«མདོ་ཁམས་གཡུང་དྲུང་ལྕགས་རྩེའི་རིག་གནས»པར་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:དུར་སྲི། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-02-16 21:20:42 ཀློག་གྲངས།:
       ཉེ་ལམ། སྤྲུལ་པདྨ་གར་དབང་རྡོ་རྗེ་ལགས་ཀྱིས་བརྩམས་པའི་དེབ«མདོ་ཁམས་གཡུང་དྲུང་ལྕགས་རྩེའི་རིག་གནས»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས།
དེབ་འདིའི་བརྗོད་དོན་ཉིང་བཏུས།
       «མདོ་ཁམས་གཡུང་དྲུང་ལྕགས་རྩེའི་རིག་གནས»ཞེས་པའི་དཔེ་དེབ་འདི་ནི་མདོ་ཁམས་གཉིས་ཀྱི་ས་མཚམས། མགོ་ལོག་སྨར་ཆུའི་སྟོད་རྒྱུད་དུ་ཡོད་པའི་ཡུལ་ལྷ་ཆེན་པོ་སྨར་རྒྱལ་གཡུང་དྲུང་ལྕགས་རྩེའི་ཕྱི་ནང་གསང་གསུམ་གྱི་གནས་ཚུལ་དང་། ཡུལ་ལྷ་དེ་དང་འབྲེལ་བ་ཡོད་པའི་ས་གནས་ཀྱི་རིག་གནས་ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། རི་ཆུ་ནགས་གསུམ། རྩི་ཤིང་སྨན་ལྡུམ། གཅན་གཟན་རི་དྭགས་སོགས་བརྗོད་གཞིར་བྱས་པའི་དཔེ་དེབ་རྩ་ཆེ་བ་ཞིག་རེད། རྩོམ་པ་པོ་མཆོག་སྤྲུལ་པདྨ་གར་དབང་རྡོ་རྗེ་ལགས་ནས་མི་ལོ་བཅུ་ལྷག་གི་རིང་ལ་རྒྱུ་ཆ་འཚོལ་སྡུད་དང་ཡུལ་དངོས་བརྟག་དཔྱད་ལ་ཕེབས་ནས་རྒྱུས་ལོན་གནང་བ་དང་། སྤྱིར་དེབ་འདི་ཚོན་པར་ཡིན་ལ། དེར་རི་མོ་མང་པོ་ཞིག་ཀྱང་གསར་དུ་བྲིས་པ་ལགས་པས་འགྲོ་སོང་ཡང་ཕོན་ཆེན་པོ་བཏང་ནས་ཕྱག་རྩོམ་དཔར་སྐྲུན་གནང་བ་ཞིག་ཡིན།
       འདི་ལ་ལེའུ་བརྒྱད་དུ་ཕྱེས་ནས་བརྩམས་ཡོད་དེ། ལེའུ་དང་པོ་ནས་གསུམ་པར་སྨར་རྒྱལ་གཡུང་དྲུང་ལྕགས་རྩེའི་ལོ་རྒྱུས་དང་གསོལ་མཆོད་ངག་རྒྱུན་དག་ལ་གཞི་བཅོལ་ཏེ། དེའི་ཕྱིའི་ངོ་མཚར་རི་ཆུའི་ཁོར་ཡུག་གི་བཀོད་པ་དང་། ནང་ལྟར་ཡུལ་ལྷའི་ལྷ་རབས་འཁོར་གཡོག་དང་བཅས་པའི་ཚུལ། གསང་བ་ལྟར་ན་སྒྲུབ་པ་བཀའ་བརྒྱད་ཀྱི་ཕོ་བྲང་དུ་གནས་ཚུལ་སོགས་ཞིབ་པར་བཤད་ཡོད།
       ལེའུ་བཞི་པར་མགོ་ལོག་ཁག་གསུམ་དང་དེའི་སྔོན་གྱི་གཉན་མཁར་བ་གསུམ་གྱི་ཚོ་སྡེ་ཁག་དང་ཡུལ་ལྷ་གཡུང་དྲུང་ལྕགས་རྩེའི་བར་གྱི་འབྲེལ་བའི་སྐོར་ལ་ཁུངས་ལྡན་གྱི་ལོ་རྒྱུས་ཡིག་ཚང་དང་སྦྱར་ཏེ་ངོ་སྤྲོད་བྱས་ཡོད། དེ་ལས་ཀྱང་སྔ་མོའི་དུས་ཀྱི་ཚུལ་ཇི་བཞིན་པ་ཞིག་ཤེས་དཀའ་ཡང་གཡུང་དྲུང་ལྕགས་རྩེའི་གནས་མདུན་དུ་བྲག་བརྐོས་རི་མོ་མང་པོ་ཡོད་པ་དེ་དག་ཉེ་བའི་ལོ་འདི་དག་ལ་གཟོད་གསར་འགྱུར་དུ་བཀོད་ནས་དོ་སྣང་བྱུང་ཙམ་ཡིན་པ་ལ། ཞིབ་འཇུག་བྱེད་མཁན་ཞིག་ད་སྔའི་བར་ཡོང་མེད། དེ་བས་ན་དེབ་འདི་རུ་བྲག་བརྐོས་དེ་དག་པར་བཏབ་ཏེ་ཆེ་ཆུང་གི་ཚད་དང་པར་རིས་བཅས་ཞིབ་མོར་བཀོད་ཡོད་ལ། རི་མོའི་གནས་ཡུལ་ལ་བསྟེན་ནས་སྟེང་དང་བར་འོག་གི་ཆ་གསུམ་དུ་ཕྱེས་ཤིང་། རི་མོའི་གསལ་ཚད་ལ་གཞིགས་ནས་འབྲོང་གཡག་དང་། ཤ་བ་དང་ཡུ་མོ། གཅན་གཟན། འདབ་ཆགས། གཡུང་དྲུང་། མིང་མི་ཐོགས་པའི་སྲོག་ཆགས། ངོས་མི་ཟིན་པའི་སྐོར་བཅས་ཚན་པ་བདུན་དུ་བགོས་ཡོད། འདི་ནི་གནའ་དཔྱོད་མཁས་པ་དང་ཡུལ་འདིའི་གནའ་བོའི་རིག་གནས་ལ་ཞིབ་འཇུག་བྱ་བར་རྒྱུ་ཆ་ཤིན་ཏུ་གལ་བ་ཞིག་ཏུ་གྱུར་ཡོད་དོ། །
       ལེའུ་ལྔ་པར་གཡུང་དྲུང་ལྕགས་རྩེ་དང་འབྲེལ་བའི་དམངས་སྲོལ་སྐོར་བཤད་ཡོད་དེ།  དེ་ཡང་ལབ་རྩེ་འཛུགས་པ། ལྷ་བསང་ཕུད་པ། བསང་གི་ཆོ་གའི་འདོན་པ་དང་བསྐང་གཏོར་བཅའ་ལུགས། ལྕགས་རྩེའི་ལྷ་བབས་སོགས་བཀོད་ཡོད་པ་རེད། དེ་བཞིན་དུ་རྩོམ་པ་པོ་ཁོང་ནས་དོ་སྣང་གནང་སྐབས་ལྕགས་རྩེའི་ཐང་ག་དང་བླུགས་སྐུ་སོགས་ཀྱང་དགོན་པ་དང་ཡུལ་སྡེ། མི་སྒེར་ནས་ཉར་ཚགས་ཞུས་པ་མང་པོ་ཞིག་འདུག་པ་རྙེད་སོན་བྱུང་ནས་དེ་དག་གི་པར་རིས་དང་ངོ་སྤྲོད་ཀྱང་འདིར་རུ་བཀོད་ཡོད་དོ། །
       ལེའུ་དྲུག་པའི་ནང་དུ་ལྕགས་རྩེའི་གནས་རིའི་ནང་དུ་ཡོད་པའི་རི་སྐྱེས་སྲོག་ཆགས་རྩི་ཤིང་སྨན་ལྡུམ་བཅས་ཀྱི་སྐོར་པར་རིས་དང་མིང་ཤན་སྦྱར་བྱས་ནས་བཀོད་ཡོད།
       ལེའུ་བདུན་པའི་ནང་དུ་མགོ་ལོག་སྨར་ཡུལ་འདིའི་སྤྱིའི་ལོ་རྒྱུས་ཀྱི་བྱུང་བ་དང་། ཆོས་ལུགས་གྲུབ་མཐའ་དར་ཚུལ། རིག་གནས་རྗེས་ཤུལ་གལ་ཆེན། གེ་སར་རིག་གནས། རོང་འབྲོག་གི་འཚོ་བ་བཅས་ཀྱི་སྐོར་ཕྱོགས་ཡོངས་ནས་ཚིག་ཉུང་དོན་འདུས་སུ་བཀོད་ཡོད།
       ལེའུ་བརྒྱད་པར་གཡུང་དྲུང་ལྕགས་རྩེའི་གསོལ་མཆོད་བསང་མཆོད་ཀྱི་སྐོར་རྩོམ་པ་པོ་ཁོང་གི་ཕྱག་ཏུ་སོན་པ་གང་ཡོད་ཕྱོགས་བཏུས་བྱས་ནས་བཀོད་ཡོད་ལ། དེ་བཞིན་དུ་སྔོན་མར་ཡུལ་མི་དག་གིས་རང་ས་གནས་ལ་སྲུང་སྐྱོབ་བྱེད་པའི་ཡུལ་སྲོལ་གླེང་བ་བརྒྱུད་ད་ལྟ་ཡང་དེ་དག་རྒྱུད་འཛིན་གྱི་གལ་ཆེན་རང་བཞིན་དང་། མུ་མཐུད་དུ་གནས་འདིའི་སྣོད་བཅུད་ལ་སྲུང་སྐྱོབ་གནང་དགོས་ཚུལ་གྱི་འབོད་སྐུལ་དང་བཅས་གསུང་ཡོད་དོ། །
       དེས་ན་དེབ་འདི་ནི་ཡུལ་ཕྱོགས་འདིའི་རིག་གནས་ཀུན་བཏུས་ཀྱི་གླེགས་བམ་ལྟ་བུ་ཞིག་རེད་འདུག་ལ། ཡུལ་འདིའི་རིག་གནས་དང་ལོ་རྒྱུས། ཆོས་ལུགས་གྲུབ་མཐའ། ཡུལ་སྲོལ་གོམས་གཤིས་བཅས་ཕྱོགས་ཡོངས་ནས་ཞིབ་འཇུག་གནང་བའི་ཆེད་རྩོམ་ཐོག་མའང་ཡིན་འདུག་པས་ཡུལ་འདིའི་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་ངོས་ནས་བཤད་ན་འདི་ནི་སྔར་མེད་པའི་དཔེ་དེབ་ཤིན་ཏུ་རྩ་ཆེན་ཞིག་དང་། གྲུབ་འབྲས་ཤིན་ཏུ་ཆེན་པོ་ཞིག་ཏུ་གྱུར་ཡོད་དོ། །

དེབ་ཀྱི་དཀར་ཆག
 
རྩོམ་པ་པོ་ངོ་སྤྲོད།
       འབྲུག་སྒྲའམ་པདྨ་གར་དབང་རྡོ་རྗེ་ནི། ཡབ་པདྨ་འཇིགས་མེད་རྡོ་རྗེ་དང་ཡུམ་མགོ་ལོག་བཟའ་ཏཱ་རེ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་སྤྲེལ་གྱི་ལོར་སྐུ་འཁྲུངས། དགུང་གྲངས་བརྒྱད་པར་ཀློག་སློབ་པའི་དབུ་བརྩམས། སྨྱོ་ཤུལ་སངས་རྒྱས་ཚེ་རིང་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ཤིང་མཚན་ལ་སངས་རྒྱས་བསྟན་འཛིན་ཞེས་གསོལ། དགུང་གྲངས་བཅུ་གསུམ་པར་བླ་རུང་བཤད་སྒྲུབ་བསྟན་པའི་ཉི་མ་ལས་དཔལ་སྤྲུལ་སྔོན་འགྲོ་ཞུས་ཤིང་། ཁོང་གིས་མཚན་ལ་འཇམ་དབྱངས་བློ་གཏེར་དབང་པོ་ཞེས་གསོལ། ཨོ་རྒྱན་དངོས་སྣང་ནམ་སྤྲུལ་འཇིགས་མེད་ཕུན་ཚོགས་ཡབ་ཡུམ་ཟུང་དང་། རྨོག་སྤྲུལ་རྡོ་རྗེ་འཆང་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ། དབོན་སྤྲུལ་བསྟན་པའི་དབང་ཕྱུག སྐྱ་བླ་གར་དབང་། ཉིད་ཀྱི་སྐུ་ཡབ་གཏེར་ཆེན་འཇིགས་མེད་རྡོ་རྗེ་སོགས་མཉེས་པ་གསུམ་གྱིས་བསྟེན་ཞིང་སྔ་འགྱུར་རྙིང་མའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང་དང་གདམས་ངག་ཅི་རིགས་མནོས། མཁན་སྐལ་བཟང་དར་རྒྱས་དང་། མཁན་དབང་ཕྱུག མཁན་ཤེས་རབ་ཡེ་ཤེས། བོད་དུང་བཟོད་པ་རྒྱ་མཚོ་སོགས་ལས་བྱང་ཆུབ་སྤྱོད་འཇུག་དང་འདུལ་བ། སྡོམ་གསུམ་རྣམ་ངེས། ཚད་མ་རིགས་གཏེར། ཚད་མ་རྣམ་འགྲེལ། བློ་རྟགས་བརྡ་སྤྲོད་དང་སྙན་ངག་སོགས་ལ་སྦྱོང་བ་བྱས། ད་ལྟ་མདོ་གོང་མ་དགོན་པའི་བསྟན་བདག་གི་གཙོ་འགན་མཛད་ཅིང་སྐུ་བསྟན་འགྲོའི་དཔལ་དུ་བཞུགས་སོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།