་གྱི་ཁྱད་ཆོས་མངོན་པར་གསལ་བ་དང་། ཡང་སྐབས་འགའ་ཞིག་ཏུ་ཡུལ་གྱི་བཀོད་པ་དང་ལོ་རྒྱུས་ཀྱི་དོན་རྐྱེན་སོགས་བརྗོད་སྤྲོས་བྱེད་པའི་བརྒྱུད་རིམ་ནང་འཁྱོག་བརྗོད་ལྷུག་རྩོམ་གྱི་ཁྱད་ཆོས་ཀྱང་ལྡན་ཡོད་པ་མ་ཟད། སྐབས་སྐབས་སུ་རྩོམ་པ་པོས་ཡུལ་གྱི་བཀོད་པ་ཉམས་དགའ་བ་དང་། ཉམ་ཐག་པའི་གནས་བབས་དང་། དེ་དག་ལས་བསྐྱེད་པའི་སེམས་འགྱུ་དང་ཡིད་འགྱུར་སོགས་མཚོན་པའི་སྐབས་སུ་འཆར་སྣང་དང་དངོས་ཡོད་ཟུང་དུ་སྦྲེལ་ཞིང་། རྩོམ་པ་པོའི་བསམ་བློའི་བརྩེ་དུང་གི་རྣམ་འགྱུར་གསལ་བ་སོགས་མདོར་ན་ལྷུག་རྩོམ་གསར་རྩོམ་གྱི་སྒྱུ་རྩལ་མཚོན་ཐབས་དུ་མ་ཤིན་ཏུ་འཁྲུག་པོའི་སྒོ་ནས་མཚོན་ཡོད་པས་ན། དེ་ནི་ལྷུག་རྩོམ་གསར་རྩོམ་གྱི་སྒྱུ་རྩལ་མཚོན་ཐབས་ཀྱི་མཛེས་ཚོར་ཁྱད་ཆོས་ཤིག་མིན་ནམ་སྙམ་མོ། །
       གསུམ། རིག་གནས་ལོ་རྒྱུས་ཤེས་བྱའི་མཛེས་ཚོར། རིག་གནས་ལྷུག་རྩོམ་ཞེས་པ་ནི“རིག་གནས་ལོ་རྒྱུས་དང་ལྷུག་རྩོམ་གྱི་འབྲེལ་བའི་མཚམས་ནས། རྩོམ་རིག་གི་གཟུགས་བརྙན་དང་ཡིད་འགྱུར་ལ་བརྟེན་ནས་རིག་གནས་ལོ་རྒྱུས་མལ་ལས་བསླང་ཞིང་། རིག་གནས་ལོ་རྒྱུས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལྷུག་རྩོམ་གྱི་ཟབ་དོན་ཕུན་སུམ་ཚོགས་པོར་བྱེད་པ”ཞིག་ཡིན་ཞེས་གསུངས་པ་ལྟར། རིག་གནས་ལོ་རྒྱུས་ནི་ནང་གི་རྫས་དང་ལྷུག་རྩོམ་ནི་ཕྱིའི་རྣམ་པ་ལྟ་བུ་ཞིག་ཡིན་ཞིང་། དེ་ལས་གལ་ཆེ་བ་ཞིག་ནི་ལྷུག་རྩོམ་གྱི་སྒྱུ་རྩལ་ལ་བརྟེན་ནས་ནང་གི་རྫས་སུ་གྱུར་བའི་རིག་གནས་ལོ་རྒྱུས་ལ“སྲོག་གི་དབང་པོ”ཞུགས་ནས་འགུལ་ཐུབ་པ་ཞིག་ཏུ་གྱུར་དགོས་པ་དེ་ཡིན་པས། རིག་གནས་ལྷུག་རྩོམ་གྱི་ཁྱད་ཆོས་གཙོ་བོ་དེ་ཡང་བརྩམས་ཆོས་ཀྱི་ཁྲོད་དུ་ཕུན་སུམ་ཚོགས་པའི་རིག་གནས་ལོ་རྒྱུས་ཀྱི་ཤེས་བྱ་སིམ་ཡོད་པ་དེ་ཡིན་པ་ལྟར། «རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ཁྲོད་དུ་ཡང་དེ་ལྟ་བུའི་རིག་གནས་ལོ་རྒྱུས་ཀྱི་ཤེས་བྱ་ཤིན་ཏུ་ཕུན་སུམ་ཚོགས་པ་ཞིག་བརྗོད་སྤྲོས་བྱས་ཡོད་དེ། དཔེར་ན། ཤར་རྒྱལ་མོ་ཚ་བ་རོང་དུ་ཡོད་པའི་མོ་བཟའ་རྒྱལ་མོའི་མཁར་ཤུལ་དང་དེའི་ལོ་རྒྱུས་ཀྱི་གནའ་གཏམ། ཨ་ཕྱུག་རྩྭ་ཐང་གི་གེ་སར་རྒྱལ་པོའི་འཁྲུངས་རབས། འདན་ཁོག་ལོ་ཆུང་གྲོང་བརྡལ་ནས་མཇལ་བའི་རྫ་དཔལ་སྤྲུལ་གྱི་སྒྲུབ་ཁང་། མི་ཉག་ཡུལ་གྱི་ཝ་ཡོད་གྲོང་པའི་བོད་ཁང་དང་བོན་ཆོས་ཆོ་ག །དེ་བཞིན་རྒྱལ་ཁ་བཀྲ་ཤིས་གླིང་གི་སྤྱང་མིའི་གླུ་གར་དང་མཁར་རྫོང་། ཨེར་སུག་བོད་མིའི་གོམས་སྲོལ་དང་སྐད་ཆ་ལ་སོགས་རིག་གནས་ཀྱི་ཆ་འཕྲིན་ནམ་རིག་གནས་ལོ་རྒྱུས་ཀྱི་ཤེས་བྱ་དུ་མ་ཞིག་བརྩམས་ཆོས་ཀྱི་ཁྲོད་དུ་འདུས་ཡོད་པ་མ་ཟད། འགའ་ཞིག་ལ་སྔོན་གྱི་མཁས་པས་ཞིབ་འཇུག་གནང་བའི་དགོངས་པ་དང་ཡང་ན། ལོ་རྒྱུས་དེབ་ཐེར་དང་དཔེ་ཆ་སོགས་སུ་འཁོད་པའི་དཔྱད་གཞིའི་ཡིག་རིགས་སོགས་ཀྱང་དྲངས་ཡོད་པ་ལས་མཚོན་ནུས་པས། རིག་གནས་ལོ་རྒྱུས་ཤེས་བྱའི་རང་བཞིན་འབུར་དུ་ཐོན་ཡོད་པ་ལས། བརྩམས་ཆོས་ལ་མངའ་བའི་རིག་གནས་ལོ་རྒྱུས་ཤེས་བྱའི་མཛེས་ཚོར་གྱི་ཁྱད་ཆོས་མཚོན་ཡོད་པར་འདོད་ལ། ཡང་སྒོས་རིག་གནས་ལོ་རྒྱུས་ཤེས་བྱ་དེ་དག་ཀྱང་ཤེས་བྱ་རྐྱང་པ་ངོ་སྤྲོད་བྱས་པ་ཙམ་ཞིག་མ་ཡིན་པར། སྐབས་སྐབས་སུ་རྩོམ་པ་པོའི་ཡུལ་དངོས་ཀྱི་མཐོང་ཐོས་དང་འབྲེལ་བའི་དྲན་གསོའི་ཚུལ་དུ་འདྲེས་ཡོད་པ་དང་། སྐབས་སྐབས་སུ་རྩོམ་པ་པོའི་ཡིད་འགྱུར་གྱི་ཁྲོད་དུ་ཐིམས་ཡོད་པ་ལས། ཕྱིའི་ཡུལ་གྱི་རྣམ་པ་ལས་བསྐྱེད་པའི་ཡིད་ཀྱི་དད་འདུན་ཡོད་ཚད་དུས་ཀྱི་བཀག་རྒྱ་ལས་གྲོལ་ཏེ། ཡུལ་གང་གི་འདས་མ་ད་གསུམ་གྱི་ངོ་མཚར་མཐའ་དག་དུས་ཀྱི་སྲུབས་ཁུང་ལས་མཇལ་ཐུབ་པའི་སྣང་བ་ཞིག་སྟེར་བར་བྱེད་ནི། དེ་བས་ཀྱང་རིག་གནས་ལོ་རྒྱུས་ཀྱི་ཤེས་བྱ་དང་རྩོམ་པ་པོའི་བསམ་བློའི་འདུ་ཤེས་གཉིས་འོ་ཆུ་གཅིག་འདྲེས་བྱུང་བའི་མཛེས་ཚོར་གྱི་ཁྱད་ཆོས་གལ་ཆེན་ཞིག་ཀྱང་ཡིན་པར་འདོད། གཞན་ཡང་ད་དུང་རྗོད་བྱེད་ཚིག་སྦྱོར་དང་། སྒྱུ་རྩལ་མཚོན་ཐབས། བརྗོད་བྱ་གདམ་གསེས་ལ་སོགས་པའི་ཆ་ནས་མིག་སྔའི་རིག་གནས་ལྷུག་རྩོམ་གྱི་བརྩམས་ཆོས་གཞན་དང་བསྡུར་ན། རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་མི་ཉུང་བ་ཞིག་ལྡན་ཡོད་མོད། འདིར་དེ་ཙམ་གྱིས་འཐུས་པར་བྱས་སོ། །
འཕྲོས་དོན་དང་མཇུག་བསྡུ་བ།
       “རྩོམ་རིག་དཔྱད་བརྗོད་དང་རྩོམ་རིག་མྱོང་རོལ་ནི། རྩོམ་རིག་གི་རིན་ཐང་མངོན་འགྱུར་བྱེད་པའི་གལ་ཆེའི་ཆ་ཤས་ཤིག་ཡིན་པ་མ་ཟད། རྩོམ་རིག་རིག་གཞུང་ཞིབ་འཇུག་གི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན”ཞེས་གསུངས་པ་ལྟར། བརྩམས་ཆོས་གང་འདྲ་ཞིག་ཡིན་ནའང་དེའི་དགེ་སྐྱོན་ཕྱོགས་གཉིས་ནས་མཐོང་དགོས་པ་ནི། རྩོམ་རིག་དཔྱད་བརྗོད་ཀྱི་བླང་བྱ་ཞིག་ཀྱང་ཡིན་པས། འདིར་ཡང་རང་ཉིད་ཀྱི་བསམ་ཚུལ་ཙམ་དང་འབྲེལ་ནས་འཕྲོས་དོན་གྱི་ཚུལ་དུ་མི་འདེང་བའི་ཆ་ཅུང་ཟད་བརྗོད་ན། གཅིག་ནི་བརྩམས་ཆོས་འགའ་ཞིག་གི་ཁྲོད་དུ། བརྟག་དཔྱད་སྙན་ཞུ་དང་ཡང་ན་དངོས་འབྲིའི་ལྷུག་རྩོམ་གྱི་ཁྱད་ཆོས་ཅུང་མངོན་གསལ་དོད་པར་བྱུང་བ་ལས། རིག་གནས་ལྷུག་རྩོམ་གྱི་ཁྱད་ཆོས་འབུར་ཐོན་ཡོང་རྒྱུར་ལྷོད་གཡེང་ཤོར་བ་ལྟ་བུའི་སྣང་བ་སྟེར་བར་བྱེད་པ་དང་། གཉིས་ནི་བརྩམས་ཆོས་ཕལ་མོ་ཆེ་ཅུང་ཟད་རིང་དྲགས་པའི་ཚོར་བ་ཞིག་སྦྱིན་པར་བྱེད་དེ། དཔེ་དེབ་གསུམ་པོའི་ཁྲོད་ཀྱི་བརྩམས་ཆོས་རིང་ཤོས་དཔེར་ན། ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད་ཅེས་པར། ཁྱོན་ཤོག་ངོས་ལྔ་བཅུ་ལྷག་ཙམ་ཡོད་པ་དང་། དེའི་ནང་གསེས་སུ་ཚན་པ་མི་འདྲ་བ་དྲུག་ཙམ་ཡོད་པ་ལས། ལྷུག་རྩོམ་བརྩམས་ཆོས་ལ་མངའ་བའི“བརྗོད་བྱ་འཐོར་ཡང་སྲོག་མི་འཐོར་བ”ཞེས་པའི་ཁྱད་ཆོས་སྲུང་འཛིན་བྱ་རྒྱུར་འགོག་རྐྱེན་བཟོས་མེད་དམ་སྙམ་པ་མ་ཟད། བརྩམས་ཆོས་གཅིག་ལ་མཚན་བྱང་ཆུང་བ་མང་དྲགས་པའི་རྐྱེན་གྱིས། བརྩམས་ཆོས་ཧྲིལ་པོའི་བརྗོད་བྱའི་སྙིང་དོན་གཅིག་སྡུད་ཀྱི་སྒོ་ནས་མཚོན་མི་ཐུབ་པའམ་ཡང་ན་བརྩམས་ཆོས་ཧྲིལ་པོའི་བརྗོད་དོན་མཚོན་ཤུགས་ཉམས་དམས་པར་བྱེད་པ་མིན་ནམ་སྙམ་མོ། །
       མདོར་ན། བོད་ཀྱི་དེང་རབས་རྩོམ་རིག་ལས། “རིག་གནས་ལྷུག་རྩོམ”ཞེས་པའི་རྩོམ་སྲོལ་འདི་ཉིད་ནི་ཅུང་ཟད་དར་སྲོལ་ཆེ་བའི་ལྷུག་རྩོམ་གྱི་སྲོལ་རྩོམ་གསར་པ་ཞིག་གམ་ཡང་ན་དེང་རབས་རྩོམ་རིག་གསར་རྩོམ་གྱི་གྲགས་འགུལ་ཞིག་ཡིན་པའི་ཆ་ནས། རྩོམ་པ་པོ་གངས་དབང་ལགས་ཀྱི«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»འདི་ཉིད་ལ་གསར་རྩོམ་ལག་ལེན་དང་། རིག་གཞུང་ཞིབ་འཇུག་སོགས་གང་གི་ཆ་ནས་ཀྱང་དོན་སྙིང་ཆེན་པོ་ལྡན་ཡོད་པར་མ་ཟད། རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཐོབ་ངེས་ཡིན་པའི་ཡིད་ཆེས་བཅས་དང་མཇུག་བསྡུས་པར་བྱས་སོ། །

མཆན་འགྲེལ།
ཁང་སྐྱིད་བསོད་བསྟན། བུ། བོད་རིགས། ཕ་ཡུལ་བོད་ལྗོངས་ལྷ་ས། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་༢༠༢༡ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མ་དང་། སློབ་གླིང་དེ་གའི་དགེ་རྒན་ཆེན་མོ་གཞོན་པ་དང་ཞིབ་འཇུག་སློབ་མའི་མཛུབ་ཁྲིད་དགེ་རྒན་བཅས་ཡིན། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་སྐད་ཡིག་རྩོམ་རིག་དང་སློབ་གསོ་སོགས་ཡིན།
༢༠༢༢ལོའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དུས་དེབ་གསུམ་པའི་སྟེང་འཁོད་པའི་དཔྱད་བརྗོད་བོད་རྩོམ་གསར་པའི་རིག་གནས་ལྷུག་བརྗོད་ཀྱི་གྲགས་འགུལ་ཞེས་པར་གསལ།
༢༠༢༣ལོའི«ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»དུས་དེབ་གསུམ་པའི་སྟེང་འཁོད་པའི«ཕ་ཡུལ་གྱི་དད་འདུན»ཞེས་པའི་རྩོམ་ཡིག་ཏུ་གསལ།
«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»དེབ་གསུམ་པའི་འགོ་བརྗོད་དུ་གསལ། ཤོག་ངོས་༡
གོང་མཚུངས་དེབ་གསུམ་པའི་འགྲོ་ཞོར་དུ་བཏུས་པའི་མེ་ཏོག་ཅེས་པའི་རྩོམ་ཡིག་ནང་གསལ། ཤོག་ངོས་༡༥༣
གོང་མཚུངས་དེབ་དང་པོའི་རི་ཡིས་བསྲུངས་ཀྱང་ཆུ་ཡིས་དེད་ཅེས་པའི་རྩོམ་ཡིག་ནང་གསལ། ཤོག་ངོས་༡༥༡
གོང་མཚུངས་དེབ་གསུམ་པའི་ཕ་ལྟར་འགྱིང་བའི་གངས་ཏི་སེ་དང་མ་ལྟར་བཞུགས་པའི་མཚོ་མ་ཕམ་ཞེས་པར་གསལ། ཤོག་ངོས་༡༥༩
鲁枢元.文学理论[M].华东师范大学出版社.2006年7月.第1版.P115. 
༢༠༢༣ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་གསུམ་པའི་སྟེང་འཁོད་པའི«ཕ་ཡུལ་གྱི་དད་འདུན»ཞེས་པའི་རྩོམ་ཡིག་ཏུ་གསལ།
«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»དེབ་གསུམ་པའི་འགོ་བརྗོད་ཤོག་ངོས་༥པར་གསལ།
གོང་མཚུངས་དེབ་གསུམ་པའི་འགོ་བརྗོད་ཤོག་ངོས་༣པར་གསལ།
གོང་མཚུངས་དེབ་གཉིས་པའི་ཤོག་ངོས་༢ནང་གསལ།
གོང་མཚུངས་དེབ་གཉིས་པའི་ཤོག་ངོས་༥༩ནང་གསལ།
གོང་མཚུངས་དེབ་གཉིས་པའི་ཤོག་ངོས་༨༡ནང་གསལ།
⑮ 孙秋云.文化人类学教程[M].民族出版社.2004年10月.第1版.P33.
⑯ 同上.P34.
⑰ 鲁枢元.文学理论[M].华东师范大学出版社.2006年7月.第1版.P111.
«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»དེབ་གཉིས་པའི་ཤོག་ངོས་༦༣ནང་གསལ།
གོང་མཚུངས་དེབ་དང་པའི་ཤོག་ངོས་༡༢༢ནང་གསལ།
དགེ་ཆོས་མཆོག་གི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་དང་། དེ་བཞིན་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་སོགས་ལ་རིག་གནས་ལྷུག་རྩོམ་གྱི་ཁྱད་ཆོས་ལྡན་ཡོད་པར་བསམ། འདིར་ཁྱབ་ཆེ་བའི་ཚུལ་ཙམ་དུ་བརྗོད།
«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»དེབ་གཉིས་པའི་ཤོག་ངོས་༦༨ནང་གསལ།
«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»དེབ་དང་པོའི་ཤོག་ངོས་༤༦ནང་གསལ།
㉓ 刘静.文学报刊与文化散文的兴起[J].中州大学学报.2018年6月.第37卷.第3期.P16.
㉔ 鲁枢元.文学理论[M].华东师范大学出版社.2006年7月.第1版.P257. 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།