ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > བློ་མཐུན་ངག་དབང་བློ་བཟང་གི་མི་ཚེའི་འགྲུལ་བཞུད་གླེང་བ། གཟི་མིག་དགུ་པ།
བློ་མཐུན་ངག་དབང་བློ་བཟང་གི་མི་ཚེའི་འགྲུལ་བཞུད་གླེང་བ། གཟི་མིག་དགུ་པ།
རྩོམ་པ་པོ།:གཟི་མིག་དགུ་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-03-14 08:56:46
ཀློག་གྲངས།:
རྒྱལ་ཕམ་ཉམས་མྱོང་ལ་བཏགས་པའི་གཏམ་གྱི་གླིང་བུ།
—བློ་མཐུན་ངག་དབང་བློ་བཟང་གི་མི་ཚེའི་འགྲུལ་བཞུད་ཀྱི་ཆ་ཤས་ཙམ་ཡིག་ངོས་སུ་ཕབ་པ།
གཟི་མིག་དགུ་པ།
གཅིག
གཉིས།
འོ། ངའི་མིང་དངོས་ལ་ངག་དབང་བློ་བཟང་ཟེར་གྱི་ཡོད། དུས་རབས་གོང་མའི་ལོ་རབས་དྲུག་ཅུའི་ནང་སྟེ། 1968ལོར་ད་ལྟའི་ནག་ཆུ་གྲོང་ཁྱེར་སོག་རྫོང་དཀར་སྨད་ཤང་ཁེ་ཕྱྭ་མདའ་གྲོང་ཚོར་ཚེ་སྲོག་གི་སོན་འབྲུ་ཐོག་མར་འཐོར་ཞིང་རང་ལོ་བཅུ་ཟིན་མཚམས་སུ་ཡུལ་དེའི་དམངས་བཙུགས་སློབ་གྲྭར་འགྲིམ་སྟེ་ཀ་ཁའི་འབྲི་ཀློག་དང་ས་ལས་རྡོ་དབོར་སོགས་ལས་སློབ་ཟུང་དུ་སྒྲིལ་བའི་ཁོར་ཡུག་དེའི་སྐྱིད་སྡུག་འགམ་ནས་ཡོང་བ་ཡིན། ད་ལྟ་བདག་ཡིད་ཀྱི་གཙང་པོའི་རླབས་རྒྱུན་བསྐྱར་དུ་དེད་ན་དངོས་གནས་སྐབས་དེ་དུས་ངས་སྐྱེ་བོ་མཐའ་དག་ལ་དབང་བའི་བྱིས་དུས་ཀྱི་སྤྲོ་སྣང་ཇི་སྙེད་ཅིག་འགམ་སྟེ་ཡོང་བ་ཡིན་འདུག དེ་ལྟར་བཤད་ན་མང་པོས་མགོ་བོ་ལོགས་སུ་གཡུགས་ཤིང་། དུས་སྐབས་དེར་འཁྱག་ལྟོགས་ཁོ་ན་ལས་སྤྲོ་སྣང་ཞིག་མེད་པར་སྨྲ་སྲིད། དེ་ནི་མང་པོའི་སེམས་ངོས་སུ་སྤྲོ་སྣང་ཞེས་པ་ནི་དཔལ་འབྱོར་ལོངས་སྤྱོད་ཀྱིས་ཕྱུག་ཅིང་བག་མེད་རྒྱས་སྤྲོས་ཁོ་ན་བྱེད་མཁན་ལ་ངོས་འཛིན་བྱེད་པས་སོ། །དོན་དུ་དེ་ནི་ཐར་མཐའ་བའི་བསམ་བློའི་འཇིག་རྟེན་ཞིག་གམ་ལྟོགས་སྐོམ་གྱིས་མནར་ཏེ་ལོ་ཟླའི་བཤུལ་ལམ་རིང་མོ་བརྒྱུད་པའི་བག་ཆགས་ཀྱིས་གཙེས་ནས་ཐོན་པའི་འདུ་ཤེས་རང་ག་བ་ཞིག་ལས། དོན་དམ་པར་སྤྲོ་སྣང་ནི་བྱིས་པ་ཕལ་མོ་ཆེའི་མི་ཚེའི་དབུ་ཁྱུད་དུ་བྲིས་པའི་ཡིག་འབྲུ་སྙིང་རྗེ་པོ་ཞིག་ཅི་ལ་མིན་ཏེ། ང་ལ་ཡང་སྙིང་རྗེ་བའི་ཡིག་འབྲུ་དེ་གཉིས་ཀྱི་དབུ་ཁྱུད་འབྲི་བའི་ལས་བསྐལ་འཆད་མྱོང་མེད། སྐད་ཡིག་གི་སྦྲང་རྩི་མངར་མོ་འཐུང་ཞོར་འཚོ་བའི་དཀའ་སྡུག་ལ་ཞུན་བརྡར་བྱེད་པའི་ལས་སློབ་ཟུང་འབྲེལ་གྱི་ཁོར་ཡུག་དེ་ནས་ན་མཉམ་ཚོ་དང་ལྷན་དུ་རྩེད་ཞོར་དགོད་ཞོར་དུ་བགྲང་བྱ་རེ་ཟུང་ཁྱུར་མིད་དུ་བཏང་སྟེ་ལུས་སྒྲོམ་གྱི་ལྷུག་ཚིག་རིང་དུ་སོང་། འཚོ་བའི་སྒལ་གཞུང་གི་སྒང་གཤོངས་དེད་པས་ལེགས་ཉེས་བླང་དོར་སོགས་འཇིག་རྟེན་གྱི་བྱ་བ་ཡང་སྣ་ཟིན་སྤུ་ཟིན་གྱིས་འཇུག་པར་བརྩམས་ནས་ཡོང་བ་ཡིན། ཁྱིམ་དུ་སྡོད་དུས་ཕ་མ་དྲིན་པོ་ཆེ་ཚོའི་བཀའ་མངགས་ལྟར་རོང་འབྲོག་གི་ལས་ཀ་མང་པོ་ཞིག་ལ་འཐམ་མྱོང་ཡོད། དེ་ནི་སྐབས་དེ་དུས་ཀྱི་ཁྱིམ་ཚང་གི་སློབ་གསོ་ཞིག་ཀྱང་ཡིན་ཆོག་པ་རེད། ལས་ཀ་དང་སློབ་སྦྱོང་དུས་གཅིག་ཏུ་བྱེད་པ་ནི་བྱིས་པའི་འཚར་ལོངས་ལ་སྨན་པའི་སློབ་གསོའི་ལམ་ཕྱོགས་ཤིག་ཀྱང་རེད་འདོད།

བློ་མཐུན་ངག་དབང་བློ་བཟང་དང་རྩོམ་པ་པོའི་མཉམ་པར།
ལོ་རབས་བརྒྱད་ཅུའི་སྟོད་ཀྱི་ཆ་ནས་བཟུང་རང་རྒྱལ་གྱི་སྤྱི་ཚོགས་ཧྲིལ་པོ་མཐོང་ཡངས་གསལ་གསུམ་གྱི་ལམ་དུ་བྱ་འཕུར་བ་བཞིན་བསྐྱོད་ཅིང་། ཕྱོགས་གཅིག་ནས་དེང་རབས་སློབ་གསོའི་ཉི་གཞོན་གྱི་དྲོད་སྐྱིད་གངས་ལྗོངས་ས་མཐོའི་ཕྱོགས་མཚམས་ཀུན་ནས་སྤྲོས་ལ། ཕྱོགས་གཞན་ནས་མི་རིགས་སྲོལ་རྒྱུན་རིག་གནས་ལ་རྒྱུན་འཛིན་དང་དར་སྤེལ་གཏོང་འགོ་བརྩམས། དུས་མཚུངས་དམངས་རྣམས་འཚོ་བ་དབྱར་གྱི་མཚོ་མོའི་རླབས་དང་འགྲོགས་པ་ཇི་བཞིན་ཞིང་འབྲོག་ཞོར་གསུམ་གྱི་ལས་ལ་འབད་པ་རེད། སྐབས་དེ་ནས་བཟུང་སྟེ་སྲོལ་རྒྱུན་གྱི་ཚོང་ལས་བྱེད་སྟངས་ཁག་ཅིག་ལ་བསྐྱར་གསོ་དང་དེང་རབས་ཚོང་ལས་ཀྱི་ལམ་ཁ་ཇེ་ཡངས་སུ་སོང་ཞིང་། རྒོད་ཅིང་ཧྲག་པའི་ཕོ་གཞོན་ཚོས་ལྷོ་བྱང་གི་མཐའ་དབུས་དང་ཤར་ནུབ་ཀྱི་ས་མཚམས་བསྐོར་ཏེ་ཚོང་ལམ་བརྒྱུད་པའི་མཐོང་སྒོ་གསར་པ་ཞིག་ཀྱང་སླར་ཡང་ཕྱེས་པ་རེད། སྐབས་དེ་དུས་ཡུལ་མི་ཚོའི་ཤོད་རྒྱུན་དུ་གྲགས་པའི“སྟག་ཤར་བ་ཕོ་ལོ་བཅོ་ལྔ་རེད། །མདའ་སྐྱེན་པོའི་མཐེབ་ཚོད་ཟིན་ཚོད་རེད། །སྨན་བུ་མོ་མོ་ལོ་བཅོ་ལྔ་རེད། །ཞོ་དར་བའི་སྐ་སླ་འབྱེད་ཚོད་རེད། །”ཅེས་པའི་དམངས་ཁྲོད་ཀྱི་ཁ་དཔེ་དེས་གཞོན་ནུ་མང་པོར་སེམས་ཤུགས་དང་སྤོབས་པ་བསྩལ་བའི་དུས་སྐབས་ཤིག་ཀྱང་རེད། དུས་སྐབས་དེར་ངའི་ཕ་ཡུལ་ནས་བྱང་ཚྭ་ལྷོ་རུ་འདྲེན་ཞིང་ལྷོ་འབྲུ་བྱང་ལ་བསྐྱེལ་ཏེ། གཡག་རྒོད་ཀྱི་རྭ་རྩེར་ལག་འཇུ་ཐུབ་ལ་རྟ་རྒོད་ཀྱི་རྔ་རྔོག་རྐང་རྩེས་གཅོད་པའི་མི་ཕོ་སྟག་འདྲ་གཟིག་འདྲ་ཚོའི་སྙིང་རུས་ལས་ཡུལ་སྡེའི་གོམས་གཤིས་དང་འཚོ་བའི་ལམ་ལུགས་ཆགས་ཤིང་། འབྲི་ཐུར་དཀར་གྱི་ནུ་མ་བཞི་འཐེན་བྱེད་ལ་ལུག་གཡང་མོ་ཡི་བལ་སྐུད་ཉིས་སྒྲིམ་ལ་མཁས་པའི་མ་སྲུ་མཚོ་འདྲ་མཚེའུ་འདྲ་ཚོས་འཚོ་བའི་ཉིན་སྲིབ་ནས་ཁྱིམ་ཐབ་ཀྱི་ལས་ལ་གཡོས་སྦྱོར་གྱི་མེ་ཏོག་མང་པོའི་སྡེར་ཁ་བསྒྲིགས་པའི་དྲི་བསུང་དེས་དྲོ་སོབ་སོབ་ཀྱི་ཁྱིམ་ཚང་བསྐྲུན་ལ་མཁས་པའི་ངའི་ཕ་ཡུལ་དེའི་བཞིན་མདངས་ལ་སྣུམ་ཞག་གི་རི་མོ་འཁྱིལ་ནས་ཡོང་ཞིང་། དེ་དང་དུས་མཚུངས་དམངས་སེམས་ཀྱི་གཏིང་རིམ་ལ་འཐིམ་པའི་དད་དུངས་ཀྱི་ཀ་བ་སྟེ། དགོན་སྡེ་རྣམས་ཀྱང་བསྐྱར་གསོ་དང་ཆོས་དད་རང་མོས་སྲིད་ཇུས་ཀྱི་ཉི་གཞོན་ཡང་མེས་རྒྱལ་ས་གཞི་ཆེན་མོའི་ཕྱོགས་མཚམས་ནས་དལ་གྱིས་མཁའ་ལ་འཕགས། ཆབས་ཅིག་ངའི་ཕ་ཡུལ་གྱི་དགོན་སྡེ་ཡང་བསྐྱར་གསོའི་ལས་ལ་བྲེལ་ཞིང་དམངས་ཀྱི་དད་པའི་དགོས་མཁོ་བསྐོང་མུས་སུ་མཆིས། ཁོ་བོ་ནི་བྱིས་པའི་འཇིག་རྟེན་གྱི་ལེའུ་ལས་གྲོལ་ལ་མ་གྲོལ་བའི་མཚམས་སུ་ཕ་དམ་པའི་རེ་བ་ལྟར་དཀར་ཤོད་དགའ་ལྡན་ཆོས་འཁོར་གླིང་གི་འཚོགས་གྲལ་དུ་འགྲིམ་འགོ་ཚུགས་པ་ཡིན། སྔོན་གྱི་དགེ་རྒན་རྣམ་པའི་བཀའ་དྲིན་ལས་དབྱངས་གསལ་སོ་བཞིའི་སྦྱོར་ཀློག་ལ་ཆུ་རྒྱུག་རྒྱུག་ཅིག་ཐོན་ཡོད་པས། རྨང་གཞི་དེའི་འོག་ནས་མདོ་སྔགས་རིག་གནས་ལ་འཇུག་པའི་མཐོང་སྒོ་ནི་སྔར་ནས་ཕྱེས་པ་དང་ཀུན་ནས་མཚུངས་མོད། དེའང་། ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་ཡིན་པ་ལྟར་ཁོ་བོས་ཐོག་མར་དབྱངས་གསལ་སོ་བཞིའི་འབྲི་ཀློག་གི་ཡོན་ཏན་གནང་མཁན་དག་ལ་སྙིང་དབུས་ནས་བཀའ་དྲིན་ཞུ་བཞིན་ཡོད་ལ། བརྗེད་དུ་མེད་པའི་དྲིན་གཟོའི་ཚོར་བ་ཞིག་ཁྲག་རྩའི་གཏིང་ལ་འཐིམ་ཡོད། སྤྱིར་ཁོ་བོ་དགོན་སྡེའི་སྤྱི་ཚོགས་སུ་འགྲིམ་ནས་མི་ལོ་བཅུ་དགུ་ཙམ་འགོར་བ་དང་། དེའི་རིང་དགོན་སྡེའི་འཐུན་རྐྱེན་དང་དགོས་དབང་དུ་མས་རྐྱེན་བྱས་ཏེ་དགོན་སྡེའི་ཁྱོན་ཡོངས་ཀྱི་འཚོ་བར་འགན་ཁུར་དགོས་པ་བྱུང་བ་ལས། མདོ་སྔགས་རིག་གནས་ལ་བརྩོན་པའི་སྐལ་བ་མང་པོ་ཞིག་མ་ཐོབ། ཐོག་མར་དགོན་པའི་དམངས་བདག་ཨུ་ཡོན་གྱི་ལས་ཐོག་ནས་གྲྭ་ཤག་ཉམས་གསོ་ལ་ཚོགས་ཆུང་ཁག་རེ་ཟུང་བགོས་པ་ལས་ལོ་བཞི་ལྷག་རིང་ལ་ཚོགས་ཆུང་གཅིག་གི་འགན་འཁུར་བྱས་པ་ཡིན། ཕྱིས་སུ་རིམ་བཞིན་ཚོང་ལས་ལ་བརྟེན་ནས་དགོན་སྡེ་རང་ཁ་རང་གསོ་བྱེད་པའི་ལམ་ལུགས་དེའི་ནང་དཀར་ཤོད་དགའ་ལྡན་ཆོས་འཁོར་གླིང་གི་གྲྭ་ཤག་དང་འདུ་ཁང་། སྔགས་ཁང་། རྟ་བབས། དེ་བཞིན་སྐུ་གསུང་ཐུགས་རྟེན་ཉམས་གསོ་སོགས་ཀྱི་མ་དངུལ་གྲབས་གསོགས་ཆེད་དུ་མུ་མཐུད་དགོན་པའི“སྤྱི་གསོ”ཡི་འགན་ཁུར་དགོས་པའི་བཀའ་མངགས་གནང་། དེ་ནི་ངའི་ཕྲག་ཐོག་ཏུ་ཁྱིམ་ཚང་ཆེན་མོ་ཞིག་གི་འགན་འཁྲི་ལྷུང་བ་ལྟ་བུར་གྱུར། ང་ལ་མཚོན་ན་དབུལ་པོའི་ཁྱིམ་ཚང་ཞིག་ནས་དགོན་པའི་འཚོགས་རར་འགྲིམ་པ་ཙམ་ལས། ལྷོ་བྱང་གི་ཚོང་ལམ་བརྒལ་ཏེ་ཡོང་འབབ་འཚོལ་བའི་ཉམས་མྱོང་གཏིང་ནས་དབུལ་ལ། དམངས་ཀྱི་དཀོར་རྫས་ཞུ་བའི་ཡོན་ཏན་དང་རྟོགས་པ་སོགས་གང་ཡང་མ་མཆིས། རྩམ་རྐྱང་རྒྱགས་སུ་ཐོགས་པའི་གྲྭ་རྐྱང་དཀྱུས་མ་ཞིག་གིས་རྒྱ་ཆེ་ཞིང་རྙོག་འཛིང་མང་བའི་སྤྱི་ཚོགས་ལ་ཁ་གཏད་དགོས་པའི་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་གློ་བུར་དུ་རང་མགོར་བབས་པ་རེད། དེར་བརྟེན། ལས་ཀ་དེ་གནས་སྐབས་འགོ་གང་ནས་བཙུག་མིན་གྱི་ཁ་ཕྱོགས་བོར་རུང་། ལས་དང་བྱ་བ་མཐའ་དག་ཚོད་ལྟ་དང་ཉམས་མྱོང་ལས་གྲུབ་པའི་འཇིག་རྟེན་ཆོས་ཉིད་ལ་བརྩི་འཇོག་མཐའ་གཅིག་ཏུ་ཞུས་ཏེ་ལས་ཀ་དེར་འཐམ་ནས་མུ་མཐུད་ཕྱིན་པ་ཡིན།
གསུམ།
ལོ་ཤས་རིང་དགོན་པའི་མ་དངུལ་ཕྲན་ཙམ་དེ་བཀོལ་ནས་བྱང་ནག་ཆུ་དང་དགའ་ཆབ་མདོ། ནང་ཆེན། ཆུ་དམར་ལེབ་རྫོང་། འབྲི་སྟོད། རི་བོ་ཆེ། དགའ་སྐྱེ་རྒུ་མདོ་སོགས་སུ་རྟ་ཁལ་བཀོལ་ཏེ་འགྲོ་བསྐྱོད་ཐེངས་མང་བྱེད་མྱོང་ལ། སྐབས་དེ་དུས་ངས་རང་ཡུལ་ནས་བྱང་རྒྱུད་ལ་ཤིན་ཏུ་མཁོ་བའི་ཡུལ་པའི་ཐོན་རྫས་སྣ་ཚོགས་ཕར་ལ་འབོར་འདྲེན་བྱས་ཏེ། དེ་དག་སླར་ཡང་ཤ་མར་དང་བལ་རྩིད། ཁུ་ལུ་དང་པགས་རིགས། ཕྱུར་ཐུད་སོགས་ལ་བརྗེས་ཤིང་ལྷོ་བྱང་གི་བགྲོད་ལམ་མང་པོ་ལོ་ཟླ་ཞག་གིས་འཇལ་བ་ཡང་ཉུང་ཉུང་ཞིག་གཏན་ནས་མིན། ཕྱིས་སུ་ལྷ་ས་དང་ཁྲི་འདུ་སོགས་བོད་རིགས་འདུས་སྡོད་ཆེ་སའི་ས་གནས་མང་པོ་བརྒྱུད་དེ་ཚོང་ཟོག་བླངས་ཤིང་སོག་རྫོང་རྒྱལ་ཆེན་ཤང་དུ་ཡང་ཆོས་འཁོར་དགོན་པའི་སྤྱི་གསོའི་ཚོང་ཁང་ཞིག་གཏན་འཇགས་སུ་བཙུགས་པ་ཡིན། ལས་ཀ་དེའི་ལྡོག་ཕྱོགས་ནས་བསམས་ན་རྙོག་འཛིང་ཆེ་ལ་འབབ་སྒོ་ཉུང་བ་ཞིག་ཡིན་རུང་། དྲང་ཕྱོགས་ནས་བལྟས་ན་མང་ཚོགས་ཀྱི་ཉོ་སྒྲུབ་ལ་དགོས་མཁོ་སྐོང་བ་དང་ཁེ་བཟང་ཡང་གང་འཚམ་ཡོང་རྒྱུ་ཡོད་པ་ཞིག་རེད། དུས་མཚུངས་ནང་ས་ནས་དབོར་འདྲེན་བྱས་པའི་ཅ་དངོས་རྣམས་འབྲི་རུ་རྫོང་དང་སོག་རྫོང་། དེ་བཞིན་དཀར་ཤོད་ཁུལ་དུ་ཡོད་པའི་ཤང་གཉིས་ཏེ། ད་ལྟའི་རྒྱལ་ཆེན་ཤང་དང་དཀར་སྨད་སོགས་ལ་བཙོང་པ་ཡིན། ང་ལ་མཚོན་ན་ཉམས་མྱོང་དབུལ་བའི་ཁར་སྐབས་དེར་འགྲིམ་འགྲུལ་དང་བརྡ་འཕྲིན་གྱི་ཆ་རྐྱེན་ཧ་ཅང་ཞན་སྟབས། ཚོང་ཟོག་མང་པོ་ཞིག་དུས་ཐོག་ཏུ་བྲིན་མ་ཐུབ་པ་དང་དགོས་མཁོར་བསྟུན་པའི་ཡུལ་ཟོག་རྣམས་དབོར་འདྲེན་ལ་ཚད་བཀག་བྱུང་བ། བལ་དང་ཀོ་བ། ཇ་དང་ཚྭ། འབྲུ་རིགས་བཅས་ཁག་ཅིག་ནི་ཐོག་མའི་འཆར་གཞི་ལྟར་ཚོང་ལས་ལམ་ལྷོང་དུ་མ་བྱུང་བས། དགོན་སྡེའི་གཏོང་སྤྲོད་སྐབས་མི་དམངས་ཤོག་སྒོར་ཁྲི་གཅིག་དང་བདུན་སྟོང་ལྷག་ཆད་ཅིང་བུན་འཇལ་མ་ཐུབ། སྐབས་དེར་དངུལ་ཤུགས་ཆེན་པོ་ཡིན་པས་མི་དམངས་ཤོག་སྒོར་ཁྲི་གཅིག་དང་བདུན་སྟོང་ཟེར་ན་གྲངས་ཚད་ཧ་ཅང་མཐོ་པོ་ཞིག་རེད། འདི་ལྟར་དགོན་པ་དང་ལྷ་སྡེའི་རེ་ལྟོས་དང་ཡིད་ཆེས་བཅོལ་བའི་འབྲས་བུ་ལྡོག་ཕྱོགས་སུ་སོང་རྐྱེན་མཚན་ནམ་རིང་མོ་འགར་བུ་ལོན་འཇལ་ཐབས་ཀྱི་བསམ་གཞིག་སྔས་འགྲམ་དུ་བཞག་སྟེ་སྐྱིད་པའི་གཉིད་ཀྱི་རྒྱ་མཚོ་དེ་ལང་ལོང་དུ་གཡོ་བའི་རྦ་རླབས་སུ་གྱུར་ཏེ་ཡུན་རིང་བསམ་གཞིག་དང་སེམས་ཁྲལ་ཁོ་ནའི་ཀློང་དུ་ལྷུང་ཡང་། སེམས་ཤུགས་ཆེར་སྐྱེད་ཀྱིས་ཉེ་འཁོར་གྱི་གྲོགས་པོ་དང་དགའ་ཉེ་མང་པོའི་ལག་ནས་བུ་ལོན་མི་ཉུང་བ་ཞིག་གཡར་རྗེས་མུ་མཐུད་ཚོང་ལས་ལ་འབད་འབུངས་བྱས་པ་ཡིན། ངས་གསལ་པོར་དྲན་པ་ཞིག་ལ་ལོ་དེའི་སྔ་རྗེས་སུ་ངས་བྱང་ནག་ཆུ་ཁ་ནས་ཀོ་བ་ཟོག་འདྲེན་རླངས་འཁོར་གཉིས་དང་པགས་པ་མི་ཉུང་བ་ཞིག་ཉོས། དེ་དག་ལས་ཁེ་བཟང་ཐོབ་རྒྱུའི་སྟོང་བསམ་རིང་མོ་ཞིག་ཀྱང་ཡིད་ལ་བཅངས། སྟབས་མ་ལེགས་པ་ཞིག་ལ་ཀོ་བ་དང་པགས་པའི་གོང་ཚད་ཉིན་རེ་བཞིན་མར་ཆག་སྟེ་མཐར་སྒོར་བདུན་སྟོང་ཙམ་གྱོང་གུད་བྱུང་བ་རེད། ཚོང་ལས་བྱེད་པ་ནི་ལས་སླ་པོ་ཞིག་གཏན་ནས་མ་རེད་ལ། མི་ཡོད་ཚད་ཀྱིས་ཚོང་ལས་ལ་འཇོན་པའི་ངེས་པ་ཡང་དེ་བས་མེད། དེར་གཅིག་ནས་གོ་སྐབས་བཟང་པོ་ཁེལ་དགོས་ལ་གཉིས་ནས་ཞིབ་ཚགས་པའི་རྩིས་ཕྲ་དང་སྔོན་དཔག་སོགས་ཅི་རིགས་དགོས་པ་མ་ཟད། ཕྱོགས་གཞན་ནས་འབྲེལ་ལམ་དང་འཛད་སྤྱོད་པའི་དགོས་མཁོར་བསྟུན་ཤེས་པ་ཞིག་དགོས། དེ་དག་ཚང་མ་ཉམས་མྱོང་གིས་བསྐྲུན་དགོས་པ་ལས་སྐད་ཆ་བཤད་ནས་འགྲུབ་འགྲོ་བ་ཞིག་གཏན་ནས་མ་རེད།ང་ལ་དེ་དག་ཕྱོགས་ཀུན་ནས་མཐུན་རྐྱེན་མ་འཛོམས་པས་ཕམ་ཁ་མང་པོ་བྱུང་། འོན་ཏེ། ལོ་དེ་དག་རིང་ང་ལ་སྒོར་མོའི་ཐོག་ནས་ཁེ་བཟང་ཆེན་པོ་ཞིག་མ་ཐོབ་རུང་། ཉམས་མྱོང་མང་པོ་ཞིག་བསོགས་ཐུབ་པ་ནི་ཁེ་བཟང་ལེགས་ཤོས་ཤིག་ཡིན་པ་ད་ལྟ་གཞི་ནས་ཚོར་བཞིན་འདུག ང་རང་ལ་དཀའ་ངལ་འཕྲད་དུས་དཔལ་འབྱོར་དང་སེམས་ཤུགས་སོགས་ཕྱོགས་མང་པོ་ནས་རྒྱབ་སྐྱོར་གནང་མཁན་དག་ངས་གཏན་ནས་བརྗེད་མྱོང་མེད། “དཔུང་པ་གཅིག་གིས་གནམ་མི་ཐེགས་ལ། རྐང་པ་གཅིག་གིས་ས་མི་ཆོད”ཟེར་བའི་དཔེ་བཞིན་སྐབས་དེར་ང་རང་ཁེར་རྐྱང་གིས་ནུས་པ་མི་ཐོན་པས། ཕ་ཡུལ་གྱི་ཚོང་པ་རྒན་གྲས་རེ་འགའ་དང་མཉམ་སྡེབ་ཀྱིས་སླར་ཡང་ཚོང་ལས་ཀྱི་ལམ་ལ་ཞུགས་ཏེ་མདོ་དབུས་སྟོད་སྨད་བསྐོར་ཞིང་དབྱར་རྩྭ་དགུན་འབུ་གཙོས་པའི་ཚོང་ལས་གང་མང་ལ་ཚོད་ལྟ་བགྱི་ཁུལ་བྱས། ཏག་ཏག་དགུ་བཅུ་གོ་ལྔ་ལོ་དེར་རེད། ངའི་ཕ་དྲིན་ཆེན་ལ་གྲིབ་སྐྱོན་གྱི་ནད་གཞི་ཚབ་ཆེན་ཞིག་ཕོག་སྟེ་ཡུན་རིང་ནག་ཆུར་སྨན་ཁང་བསྟེན་རུང་ལོ་ཤས་ཙམ་ལ་ཚེ་སྲོག་གི་དབུགས་རྒྱུན་བསྲིང་ཐུབ་པ་ཙམ་ལས། མཐར་འཆི་བདག་གི་ཞགས་ནག་ལས་མ་ཐར་བར་འཇིག་རྟེན་ཕྱི་མའི་ཡུལ་དུ་གཤེགས་སོང་། ངའི་ཕ་མ་གཉིས་དེ་ལྟར་སྔ་རྗེས་སུ་འཇིག་རྟེན་དཀར་ངོགས་ནས་ངེད་མིང་སྲིང་ཚོ་དང་གཏན་བྲལ་དུ་སོང་བ་རེད། དེའི་རིང་ངས་ཕྱོགས་གཅིག་ནས་ཕ་དྲིན་ཆེན་ལ་ནད་གཡོག་དང་ཕྱོགས་གཞན་ནས་ཁོམ་གསེང་བེད་སྤྱད་དེ་མུ་མཐུད་ཚོང་ལས་ལ་འཐམ་པ་ཡིན། འབད་བརྩོན་དེའི་འབྲས་བུས་དེ་སྔོན་ཉེ་འཁོར་གྱི་གྲོགས་པོ་དང་ཡུལ་མི་རྣམས་ལ་ཆད་པའི་བུ་ལོན་རྣམས་འཇལ་ཐུབ་པ་བྱུང་བ་མ་ཟད། ཁེ་སྤོགས་ཀྱང་གང་འཚམ་ཐོབ་བྱུང་། དེ་ནི་འདས་པའི་བགྲང་བྱའི་ཆུ་ཀླུང་གི་གཡོ་སྐྱོམ་དུ་མས་བདག་ལ་བསྩལ་བའི་ཉམས་མྱོང་དང་སྙིང་སྟོབས་ཀྱི་ཟེགས་མ་ཡིན་ལ། དཀའ་སྡུག་ལ་བཟོད་བསྲན་དགོས་པའི་བསླབ་བྱ་ཞིག་ཀྱང་ཅི་ལ་མིན། ངས་སྐབས་དེར་དམ་བཅའ་འདི་འདྲ་ཞིག་ཡིད་ལ་ཡང་ཡང་བཅངས་མྱོང་ཡོད་པ་ནི། དྲིན་གཟོ་ཅན་ལ་དྲིན་ལན་བརྗེད་མི་རུང་བ་དང་དཀའ་སྡུག་འཕྲད་དུས་སྙིང་སྟོབས་ཞུམ་མི་ཉན་པ་དེ་རེད། ལོ་དེའི་རྗེས་སུ་རང་རེ་གཅུང་པ་ཆོས་འཁོར་དགོན་གྱི་ལྷ་སྡེ་མང་ཚོགས་དང་ཁྱད་པར་དགོན་དེའི་དགེ་འདུན་འདུས་པ་རྒྱ་མཚོར་བསླབ་གསུམ་གྱི་ཡོན་ཏན་ཀུན་ནས་གནང་ཞིང་བསྟན་པའི་ལྗོན་བཟང་སྐྱོང་མཁན་རྒན་ངག་དབང་དྲི་མེད་མཆོག་ལ་མི་འདོད་སྙུང་གཞི་དྲག་པོ་ཞིག་བྱུང་སྟེ་ཡུལ་དབུས་སུ་ཡུན་རིང་སྨན་བཅོས་ལ་ཕེབས་སྐབས་ཁོ་བོས་ཞབས་ཏོག་གང་ནུས་ཞུ་སྐལ་ཐོབ། དགོན་སྡེ་ནི་ལྷ་སྡེ་མང་ཚོགས་ཀྱི་དད་པའི་རྟེན་སྐལ་དང་དགོན་སྡེའི་འཆད་ཉན་སྤེལ་གསུམ་ནི་དད་ལྡན་ཀུན་ལ་སྨན་པའི་ཡོན་ཏན་གྱི་འབྲས་བུ་རླབས་པོ་ཆེ་ཡང་ཡིན་ལ། དགོན་སྡེའི་སློབ་གསོ་ནི་དད་འབངས་ལ་ཤིན་ཏུ་ཁ་ཐག་ཉེ་བའི་ཀུན་སྤྱོད་ཡར་སྐུལ་གྱི་བསླབ་བྱ་ཞིག་ཀྱང་ཡིན་ཆོག དེར་བརྟེན་ཁོ་བོས་རྒན་ལགས་ཀྱི་སྙུང་གཞིར་སེམས་ཁྲལ་ཆེན་པོ་བྱུང་། དེའི་རིང་ཁོང་གི་བཀའ་མངགས་ལ་གུས་པ་ཆེན་པོས་དང་ལེན་ཞུས་ཏེ་སླར་ཡང་དགོན་སྡེའི“སྤྱི་གསོ”རུ་ལོ་གསུམ་ཙམ་འགན་ཁུར་ཏེ་བསྡད་པ་ཡིན། སྐབས་དེ་དུས་ནི་ང་རང་སྒེར་ངོས་སུ་སྐྱིད་སྡུག་མང་པོ་མྱངས་ཟིན་པའི་ཉམས་མྱོང་གི་བསླབ་བྱ་དང་གཅིག ཁྱད་པར་སྤྱི་ཚོགས་ཧྲིལ་པའི་འཚོ་བའི་འཁོར་རྒྱུག་དང་གཉིས། ཡང་སྒོས་སུ་ཏང་གི་ཡང་དག་སྲིད་ཇུས་བཟང་པོའི་ཉི་གཞོན་ཕྱོགས་མཚམས་ཀུན་ནས་ཤར་ཡོད་པ་བཅས་ལས། ངས་ལས་ཀར་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་སུ་སོང་སྟེ་སྔར་དང་བསྡུར་ན་འབྲས་བུ་ཆེན་པོ་ཐོན་བྱུང་། དུས་སྐབས་བཟང་པོ་དེ་བེད་སྤྱད་ནས་ངས་སྣེ་མང་བའི་བསམ་གཞིག་དང་ཁྱད་པར་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་ལ་བསྟུན་གང་ཐུབ་ངང་འགྲོ་བའི་ལམ་སེལ་དགོས་པའི་བསམ་འདུན་བཅངས་ཏེ་ཀྱག་ཀྱོག་མང་ལ་གྱེན་ཐུར་ཆེ་ཞིང་། གུ་དོག་པའི“བྱ་མོ་ཉག”གི་ལམ་ཕྲན་དེ་བསྒྱུར་བཅོས་དང་ཁོད་ཡངས་སུ་བཏང་བ་མ་ཟད། སྔར་གྱི་གཞུང་ལམ་ཞོལ་གྲོང་ཚོའི་དཀྱིལ་ནས་ཁེལ་ཡོད་པ་དེ་བསྒྱུར་བཀོད་བྱས་ཏེ་ད་ལྟའི་དགོན་འདབས་ནས་ཤར་གཏོང་ཐུབ་པ་བྱས་ཤིང་དེར་འགྲོ་གྲོན་འབོར་ཆེན་བཏང་བ་ཡིན། མ་ཟད་དགོན་པའི་རབ་གསལ་ཁང་དུ་གསེར་སྐུའི་ལྷ་ཁང་བཞེངས་པ་དང་། སྒོ་རའི་ནང་དུ་རྡོ་གཅལ་བཏིང་བ། འདུ་ཁང་ཁ་ཕུབ་པ། ཤེལ་ཁང་བསྐྲུན་པ་བཅས་བྱེད་སྤྱད་ཀྱི་མ་དངུལ་ཡོད་ཚད“སྤྱི་གསོའི”ཚོང་ལས་ཡོང་འབབ་ནས་བྱུང་བ་རེད་ཟེར་ན་ཡང་མི་འགྲིག་པ་མེད་དེ། སྐབས་དེར་སྔ་རྗེས་སུ་ངས་མི་དམངས་ཤོག་སྒོར་ཁྲི་དྲུག་ཅུ་རེ་གསུམ་ལྷག་ཙམ་གྱི་ཁེ་བཟང་ཡོད་ཚད་དེ་ལྟ་བུའི་དགོན་པའི་ཕྱི་ནང་གི་འཛུགས་སྐྲུན་ལ་བཏང་བ་ཡིན། ལོ་ངོ་དེ་དག་རིང་ཁོ་བོར་དཀའ་ངལ་ཇི་ཙམ་བྱུང་ཡོད་པ་ནི་གནམ་སྔོན་པོས་མ་གཏོགས་འགྲེལ་བར་དཀའ་བ་ཞིག་རེད། ཐོག་མར་སྒེར་གྱི་ཁྱིམ་ཚང་གི་ཆ་རྐྱེན་ཞན་ལ་འཐུས་རྐྱེན་འཛོམས་པོ་མེད་པའི་ཁར། ཕ་མ་གཉིས་འཇིག་རྟེན་ཕྱི་མའི་ལམ་དུ་གཤེགས་ཏེ་མིང་སྲིང་ཚོ་དྭ་ཕྲུག་ཏུ་གྱུར་བ་མ་ཟད། མིང་སྲིང་གཉིས་དབང་པོ་སྐྱོན་ཅན་དུ་གྱུར་བའི་ཁར་རང་ཉིད་ཀྱིས་དགོན་པའི་ཕྱི་ནང་གི་འཛུགས་བསྐྲུན་ཀུན་ལ་འགན་ཁུར་དགོས་པ། དེ་བཞིན་སྔར་སྲོལ་ལྟར་ཡོད་པའི་དགོན་སྡེའི་ཞིང་ཁ་རྣམས་ཀྱི་རྨོད་འདེབས་སོགས་ཕལ་ཆེ་བ་ཁོ་བོ་ནས་འགན་ཁུར་དགོས་རྐྱེན་དགོན་སྡེ་དང་ཁྱིམ་ཚང་། ལྷ་སྡེ་མང་ཚོགས་ཀྱི་རེ་བ་ཡོད་ཚད་ཁོ་བོའི་མགོ་ཐོག་ཏུ་ལྷུང་བའི་ཚོར་སྣང་དང་སེམས་ཁྲལ་དེའི་འོག་ཏུ་ཕྱི་ནང་གི་འགན་འཁྲི་མང་པོ་ཞིག་དགུན་དཔྱིད་མཚམས་ཀྱི་གངས་རྡུལ་ཉིལ་བ་ལྟར་གཅིག་རྗེས་གཉིས་མཐུད་ངང་ངའི་སེམས་ངོས་སུ་བབ་སྟེ་ཡོང་། དེ་ལྟ་བུའི་ལོ་ཟླའི་སྒལ་རྒྱབ་ནས་འཕྲད་པའི་སྐྱིད་སྡུག་ནི་ཁོ་བོའི་མི་ཚེའི་དཀྱོག་མཚམས་སུ་འཕྲད་པའི་དཀའ་ངལ་ཆེ་ཤོས་ཤིག་ཡིན་ལ། སྙིང་སྟོབས་སྐྱེད་པའི་སྐུལ་ལྕག་ཡག་ཤོས་ཤིག་ཀྱང་ལོས་ཡིན། གནས་ཚུལ་དེའི་འོག་ནས་ངས་དཀའ་སྡུག་ལ་བཟོད་གསན་དང་སྙིང་སྟོབས་ལ་ཞུན་བརྡར་ཐེངས་མང་བྱས་ཏེ་སྒེར་ཚུགས་ཀྱིས་འགྲེང་ཐུབ་པ་བྱས་ཤིང་། དགོན་སྡེའི་མ་དངུལ་གྱི་གཏོང་སྤྲོད་ཚང་མ་ཁ་གསལ་གཏིང་གསལ་གྱིས་རྩིས་རྒྱག་སྤུས་གཙང་བྱས་ཤིང་དུས་ཡུན་གང་འཚམ་རིང་རང་མོས་ཀྱིས་ཚོང་ལས་འགར་འཐམ་པ་ཡིན། སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་ལོ་འགོར་དབྱར་རྩྭ་དགུན་འབུ་མང་པོ་ཉོས་ཤིང་ཁེ་སྤོབས་ཆེན་པོ་ཞིག་ཡོང་བའི་སྟོང་བསམ་རིང་མོ་དེས་མཐར་མི་དམངས་ཤོག་སྒོར་ཁྲི་སུམ་བརྒྱ་ལྷག་རྐུབ་རྡིབ་སྟེ་དཀའ་ངལ་ཆེན་པོར་འཕྲད་དུས་ཆེས་སེམས་ཁྲལ་ཡོང་ས་ནི་བདག་ལ་རྒྱུ་ཟས་ཀྱི་འབྲེལ་ལམ་ཟབ་པའི་སྙིང་ཉེ་བའི་གྲོགས་པོ་དང་དགའ་ཉེ་ཚོར་བུ་ལོན་འཇལ་ཐུབ་པའི་རེ་བ་ལས། ཁེ་སྤོགས་ལ་རྔམ་རྒྱུ་དེ་གཏན་ནས་བརྗེད་དེ་སོང་། མི་ལ་སྐྱིད་སྡུག་མང་པོ་ཡོང་སྲིད། འོན་ཏེ་ང་ཚོས་མི་གཞི་དོར་མི་རུང་། སྒེར་ཚུགས་དང་སྙིང་སྟོབས་དེ་བས་ཉམས་མི་རུང་། དེར་བརྟེན་དཔལ་འབྱོར་གྱི་མ་རྩ་ནི་གནས་སྐབས་ཀྱི་མ་རྩ་དང་ཁ་དན་ཚིག་གནས་དང་མི་གཞི་དྲང་པོའི་མ་རྩ་ནི་ཚེ་གཅིག་གི་མ་རྩ་ཡིན་པའི་འདུ་ཤེས་སེམས་ལ་ཉར་ཏེ་ཐབས་ཤེས་ཡོད་རྒུས་བུ་ལོན་རྣམས་འཇལ་གང་ཐུབ་བྱས་ཤིང་དཀའ་ལས་ཚད་མེད་སྐྱོང་བས་ཕམ་ཁ་ནི་རྒྱལ་ཁའི་སྔོན་འགྲོ་ལྟར་གྱུར་ལ། འགྱེལ་ས་ནས་ལངས་དགོས་པའི་གནས་ལུགས་ཟབ་མོ་ཞིག་འཚོ་བ་དངོས་ལས་རྙེད་བྱུང་།
བཞི།
ད་ལྟ་ཏང་གི་ཡང་དག་སྲིད་རྒྱུས་བཟང་པོའི་དཔྱིད་རླུང་མེས་རྒྱལ་གྱི་མཐའ་དབུས་ཀུན་ལ་ལྡང་བ་དང་ཁྱད་པར་དུས་རབས་ཀྱི་དགོངས་པར་བསྟུན་ཏེ་དབུལ་གྲོལ་ཕྱུག་འགྱུར་ལ་བླ་ན་མེད་པའི་མཐོང་ཆེན་གྱི་སྲིད་ཇུས་བཏང་བ་དང་དུས་མཚུངས། སྤྱི་ལོ་ཉིས་སྟོང་དགུ་ལོ་ནས་བཟུང་ཁོ་བོས་ཐབས་ཤེས་སྣ་ཚོགས་ཀྱིས་མ་དངུལ་འབོར་ཆེན་བཏང་སྟེ་སོག་རྫོང་དཀར་ཤོད་ཞིང་འབྲོག་མཉམ་གཉེར་གྱི་སྤྱི་གཉེར་ཁང་ཞིག་འཛུགས་པར་འབད་བརྩོན་བྱས་པ་ཡིན། དེ་ལ་སོག་རྫོང་དང་དཀར་སྨད་ཤང་ཏང་ཨུད་སྲིད་གཞུང་གི་ཤུགས་ཆེན་རྒྱབ་སྐྱོར་འོག་ལོ་དེའི་སྤྱི་ཟླ་ལྔ་པར་ཚོང་དོན་ཁང་དེ་དངོས་སུ་འཛུགས་ཐུབ་པ་བྱུང་བས། དེ་ནི་ཁོ་བོའི་མི་ཚེའི་ནང་སྐས་རིམ་གསར་པ་ཞིག་ལ་འཛེགས་པ་ཡིན་ལ། དེ་སྔོན་སྲོལ་རྒྱུན་གྱི་ཚོང་ལས་ཁོ་ནས་ལྷོ་བྱང་དང་མདོ་དབུས་བསྐོར་བའི་ལམ་ཁ་ལས་དུས་རབས་དང་བསྟུན་ཏེ་ཚོང་ལས་ལ་ཞུགས་པའི་མཐོང་སྒོ་གསར་པ་ཞིག་དང་གོམ་པ་དང་པོ་དེ་སྤོས་པ་ཡིན། ལོ་རྗེས་མ་སྟེ། ཉིས་སྟོང་བཅུ་ལོའི་ཟླ་བ་དྲུག་པར་དངོས་སུ་ལས་གཉེར་བྱས་ཤིང་ཕལ་ཆེར་ཉིན་མཚན་དུས་དྲུག་ལ་བློ་གཅིག་སེམས་གཅིག་གིས་དོན་དེའི་ཕྱོགས་ལ་འབད་བརྩོན་བྱས་པས་རིམ་བཞིན་བློ་སྐྱེད་དང་ཉམས་མྱོང་། གྲུབ་འབྲས་བཅས་ཀྱི་ཐོན་འབབ་གང་མང་ཞིག་མིག་མདུན་དུ་མངོན་ཏེ་སྔར་ལས་སེམས་ཤུགས་དང་སྤོབས་པས་ཁེངས་པའི་ངང་ཉིས་སྟོང་བཅུ་གསུམ་ལོར་མ་དངུལ་ཁ་སྣོན་བྱས་ཏེ་མཉམ་ལས་ཁང་དེ་རྒྱ་སྐྱེད་བྱས་པ་ཡིན་ལ། བསྟུད་མར་ལོ་ཤས་རིང་ཚོང་ལས་དེར་འཐབ་པས་ཁེ་སྤོགས་བཟང་པོ་བྱུང་བའི་ཁར་དབུལ་དུད་མང་པོར་ཡང་འཚོ་བའི་ཁ་གསབ་ཀྱི་རོགས་དངུལ་སྤྲོད་ཐུབ་པ་བྱུང་སྟེ། རང་ཉིད་དབུལ་བཅོས་ཕྱུག་འགྱུར་གྱི་སྣེ་ཁྲིད་མི་སྣར་བདམས་ཐོན་བྱུང་། ཐོག་མར་རྩམ་པ་འཐག་ས་དང་བོད་སྣུམ་བཙགས་ས་ཆུང་ཆུང་དེ་ནས་རིམ་བཞིན་རྒྱ་སྐྱེད་བཏང་སྟེ། ད་ལྟ་གཟན་ཆས་ལས་སྣོན་ཁང་དང་། རླངས་འཁོར་བཟོ་བཅོས་ཁང་། སྣུམ་སྣོན་ཁང་། སོལ་རླངས་ཁང་བཅས་གཉེར་སྐྱོང་བྱས་པ་མ་ཟད། ཚལ་རིགས་མང་པོ་འདེབས་འཛུགས་བྱས་ཤིང་ཁྲོམ་རར་བཏོན་པ་དང་ཁྱད་པར་དཀར་ཤོད་ཁུལ་གྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་མང་པོ་ཁྲོམ་རར་མཁོ་འདོན་བྱས་ཡོད་པ་ནི། རྩམ་པ། ཕྱུར་བ། རམ་པ། གྲོ་མ། ཡུང་མ། སྲན་མ། བོད་སྣུམ། ལ་ཕུག་སོགས་སྔོ་ལྗང་ཅན་གྱི་ཟས་རིག་ཤ་སྟག་རེད། དེ་ལ་ཕྱོགས་གང་ས་ནས་ཡོང་བའི་འཛད་སྤྱོད་པས་བསྟོད་པའི་མཐེ་བོང་བསྒྲེངས་མཁན་བར་མ་ཆད་ཡོང་བཞིན་འདུག་ལ། ཐོན་འབབ་ཧ་ཅང་ཡག་པོ་འདུག ད་ལྟ་ངས་ཐོན་རྫས་དེ་དག་བོད་ཁུལ་ཙམ་མ་ཟད། ནང་སའི་གྲོང་ཁྱེར་གང་སར་འགྲེམ་ཚོང་བྱེད་མུས་ཡིན། དེ་མིན་མཉམ་ལས་ཁང་དེར་ཨར་ལས་འཛུགས་སྐྲུན་གྱི་ཆོག་མཆན་བླངས་ཏེ། ཆུ་བེད་དང་ཟམ་འཛུགས། གཞུང་ལམ་གྱི་ལས་གྲྭ་སྣ་ཚོགས་གཉེར་ནས་མིག་སྔར་ནག་ཆུ་ཁུལ་གྱི་རྫོང་དང་ཤང་གྲོང་རྡལ་མང་པོར་གྲོང་མིའི་སྡོད་ཁང་དང་ལྷས་ར། ཟམ་པ། ཆུ་རྐ་སོགས་འཛུགས་སྐྲུན་གྱི་ལས་ཀའི་རྣམ་གྲངས་མང་པོ་བླངས་དང་ལེན་མུས་སུ་མཆིས། ལོ་འདི་དག་རིང་ངས་ཏང་དང་རྒྱལ་ཁབ་ཀྱི་དགོངས་དོན་དང་མང་ཚོགས་ཀྱི་རེ་བ་གཞི་གཅིག་ཏུ་སྒྲིལ་མཐུད་ཐུབ་པའི་སྤུས་དག་གི་ལས་གཞི་མང་པོ་འགྲུབ་པར་བྱས་ལ། ཞོར་དུ་རིན་མེད་ངང་ཟམ་པ་ཞིག་གསོས་དང་ལམ་སྐྱོར་སོགས་དམངས་ཕན་གྱི་ལས་ཀ་མང་པོ་བསྒྲུབས་པ་ཡིན། སྤྱིར་བཏང་རང་གི་ཉམས་མྱོང་དང་དཀའ་སྡུག་ལས་ཐོབ་པའི་འབྲས་བུ་གང་ཞིག་བྱུང་བ་དག་རེ་རེ་བཞིན་ཡིག་ངོས་སུ་ཕབ་ན་དེབ་རྒན་ཞིག་གྲུབ་སྲིད་ལ། ངོམ་སོ་དང་རང་བསྟོད་ལྟ་བུའི་ཚིག་ཚོགས་དེས་ཁོ་བོའི་རང་གཤིས་ལ་ཅུང་ཟད་མི་ལན་པས་ཟུར་དུ་བཀར་ན་ཆོག་མོད། ཟུར་ཙམ་འོས་སྦྱོར་ཞུས་ན་ནི་མཉམ་ལས་ཁང་འཛུགས་གཉེར་བྱས་ཏེ་ད་བར་དུ་ཏང་དང་རྒྱལ་ཁབ། མི་དམངས་ལ་ཞབས་ཕྱི་སྒྲུབ་ཚུལ་དང་རང་ཉིད་ལ་རིམ་པ་ཁག་གིས་གཟིགས་སྐྱོང་མཚན་སྙན་གནང་ཚུལ། ད་ལྟ་ལས་རིགས་གང་དང་འགན་འཁྲི་ཅི་ཞིག་འཁུར་བཞིན་ཡོད་པའི་ཐད་ལ་དེ་ལྟ་སོག་རྫོང་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་རང་ཡུལ་གྱི་རྩོམ་པ་པོ་གཅུང་གངས་མྱུག་གིས་ན་ནིང་དོ་ཚིགས་སུ་བདག་ལ་ཆེད་དུ་བཅར་འདྲི་ཞིག་གནང་སྟེ། དེ་དོན་ཡིག་ངོར་ཕབ་ཅིང་སྲིད་གྲོས་ནག་ཆུ་གྲོང་ཁྱེར་ཨུ་ཡོན་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པའི«ནག་ཆུའི་སྲིད་གྲོས»དེབ། ཉིས་སྟོང་ཉེར་གཉིས་ལོའི་འདོན་ཐེངས་གཉིས་པ་སྟེ། སྤྱིའི་འདོན་ཐེངས་དང་པོའི་ཤོག་ངོས44—50བར་ཁ་གསལ་པོར་འཁོད་ཡོད་པས་དེར་གཟིགས་རོགས་ཞུ་རྒྱུ་ལས་མ་འདས།
ལྔ།
འོ། ང་རང་དབུལ་པོའི་དུད་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་འཚོ་བའི་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡིན། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རང་ཉིད་ཚོང་ལས་པ་ཞིག་ཏུ་གྱུར་སོང་བ་རེད་འདུག བརྒྱུད་རིམ་དེའི་ནང་དུ་ཞུགས་ནས་ད་ལྟའི་བར་ངས་དཀའ་སྡུག་མང་པོ་ཞིག་མྱོང་སྟེ་ཕོ་ལོ་དྲུག་ཅུར་ཐོན་ལ་ཉེ། མི་ལོ་དེ་དག་རིང་ངས་ཚོང་ལས་དང་འབྲེལ་བའི་ཉམས་མྱོང་གི་སྒང་གཤོང་ཆུ་ཡི་གཉེར་རིས་ལྟར་དེད་ནས་ཡོང་བས་ད་གཟོད་ང་རང་ཁེ་ལས་པ་ཞིག་ལ་ཆགས་པ་རེད་ཟེར་ཡང་ཆོག རྒྱུ་མཚན་དེའི་དབང་གིས་ད་ལྟ་ངས་འཚོ་བར་ངོས་འཛིན་གསལ་པོ་ཐུབ་ཀྱི་འདུག རྣམ་ཀུན་ཉེ་འཁོར་གྱི་མི་རྣམས་ལ་ཁ་བརྡ་བྱེད་སྐབས་སུ་ཡང“ཞིང་འབྲོག་གཉིས་ནི་འཚོ་བའི་རྟེན་གཞི་དང་ཐོན་ཁུངས་ཀྱི་རྨང་གཞི་ཡིན”ཚུལ་ཐད་རྒྱུ་མཚན་མང་པོ་ཞིག་དང་འབྲེལ་ནས་ཞུ་བཞིན་ཡོད། ད་ལྟ་ངའི་སྤྱི་གཉེར་ཁང་གི་ཐོན་རྫས་འདི་དག་ཚང་མ་རང་ཡུལ་དཀར་ཤོད་ཀྱི་ཞིང་འབྲོག་ཁུལ་ནས་ཐོན་པའི་ལྷད་མེད་སྤུས་གཙང་གི་ཟས་རིགས་རྐྱང་རྐྱང་ཡིན། ས་ཞིང་རྨོ་འདེབས་དང་སྒོ་ཕྱུགས་འཚོ་སྐྱོང་། མཚེར་ས་སྲུང་བ་དང་སྡོད་ཁང་བསྐྲུན་པ། དེ་བཞིན་མཚོ་དང་མཚེའུ། རྩྭ་ཐང་དང་སྔོ་སྨན་སོགས་ཡོད་དོ་ཅོག་ང་ཚོའི་འཚོ་རྟེན་གྱི་འབྱུང་ཁུངས་རེད། དེར་བརྟེན། ང་ཚོས་རང་བྱུང་ཁམས་ཆེན་པོར་བརྩི་བཀུར་དང་སྲུང་སྐྱོང་བྱ་དགོས་པ་གཏན་ནས་བརྗེད་མི་རུང་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དགོས་པ་ནི་ཚན་རིག་དང་མཐུན་པ་ཞིག་ཅི་ལ་མིན་ཏེ། རང་རྒྱལ་གྱི་རྩ་བའི་དབུ་ཁྲིད་མཆོག་གིས་ཀྱང“རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་གདམས་ངག་ཅིག་མེས་རྒྱལ་མཐའ་དབུས་ཙམ་མ་ཟད། འཛམ་གླིང་སྐྱེ་འགྲོའི་རྣ་དབང་གི་བདུད་རྩིར་བསྟིམས་ཡོད་པ་རེད། ང་ཚོས་དེར་གོ་བ་ལེགས་པོ་ཞིག་བླངས་ན་ཤེས་རབ་ཀྱི་མེ་སོན་ཞིག་ཅིས་ཀྱང་རྙེད་རྒྱུ་ཡོད་པ་ནི་སྨོས་མ་དགོས་པ་ཞིག་ལོས་ཡིན། དེའི་ཕྱིར་སྲིད་ཇུས་བཟང་པོ་དམ་འཛིན་བྱས་ཏེ་ལག་ལེན་དངོས་ལ་ཞུགས་ཐུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད། ད་ལྟ་ལྟོས་བཅས་ཀྱིས་བཤད་ན་ང་ལ་དཔལ་འབྱོར་གང་འཚམ་ཞིག་ཡོད་པ་ནི་སྲིད་ཇུས་བཟང་པོའི་གོ་སྐབས་དམ་འཛིན་བྱས་ཏེ་ཐོབ་པ་རེད་མོད། ཡིན་ཙང་ངའི་དཔལ་འབྱོར་དེ་དག་གཏོང་ཡུལ་ཚང་མ་ཡང་རྒྱ་ཆེའི་མང་ཚོགས་ཀྱི་ཆེད་དུ་ཡིན། མང་ཚོགས་ཀྱི་གོ་རྟོགས་སད་པ་དང་དུས་མཚུངས་དཔལ་འབྱོར་གྱི་གནས་བབ་མཐོན་པོ་ཞིག་ཆགས་ཐུབ་ན་སྤྱི་ཚོགས་ཧྲིལ་པོ་འབྱོར་འབྲིང་གི་ལམ་དུ་ཆས་ཐུབ་པ་བྱུང་བ་རེད། འོན་ཏེ། དཔལ་འབྱོར་ཁོ་ནས་མི་སེམས་གང་བ་ཞིག་མ་རེད་ལ། དཔལ་འབྱོར་གྱིས་ཡོད་ཚད་འགྲུབ་པ་ཞིག་དེ་བས་ཀྱང་མ་རེད་འདོད། དེར་བརྟེན་དཔལ་འབྱོར་ཁོ་ནར་དམིགས་ཏེ་མི་གཤིས་དོར་བ་དང་དཔལ་འབྱོར་གྱིས་ཡོད་ཚད་འགྲུབ་པའི་གཡོན་ལྷུང་གི་བསམ་བློ་ནི་ཆེས་དངངས་སྐྲག་བྱེད་དགོས་པའི་དོན་དག་ཅིག་ཡིན་པས། ང་ཚོས་མཐའ་གཉིས་སུ་མ་ལྷུང་བར་ཤེས་དཔལ་གྱི་ལམ་དུ་ཆས་ཐུབ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པ་ཡིད་ལ་ངེས་ན། ད་གཟོད་མཛེས་སྡུག་གི་ཕ་ཡུལ་ཞིག་འཛུགས་སྐྲུན་ཐུབ་པར་ཐེ་ཚོམ་ཡེ་ནས་མེད། ཡུལ་མི་རྣམ་པ་ཚོ། ཁྱེད་ཚོས་སོམས་དང་། ལོ་ངོ་འདི་དག་རིང་ང་ཚོའི་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་སོང་འདུག ཤེས་རབ་ཀྱི་གོ་ཆ་གྱོན་པའི་སློབ་ཆེན་པ་ཇི་སྙེད་ཅིག་གཅིག་རྗེས་གཉིས་མཐུད་དུ་ཐོན་ལ། འབད་བརྩོན་གྱི་སྙིང་སྟོབས་སྲ་ཞིང་ལས་ལ་བརྩོན་པའི་ཡུལ་མི་ཚོས་འཚོ་བར་དགའ་ཞེན་ཆེན་པོས་ཞིང་འབྲོག་གི་ལས་རིགས་དང་ཞོར་ལས་སོགས་གཉེར་བཞིན་འདུག དེ་ཙམ་མ་ཟད་ལག་ཤེས་པ་དང་། ཁེ་ལས་པ། སྒྱུ་རྩལ་བ། རྩོམ་པ་པོ་སོགས་ཅི་རིགས་རང་ཡུལ་ནས་ཐོན་དང་ཐོན་མུས་རེད། ངས་འདི་ལྟར་ཕྱིར་འདང་ཞིག་བརྒྱབ་ན། རང་ཉིད་མི་ཡུལ་དུ་ཐོན་ནས་ད་བར་དུ་སྤྱིར་རང་རྒྱལ་གྱི་སྤྱི་ཚོགས་ཧྲིལ་པོར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་ཆེན་པོ་སོང་ཡོད་པ་ནི་མིག་མཐོང་ལག་ཟིན་རེད། གནའ་བོའི་རྟ་ཁལ་གྱིས་ལྷོ་བྱང་བསྐོར་བའི་ཚོང་ལམ་ཡེ་ནས་བཅད་དེ་སྣུམ་འཁོར་བང་ཁ་འགྲན་པའི་སྨུག་ནག་གི་གཞུང་ལམ་གྲོང་དང་གྲོང་རྡལ་གང་སར་བསྐྲུན་ལ། མེ་འཁོར་དང་གནམ་གྲུ། རླངས་འཁོར་སོགས་འགྲིམ་འགྲུལ་ཆ་རྐྱེན་སྒོ་ཀུན་ནས་ཕུན་སུམ་ཚོགས་པོ་བྱུང་འདུག འདི་ལྟ་བུའི་འཕེལ་རྒྱས་ཀྱི་ལམ་ཁ་ཡངས་པོར་ང་ཚོས་རང་ཡུལ་གྱི་ཐོན་རྫས་ཁྲོམ་རར་བསྐྱོད་ཐུབ་པ་བྱེད་རྒྱུ་དང་ཁེ་ལས་གཉེར་ཏེ་དམངས་ཡོངས་ཀྱི་ཡོང་འབབ་མཐོ་རུ་གཏོང་བ་སོགས་ཕྱོགས་མཐའ་དག་ནས་འབད་བརྩོན་བྱས་ན། ད་གཟོད་ཕ་ཡུལ་དཀར་ཤོད་འདི་སྔོན་ཐོན་གྱི་ལམ་དུ་སྐྱོད་པར་ཐེ་ཚོམ་མེད་པས་གཞོན་སྐྱེས་ཚོས་འབད་བརྩོན་ལ་མཚམས་འཇོག་མེད་པར་དུས་རབས་ཀྱི་དགོངས་པས་ཟིན་པའི་ལམ་ཁར་བསྙེག་ཤོག་ཅེས་ཁོ་བོས་རྟག་ཏུ་བསྐུལ་མ་དང་རེ་བ་འདོན་པར་འདོད། དེ་ནི་ང་རང་དབུལ་པོའི་བུ་ཕྲུག་ཅིག་ཆུང་ནས་དྭ་ཕྲུག་གི་ལས་དབང་ཐོད་དུ་བླངས་ཤིང་དཀའ་སྡུག་གི་གཉེར་རིས་མང་པོ་གདོང་ལ་ཕབ་སྟེ། ད་ལྟ་ཁེ་ལས་པ་ཞིག་ཏུ་གྱུར་བའི་རིང་སྙིང་ཉེ་བའི་ཡུལ་མི་ཚོར་ཆེས་འཆད་འདོད་པའི་སྐད་ཆ་ཞིག་ཀྱང་ཡིན་ལ། ལྟེ་ཁྲག་འཐོར་སའི་ཕ་ཡུལ་དུ་ལྷུང་བའི་སྙིང་གཏམ་དྲོན་མོ་ཞིག་ཀྱང་ཅི་ལ་མིན།
རྩོམ་འདི༢༠༢༣ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་འཕར་མ་དཀར་ཤོད་ཆེད་དེབ་སྟེང་བཀོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།