ཚྭ་རྡེའུ་ལགས་ཀྱི་ལྷུག་རྩོམ།
རྩོམ་པ་པོ།:ཚྭ་རྡེའུ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-01-30 16:02:55
ཀློག་གྲངས།:
ནམ་མཁའ་སྐར་མས་གང་བྱུང་། སྨིན་དྲུག་འདྲ་ལེ་མི་འདུག
རྩོམ་པ་པོ། ཚྭ་རྡེའུ།
སྒྲོག་འདོན་པ། འབྲུ་ཚ་རིན་ཆེན་མཁར།
སྒྲོག་འདོན་པ། འབྲུ་ཚ་རིན་ཆེན་མཁར།
ཕ་ཡུལ་ནས་གཞས་གཏོང་རྒྱུར་མི་འཇོན་པའི་མི་དང་། དམིགས་བསལ་སྐད་ལ་འགྱོག་དང་ངག་ལ་འགུགས་ཡག་པོ་མེད་པའི་མི་ཞིག་གླེང་དུས། ཆེ་གེ་མོས་ཁ་གདངས་མི་ཤེས་ཟེར་བའམ། དེའི་མིད་ཐག་རུབ་བསྡད་ཡོད་ལྟ་བུ་ཞིག་ཟེར། སྤྱིར་ན། ཁ་གདངས་རྒྱུ་ཙམ་ནི་ལོས་ཀྱང་ཤེས་མོད། འུད་དང་བཅས་པའི་བརྙས་སྟངས་འདི་ལ་ང་རང་ཞེ་དྲག་དགའ། ཁོ་ཚོས་ལྷམ་གྱི་ཕྱི་རྟིང་ས་ལ་འདྲུད་བཞིན་འགྲོ་བའི་མི་ཞིག་མཐོང་ན། དཔྱི་དྲུད་བོ་ཀན། ཕྱི་བ་ཁྱི་ཡིས་བདས་པ་དང་ཨ་ན་མ་ན་རེད་ཟེར། དངོས་གནས་བདེན་ཨང་། ཕྱི་བ་ནི་ཁྱིས་བདའ་ཚེ་དཔྱི་ས་ལ་དྲུད་དེ་མྱུར་མོར་འབྲོའང་མི་ཤེས་པའི་སྲོག་ཆགས་ཤིག་ཡིན་གཤིས། ཚུལ་དེར་རྒྱུས་ཆེ་མཁན་དག་ལ་ནི། དཔེ་དེས་རྒྱུ་མཐིལ་དུ་གཟེར་ལངས་པའི་ཚོད་ཀྱི་གད་མོ་སློང་ཐུབ། ཡང་ཁོ་ཚོས། ལུས་སྟོབས་ཞན་ཞིང་རིད་པའི་མི་ལ་བརྙས་དུས། ཨ་ཙི། འདིའི་སྐེ་མིད་ཐག་ལ་ཐོགས་འདུག་ཟེར་རྒྱུ་རེད་ལ། དེ་བཞིན། སྡུག་ཐོད་ལ་བཟུང་དང་ངོ་འདོམ་གང་ཤོར། ཁ་ངོ་ལ་གོན་སོགས་ཀྱང་། ཁོ་ཚོའི་ག་ཞ་དང་བཅས་པའི་ཚིག་ཟུར་རྒྱག་སྟངས་ཀྱི་སྐོར་ཡིན་ཏེ། ཁོ་པ་ཚོས་ནམ་ཡང་། བུ་ཞིག་སྐྱེས་པའི་དོན་སྒོའང་གོ་རིག་ཐོས་གསུམ་གྱིས་འཇོག་ཅིང་། བུ་རྒྱུད་ཕྱི་མ་དག་གཏམ་ལ་མཁས་རྟིང་ཤགས་ཀྱིས་ཕ་རོལ་ནོན་མཁན་ཞིག་འབྱུང་རྒྱུར་འཁྲེང་སྒུག་བྱེད་མོད། ང་ནི་ཉེ་རིང་གི་གཏམ་ལའང་མི་མཁས། གོ་རིག་གི་མཐོང་ཡེལ་ཀྱང་མི་ཆེ། ལྷན་སྐྱེས་ཀྱི་སྐད་ངག་ཀྱང་མི་འཛོམས་པས། རང་ཡུལ་དུ་གཞིས་བཅོས་ཤིང་འཁོར་བ་བཟུང་སྟེ་འདུག་མཁན་གྱི་མི་ཞིག་ཡིན་ངེས་ཚེ། ཁོ་བོའི་སྟེང་ལའང་ཕ་ཡུལ་གྱི་ན་ཟླ་ཚོའི་འུད་བརྗོད་དང་བཅས་པའི། རྩེད་གདུག་དང་བཅས་པའི། ཧབ་དགོད་དང་བཅས་པའི་ལྐོག་ལབ་དིར་རེ་བ་དེ་འདྲ་ཅི་བས་མང་པོ་ཞིག་འཐོན་སྲིད་ཨང་།
ཉི་ཟེགས་ལམ་ལམ་འཕྱོ་བའི་དབྱར་གཞུང་གི་ཞོགས་པ་འདིར། ང་སླར་ཡང་གསར་འགོད་བརྙན་འབེབ་ཀྱི་ལམ་ཁར་ཡོད་ཅིང་། གཞུང་དོན་ལེགས་པོར་འགྲུབ་རྒྱུའི་གྲ་སྒྲིག་སྣ་ཚོགས་ལ་ཨང་གསར་ཡ་ཡོ་མེད་པ་བྱས་རྟིང་། ཡུལ་མི་ཚོའི་བསྟན་བཤིག་དང་བཅས་པའི་ཚིག་ཟུར་འཕེན་སྟངས་དེ་དག་ལ་ཚོད་བགམ་ཞོར་དུ། ངོ་ཚ་བསྐྱེད་ནས་ཅི་མི་སྙམ་པའི་གཏམ་དང་ལ་གཞས་རེས་འཇོག་སྒོས། འཆར་ཅན་ལྟར། བཏུལ་ཐང་གོང་འོག་དང་ངང་ལའི་རི་ཟོམ་སྣ་ཚོགས་ཤར་ཤར་བརྟོལ་ཏེ། སྤྱི་ལེ་བརྒྱད་བརྒྱས་ཆོད་པའི་སྒ་སྐྱེ་རྒུ་མདོ་རུ་འགྲོ་བཞིན་ཡོད། ཁ་ཐག་རིང་ལ་འབུར་གཤོང་ལ་ཐུར་མོད་པའི་ལམ་ཁ་འདིར། ཚ་ལམ་རྒྱངས་པ་རེ་ལ་ལྗོངས་རྣམ་གྲངས་མེད་རེས་ཀྱིས་བརྗེ་ལ། རྡོ་གྲུབ་ཆེན་གྱི་གསུང་ལྟར། ས་ཁ་ཞེང་ཆེ་ཞིང་ལུང་པ་ཕུ་ཐག་རིང་བའི་འབྲོག་ས་འགོལ་པོ་འདི་དག་གིས། ང་ལ་ཡུན་རིང་མ་བྱུང་བའི་སོས་དལ་གྱི་བདེ་སྣང་ཕྲ་མོ་འབོལ་འབོལ་དུ་བྱོ་བཞིན་འདུག ལྷིང་ཞིང་འཇགས་ལ་གཡོ་ཞིང་བརྗིད་པའི་རི་ཆུའི་བ་གམ་སྟེ། གཅེས་སུ་འོས་པའི་མདོ་ཁམས་ཟལ་མོ་སྒང་རྒྱུད་ཀྱི་རི་ལག་ཆུ་ལག་འདི་དག་ཨང་། ཕ་སའི་ཆུང་གྲོགས་ཚོའི་ཚིག་ཟུར་སྣ་ཚོགས་ལ་ཡུལ་གྱིས་བསྐལ་བའི་ལམ་ཀ་འདི་རུ། བག་ཚ་མེད་པར་གཏམ་ཞིག་བཤད་སྙིང་བྲོ་བ་ལ། བག་ཚ་མེད་པར་གཞས་ཤིག་གཏོང་སྙིང་འདོད་པ་ལ།
ལམ་རྐེད་འདིར། ངས་བྱིས་དུས་གཏམ་དཔེ་དང་ལ་གཞས་ལས་ཐེངས་མང་ཐོས་མྱོང་བའི་རྨ་ཆེན་གངས་རི་དང་། དེའི་ཁོར་ཡུག་འཁྱིར་དུ་ཡོད་པའི་རི་ཆུའི་བ་གམ་འདི་ཚོ་མིག་གིས་འཚོས་ནས་སོང་བ་ཡིན་ལ། འབྲོང་ཁྱུ་དེད་ནས་སྒོ་ཟོག་བྱེད་ཅིང་། འབྲོང་ཀོ་བཤུས་ནས་སྦྲ་ནག་ཕུབ་ལ། འབྲོང་ཤ་བླངས་ཏེ་ར་བ་བརྩིགས་ཤིང་། འབྲོང་མགོ་བླངས་ནས་ལབ་ཙེ་སྤུངས་པར་མ་ཟད། འབྲོང་རྔ་བཅད་དེ་རྒྱལ་མཚན་ཕྱར་བར་གྲགས་པའི་གནས་འདིའི་མི་དམངས་ཀྱི་དཔའ་མཛངས་དང་བློ་གྲོས་ལ་སྨོན་པ་བྱེད་ཞོར་དུ། རི་ཕྱེད་ཁ་བས་གཡོགས་པའི་རྐྱང་འགྲོ་ཉག་ཁ་དང་། བུ་ཡུག་སིར་སིར་ལྡང་བའི་བ་ཡན་ཧ་རི་སོགས། ཕ་དམ་པས། དབྱར་ལ་ཉམས་དགའ་ཞིང་། དགུན་ལ་ཡི་མུག་ས་རུ་གསུངས་པའི་བོད་ཡུལ་རི་ཀླུང་འདིའི་བཙན་ས་གཉན་ས་ཀུན་ལའང་གཏམ་དང་ལ་གཞས་ཀྱི་མཆོད་པ་ཕུལ། བཤད་ལག་དང་སྐད་ངག་ཤིན་ཏུ་མི་བདེ་བས། འགྲོ་རོགས་ཀུན་བཞད་གད་ཐེག་གེ་བ་བྱུང་།
ཁོ་བོའང་ཆུང་དུས་ནས། སྲིད་པའི་རྩེ་མོ་འདིར་ཞོ་བཞིན་ཆགས་པའི། རི་ཆུ་གཉེན་གྲོགས་དགའ་བཤེས་ལམ་པ་དང་བཅས་པ། ཁང་ཞིང་མཛོ་རྟ་གནག་ལུག་སྒོ་ཁྱི་དང་བཅས་པར་ཅི་བས་དུངས་ཤིང་། དེས་བསྐྱེད་པའི་སོས་དལ་བག་གཡེང་གི་རིག་གནས་སྤྱིའམ། སྒོས་ཁ་ངག་དྲོན་མོས་བསྐལ་བར་བསྲིངས་པའི་ངག་རྒྱུད་ཀྱི་རིག་པ་དེ་ཚོ་སྟེ། ལ་གཞས་དང་གཏམ་ཚོགས་ཀྱི་སྲུབས་ཀ་ལས་བརྡོལ་འོངས་པའི། བརྡ་དོན་སྣོལ་མར་སྡེབ་པའི་བྱིན་རླབས་ཀྱི་ཁ་རླངས་ཐོལ་ལེ་བ་དེ་དག་ལ་བླ་ལྷག་ཅིག་དུངས་པ་འདྲ། དེ་སྔོན་གཅན་ཚ་རུ་སྲན་མ་འཚོང་བའི་ཨ་ཅག་ཅིག་ལ་ཡུལ་དྲིས་པར་ཡང་། མོ་རང་ལྕགས་ཐག་ཁ་སྒང་ནས་ཡིན་གསུངས་བྱུང་། ཉེ་སྣང་མཚོན་དུ་མེད་པའི་ལྕགས་ཐག་ཁ་སྒང་ཨང་། འཁྱམ་པོ་ཡུལ་ཆགས་ཀྱིས་རང་ཡུལ་རྙེད་པའི་ཚོད་ཅིག་དགའ་བ་འདྲ། ལར་ལ་གཞས་ལས་ནར་མར་འབྱུང་བའི་ས་མིང་དེ་འདྲ་སྟེ། ངས་རྨ་ཆེན་གངས་རིར་དཔེ་ལེན་ལྟ་བུ་དང་རྨ་ཕ་རིའི་ལྕགས་ཐག་ཁ་སྒང་ལྟ་བུ། གཞན་ཡང་། རྨ་ཕ་རིའི་ད་རྒྱལ་ཀླད་ན། མཚོ་སྔོན་པོའི་ཚྭ་མཚོའི་ཁ་ནས། འབའ་མང་རའི་འཇག་རུ་སུམ་མདོ། ས་བ་ཡན་ལ་ཐུར་ངན་ས། དབུས་སེར་པོའི་ས་ཆ་རིག་ན། ཡུལ་ཟུང་ཆུའི་མཁར་ལ་ཐོན་དུས། ས་སྟོང་སྐོར་ཅ་ལའི་ནང་ལ། ས་རིག་རིག་རིག་མོ་གཞོང་ནས་ལྟ་བུའི་ཚིག་དག་རྣ་བརྡོལ་ལ་སོང་དྲགས་པས། ད་ཆ་ལམ་རྒྱུད་ཁག་ནས་ས་ཆ་དེ་དག་གི་ཟུར་ཙམ་ཟིན་ནའང་། ང་ལ་རྒྱུ་མཚན་བཤད་རྒྱུ་མེད་ཅིང་དགའ་སྐྱོ་རེས་ཀྱིས་རྩེན་པའི་འགྱུ་ལོག་མང་པོ་འདུག
ས་བབ་ཡར་ཡར་འཕགས་ཤིང་ཉིན་ལམ་གཏམ་གྱིས་བཅད་པས། རྫ་དུག་དང་འཁོར་སྡུག་གཉིས་ཀྱིས་བད་ཅིང་འཐོམས་བཞིན་འདུག་གམ། གྲོགས་པོ་ཚོ་རིམ་གྱིས་གཅིག་ལ་གཅིག་བསྙེས་སྒོས་གཉིད་དུ་ཤོར་འདུག འགྱུ་བ་མོད་པའི་དབྱར་ཟླའི་ཆར་ཟིམ་གྱི་ཁྲོད་དུ། ང་ཚོའི་དབུགས་མདོང་དྲུག་ལྡན་གྱི་རླངས་འཁོར་འདི་ཀོ་མ་གཞི་ནས་གཞུ་རྒྱུད་ལས་ཤོར་བའི་མདའ་མོ་ཞིག་སྟེ། མིག་རྡེབ་ཙམ་གྱི་ཡུན་དུ་རྨ་སྟོད་ཀྱང་རྒྱབ་ཏུ་བསྐྱུར་འདུག་ལ། གླུ་མ་ལྕགས་མོ་རྒྱལ་གྱི་ལ་གཞས་ཕྱོགས་བསྡུས་ཆུ་ཚོད་གཅིག་ལྷག་ཅན་དེའང་། མགོ་ནས་མཇུག་དབར་ལ་ཐེངས་གསུམ་ལྷག་གྲག་ཏེ། སླར་ཡང་བདེ་མོ་འཇོག་སྟངས་ཀྱི་མཚམས་ལ་ཐོན་འདུག སྨུག་ལང་ལོང་དང་ཆར་ཟམ་ཟིམ་གྱི་ཁྲོད་ནས། རྣ་བས་གླུ་ལ་ཉན་ཞིང་མིག་གིས་ལྗོངས་རྣམ་འཚོ་བའི་སྐལ་བཟང་འདི། ལས་གྲོགས་མདོ་འཛིན་པ་ཚོས་ནམ་ཞར་སྐྱབས་འགྲོ་ལྟར་འདོན་པའི། སྤྱན་གྱི་དགའ་སྟོན་དང་སྙན་གྱི་བུ་རམ་ཟེར་བ་དེའང་འདི་འདྲ་ཞིག་ལ་གོ་བ་མིན་འགྲོ། ང་ནི་གཉིད་རྒྱུ་ཕར་ཞོག རྣམ་རིག་ཀྱང་ཇེ་གསལ་ནས་ཇེ་གསལ་དུ་འགྱུར་བཞིན་འདུག་ཁར། ཕ་ཡུལ་དང་འབྲེལ་ཞིང་ལ་གཞས་ཀྱི་རྒྱུན་བུར་དཔྱངས་པའི་འདས་དོན་སྐོར་ཞིག་ཀྱང་། ངའི་ཕྱིར་དྲན་གྱི་རབ་ཁ་ཀུན་ལ་གཟིངས་ཆེན་བཞིན་འཁོར་བྱུང་། ངའི་དྲན་ཤེས་ཀྱི་ཐེམ་ཐོད་ཀུན་ཏུ་བྱ་རྒོད་བཞིན་འཚུབ་བྱུང་།
འདི་ནས་ཡར་ཡར་བརྩིས་པའི་མི་ལོ་ཉེར་གཉིས་ཀྱི་སྔོན་དུ། ད་ཆ་རྒ་བས་མནན་པའི་ཕྲན་གྱི་ཨ་མ་ལགས་ཀྱང་གཞས་ལ་དགའ། ལ་གཞས་ལ་དགའ། སྒྲ་ཕབ་འཁོར་ལོའི་ནང་གི་ལ་གཞས་ལ་དགའ། ལ་གཞས་ལས་ཀྱང་གླུ་མ་ལྕགས་མོ་རྒྱལ་གྱི་སྒྲ་ཐག་དང་འོད་སྡེར་འབའ་ཞིག་ཉར་རྒྱུར་དགའ། འདས་ཟིན་པའི་རྒྱང་རིང་གི་ལོ་ཟླ་དེ་དག་ལ། ངེད་མ་སྨད་ཀྱིས་ནུབ་ཆུ་བྲེལ་འཐུང་རྗེས་ལ་གོ་འདོན་འུར་འུར་བྱེད། གོ་འདོན་ཚར་བའི་རྗེས་སུ་ཨ་མས་གླུ་ལ་ཉན། སྒྲ་ཐག་གིས་གཡོན་བསྐོར་བརྒྱབ་སྟེ་སྤྱིན་ཤོག་ཡོངས་སུ་འཁོར་ཚར་ན། ཨ་མས་སྒྲ་ཐག་བླངས་ཏེ་ཁ་ལོ་བརྗེ་དགོས་ལ། ཁ་ལོ་བརྗེ་རྗེས། སྒྲ་ཐག་ལས་སླར་ཡང་ཟད་མཐའ་མེད་པའི་འགྱུར་ཁུགས་སྣ་ཚོགས་སིང་སིང་གྲག བར་བར་གྱི་གླུ་ཚིག་རེ་ཟུང་གསལ་པོར་མ་གོ་ཚེ། མོས་ཐུར་མ་ཞིག་གི་རྩེ་ལ་དཀྱུས་ཐུང་བའི་ཤོག་ལྗིབས་འཇོག་ཅིང་། དེ་སྒྲ་ཐག་གི་བུ་གའི་ནང་ལ་བརྒྱུས་ཏེ། མ་ཎི་འཁོར་ལོ་བཞིན་ཁྲོག་ཁྲོག་གི་སྒྲ་དང་བཅས་སྤྱིན་ཤོག་གཞུག་ལ་བསྐོར་ནས་སྒྲ་ཕབ་འཁོར་ལོར་བཞག་པ་ན། སྔོན་ཏག་ཏག་གྲག་ཚར་བའི་ལ་གཞས་དེ་དག་ལ་སླར་ཡང་ཉན་ཐུབ། ཨ་མའི་སྒྲ་ཐག་གཡས་བསྐོར་གཡོན་བསྐོར་གྱི་བྱང་ཆ་དག་ལ་ཧར་གྱིས་ཅེར་དྲགས་པས། ལོ་ན་དྲུག་ཙམ་ཟིན་པའི་ང་རང་། སྒྲ་ཐག་གི་སྤྱིན་ཤོག་ཁེགས་ན་སེམས་ཆུང་སྒོས་ལེན་ཚུལ་དང་། སྒྲ་ཐག་གི་སྤྱིན་ཤོག་ཆད་ན་ཞིབ་ཚགས་ཀྱིས་མཐུད་ཚུལ་སོགས་ལ་བྱང་གོམས་ཆེ་ཁར། སྒྲ་ཕབ་ཀྱི་གློག་རྫས་ཟད་ན་རན་ཙམ་གཅིར་དགོས་པ་དང་། སྒྲ་ཕབ་ལ་རྙིང་ཞད་བྱུང་ན་ཨེན་ཙམ་གཏག་དགོས་ཚུལ་སོགས་ལའང་ཐོགས་རྡུག་བྲལ། ཨ་མས་ཉོས་ཤིང་གཡར་ཏེ་ཡང་ཡང་ཉན་གྱིན་པའི«ན་ཆུང་རྩེད་ར»དང«བྱུ་རུ་དམར་ཆུང་།» «དྲན་པའི་ལོ་ཟླ།» «རྡོ་རྗེ་མདུད་པ»སོགས་ཏེ། ལག་སྣོག་ལན་བརྒྱར་བཏང་བའི་གླུ་མ་ལྕགས་མོ་རྒྱལ་གྱི་ལ་གཞས་སྒྲ་ཐག་དེ་ཚོ། ད་དུང་ཡང་། ངའི་དྲན་པའི་ངོགས་ན་ལྷང་ལྷང་ལྷང་རེད།
ང་སོགས་མི་རབས་འདིའི་གཞོན་པ་མང་ཤོས་ཤིག་གི་ཀུན་གཞིའི་སྟེང་དུ། གཉུག་མའི་དམངས་གླུ་དང་གླུ་ཤགས། གཏམ་དཔེ། བཤད་པ། ལ་གཞས། བཏགས་པ་ལྟ་བུའི་དམངས་སྲོལ་བག་ཆགས་ཀྱི་ཤུན་པ་མཐུག་པོ་ཞིག་ཆགས་ཡོད་པ་འདྲ། ང་རང་ཚོར་མཚོན་ན་ནི། གྲོང་ཁྱེར་དང་ཕ་ཡུལ་སོ་སོར་བགོས་པའི་བེམ་རིག་གཉིས་ཀྱི་སྦྲེལ་ཐག་རིགས་ཤིག་ཀྱང་དེ་དག་གིས་བྱེད་ཀྱིན་ཡོད་ཅིང་། གངས་རི་ཕྱིན་བསྐོར་གྱི་བདག་པོར་སྐྱེས་པའི་ང་རྒྱལ་ཕྲ་མོ་རིགས་ཤིག་ཀྱང་དེ་དག་གིས་བསྐྱེད་ཀྱིན་ཡོད་པ་འདྲ། སྒོས་ང་རང་འཚར་སའི་མཚོ་སྔོན་པོའི་ལྷོ་རྒྱུད་བྱང་རྒྱུད་དང་། རྨ་ལི་མའི་གཡས་རུ་གཡོན་མཐའ་རུ་འཚོ་བའི་མི་སྡེ་མང་དག་ཅིག་ནི། ལ་གཞས་ཏེ། དགའ་སྡུག་ངག་གིས་གཏོང་བའི་ཕོ་མོའི་བརྩེ་དུང་གི་འདུ་བྱེད་འདི་ལ་ཤིན་ཏུ་གཅེས་ཤིང་། གཅེས་སྟངས་དེ་ལའང་། འགྱུར་ལྡོག་དང་བརྡབ་གསིག་གིས་མི་ཐུབ་པའི་ཤ་དང་རུས་པའི་ཚོད་ཀྱི་འདང་ཞིག་འདུག་ལ། འཁོར་བ་བྱ་སྐྱིབས་ལྟ་བུའི་གཞོན་ནུ་ཕོ་མོ་དག་གི་སྣང་བ་དང་ཕྱི་ཐག ངང་སྒུག འགལ་བ། དྲན་པ། སྨྲེང་བ་སོགས་ཀྱང་ལ་གཞས་ཁོ་ནས་སྙོར་ཏེ་འོངས་པ་རེད། བརྙན་འཕྲིན་ཤས་ཆེར་དར་བའི་ཐོག་མའི་དུས་ལའང་། བུ་མོ་མང་པོ་ཁྱིམ་ཚང་གཅིག་ལ་འདུས་ནས། ལ་གཞས་སིང་སིང་གཏོང་བའི་འོད་སྡེར་ཞིག་ལ་གཟིགས་སྐལ་ལྡན་རྒྱུ་དེ་ནི། རྒྱས་གཤོམ་དོད་ཅིང་མཉམ་འུར་ཆེ་བའི་ལས་ཀ་འབའ་ཞིག་སྟེ། ངས་ད་ཚོད་ཀྱང་། ཨ་མའི་ཁ་བཀོད་ལྟར་རྩྭ་ར་རྫོགས་མེད་ཐད་དུ་བཅད། གྱང་ར་མང་པོར་ཧར་གྱིས་འགོས། ལམ་ཕྲན་ཀྱ་ཀྱུ་རྡོག་པས་མནན་ནས། དབུགས་ཧལ་ཧལ་སྒོས་རུ་སྐོར་ཨ་ཅག་ཚོར་ཨ་མའི་མགྲོན་བརྡ་བསྐྱལ་བ་བརྗེད་ཐབས་བྲལ་ལ། དེ་དུས་ཀྱང་། ན་སོ་བདུན་བརྒྱད་ལས་མེད་པའི་ག་བཏང་གོ་ཆོད་ཀྱི་ཕྲན་བུ། བརྙན་འཕྲིན་དངDVDབརྙན་གཏོང་འཕྲུལ་ཆས་གཉིས་ཀ་ཡང་དག་པར་སྦྲེལ་མཁན་ཡིན། དེར་སྐུད་སྣེ་སེར་པོ་ཅན་ནི་བརྙན་གྱི་བརྡ་རྟགས་འདྲེན་བྱེད་དང་། སྐུད་སྣེ་དཀར་པོ་ཅན་དང་དམར་པོ་ཅན་ནི་སྒྲ་ཡི་བརྡ་རྟགས་འདྲེན་བྱེད་ཡིན། སྐུད་སྣེ་གསུམ་པོ་ཡ་ཡོ་མེད་པར་རང་རང་གི་མདོག་མཐུན་ཨུ་ཁུང་ལ་སྦྲེལ་བ་ན། ཨ་མ་དང་རུ་སྐོར་ཨ་ཅག་ཚོས། གླུ་མ་ལྕགས་མོ་རྒྱལ་དང་གླུ་བ་སྒྲོལ་མ་ཚེ་རིང་གཉིས་ཀྱིས་བླངས་ཤིང་། སྒྲ་གཟུགས་གཉིས་དང་ལྡན་པའི«ལ་གཞས་རྒྱལ་པོ»ལྟ་བུའི་འོད་སྡེར་མང་པོར་འབོལ་འབོལ་ལྷུག་ལྷུག་ཏུ་བལྟ་ཐུབ། ལན་རེར། ཁོ་ཚོས་གླུ་མ་ལྕགས་མོ་རྒྱལ་གྱི་གླུ་ལ་ཉན་ཞོར་ཤབ་ཤུབ་ཀྱི་སྐད་ཆ་ཤོད་རྒྱུ་རེད་ལ། ཡང་ལན་རེར། ཅི་ཡང་མི་བཤད་ཅིང་དཀྱུས་གཅིག་ཏུ་ཤུམ་ཤུམ་སྒོས་ངུ་བར་བྱེད། གཅིག་བྱས་ན། སེམས་པ་གཉོམ་པོ་ཡོད་པའི་ཆུང་དུས་ཀྱི་ཨོ་ལོ་ངའང་། ཅི་ཡིན་འདི་ཡིན་མ་ཤེས་པར་ཁོ་ཚོར་འགྲོགས་ནས་ཡིད་ཚིམ་པ་རེ་ངུས་ཡོད་ངེས།
ང་ནི་སྙན་བརྒྱུད་ཀྱི་གཏམ་ཚོགས་དང་ལ་གཞས་ལ་རྫི་གསང་དོད་པོས་མཉམ་འཇོག་བྱེད་མཁན་ཞིག་ཡིན་ལ། གླུ་མ་ལྕགས་མོ་རྒྱལ་གྱི་ཕྱི་འབྲང་བ་ཡང་དག་ཅིག་ཀྱང་ཡིན། མོའི་སྐད་ངག་ཙམ་མིན་པའི་སྣང་བརྙན་མཐའ་དག་ཀྱང་། ཆེས་སྔ་མོ་ཞིག་ནས་བཟུང་སྟེ། ངའི་བག་ཆགས་ཀྱི་རས་གཞིའི་ངོས་ལ་བཟའ་སྣུམ་བཞིན་འགོས་ཚར་ཡོད།
ན་ནིང་སུམ་མདོའི་བྱེ་སྣ་རུ་ལེ་ཚན་འབེབ་སྐབས། སྐད་འཕྲིན་དང་མགྱོགས་འཕྲིན་སོགས་ཤར་ཤར་རྩེས་ལ། ཁ་བརྡ་ཚིག་གཅིག་ཤོར་ནའང་བསྟན་བཤིག་གིས་ཁེངས་པའི་བགྲེས་པོ་ཉམས་ཅན་ཞིག་དང་ལབ་གླེང་མང་པོ་བྱུང་། རྐེད་ལ་རླངས་འཁོར་ལྡེ་མིག་དང་མཁྲིག་མར་ཆུ་ཚོད་འཁོར་ལོ་ཐོགས་ལ། རྡོ་ཤེལ་སྨུག་པོ་འགྱིག་གི་མཐའ་ཆགས་ཅན་བསྐྱོན་མཁན། དགུང་ལོ་བདུན་ཅུ་བརྒལ་ཡང་ལ་གཞས་སིང་སིང་ལེན་པའི་མི་རྒན་དེས། ཧུབ་ལྡུར་དཀར་ཡོལ་གང་འཐུང་རྒྱུའི་ཡུན་དུ། ང་ལ་གླུ་མ་ལྕགས་མོ་རྒྱལ་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཕང་སེམས་དང་བཅས་བཤད། ཉིན་ཞིག་ཁོ་པས་ཆབ་ཆའི་གླུ་ཁང་ཞིག་ཏུ་གླུ་མ་ལྕགས་མོ་རྒྱལ་མཐོང་ཞིང་། ཡང་ཡང་འཕྲད་རྒྱུ་དཀའ་མོ་རེད་བསམས་ནས་འཕྲལ་དུ་མོར་གཞས་ཤིག་བླངས་པ་ཡིན་མོད། ལྕགས་མོ་རྒྱལ་ལ་མོ་སྒོ་ཡོད་དྲགས་པ་དང་། ཁོ་ལ་ཕོ་སྒོ་མེད་དྲགས་པས། ཁྲོམ་དཀྱིལ་ནས་གླུ་དར་ཡང་ལག་ཏུ་འཇོག་མ་ཕོད་པར་ཕྱིར་བྲོས་པ་ཡིན་ཟེར། སྐད་ཆ་དེ་ཐོས་རྗེས་ཀྱི་སྐད་ཅིག་དང་པོར། ངའི་ཞེ་ལ་གླུ་བ་ཚེ་རིང་དང་གླུ་མ་ལྕགས་མོ་རྒྱལ་གཉིས་ལ་འབྲེལ་བའི་གཏམ་རྒྱུད་ཅིག་སྟེ། སྔོན་རྐང་ཚའི་ཚེ་རིང་ཟེར་བ་ནི་ཕོ་སྒོའི་ཡས་ཚད་དུ་འཛིན་ས་ཞིག་ཡིན་པ་ལ། གླུ་མ་ལྕགས་མོ་རྒྱལ་དང་ལ་གཞས་ལེན་རེས་ཀྱི་སྐབས་ཤིག ཨ་ཅག་ལྕགས་མོ་རྒྱལ་ལགས་ཡག་དྲགས་པས། ཁོ་འཚབ་སྟེ་སྐད་མགོ་ཡར་ལ་བཀྱགས་བཀྱགས་མཐར་ངག་རྟ་གང་ལ་འཇུག་དགོས་པའང་བརྗེད་དེ། དེང་གི“སྒྲོན་ཁོ་ཡ”ཞེས་པའི་ལ་གཞས་ཀྱི་ངག་རྟ་སྙན་མོ་དེ་ཐོལ་གྱིས་བྱུང་བའི་བཤད་རྒྱུན་དེ་འཁོར་བྱུང་། ངས་གཏམ་རྒྱུད་དེ་ཁོ་ལ་བཤད་ཞོར་དུ“ཁྱོད་རྐང་ཚའི་གླུ་བ་ཚེ་རིང་ལས་འཇོན་པོ་འདུག གླུ་དར་སྟེར་མ་ཐུབ་པ་མ་གཏོགས། ངག་རྟ་ནི་བརྗེད་མི་འདུག་ཁོ་ཐག་རེད”ལབ་པས། བགྲེས་པོས་ཀྱང“བདེན་འདུག བདེན་འདུག”ལབ་བྱུང་། ང་གཉིས་ཧབ་ཆ་དི་རིར་བགད།
ས་སྒང་རིལ་མོ་འདིའི་སྒང་ལ། ཡག་དང་མི་ཡག སྙན་དང་མི་སྙན། བཟང་དང་མི་བཟང་སོགས་ཀྱི་རྣམ་དབྱེ་དང་ཚད་གཞི་མང་དྲགས་པས། ཡག་ཅེས་པ་དེ་ལའང་གཅིག་མཐུན་དུ་རུང་བའི་འཇལ་བྱེད་ཅིག་ག་པར་ཡོད་སྲིད་དེ། མེད་མོད་ཀྱང་། བོད་མི་ཕལ་ཆེན་གྱིས་ཕོ་ཡག་ལ་རྒོད་ཞད་ཅིག་དགོས། མོ་ཡག་ལ་གཉོམ་ཞད་ཅིག་དགོས་ཟེར་ལ། ཕོ་ཡག་གི་སྣ་ཆེ་དགོས། མོ་ཡག་གི་མིག་ཆེ་དགོས་ཞེས་པའམ། ཕོ་ཡག་ལུས་དང་མོ་ཡག་ངོ་ཡིས་ཡིན་ཞེས་སོགས་ཀྱང་འདྲ་འདྲ་འགྲིག་འགྲིག བདེན་བདེན་ཅོག་ཅོག་ཅིག་བཤད། དབང་ལྔའི་མཐོང་རེག་ཡོད་རྒུ་དེང་རབས་དཔལ་ཡོན་གྱི་རྒྱ་མས་གཞལ་རྒྱུར་གོམས་དྲགས་པའི་ད་ཚོད་ཀྱང་། ངའི་ཞེ་རྩ་རུ་གླུ་མ་ལྕགས་མོ་རྒྱལ་གྱི་པིར་རྩལ་གྱིས་མ་བསྐོར་བའི་སྨིན་མ་དང་གྲི་ཆུང་གིས་མ་བཏོད་པའི་དཀྲི་ག གཉོམ་ཉག་དང་བཅས་པའི་ལྟ་སྟངས། མཁྲང་གཤོང་ཆ་འགྲིག་གི་གཟུགས་གཞི། དཀར་ཤ་དམར་མདངས་ཀྱི་ཞལ་ཁྱིམ། རབ་དཀར་ཐགས་བཟང་གི་སོ་ཕྲེང་། མེ་ཏོག་ལྡེམ་ལྡེམ་གཡོ་བའི་རྒྱ་ཞྭ། མགྱོགས་བུལ་མིག་ལ་ལྷུང་བའི་འཁོར་སྟངས། གཉོམ་ཤ་གྱི་ལེར་འགྱུར་བའི་སྐད་ངག སྣང་བར་དགུ་མདུད་རྒྱག་པའི་གླུ་ཚིག་སོགས་ཡང་ཡང་འཁོར་ཡོང་ལ། དེ་ཡི་མཐུ་སྟོབས་དང་ཚན་ཁ་ཡིས། གྲོགས་པོས་གླུ་མ་ལྕགས་མོ་རྒྱལ་ལགས་ལ་གཞས་འགྲན་སྡུར་ཞིག་གི་དཔྱད་འདེམས་པར་གདན་དྲངས་ཤིང་། ངའང་བོས་ཏེ་ཟས་ཀྱི་མགོ་འདྲེན་ལེགས་པོ་མཛད་རྒྱུའི་ཉི་ཆད་ཅིག་འཐེན་པར། ངའི་ཁ་དྲག་དང་སྤྱང་ཉམས་མཐའ་དག་གློ་རྡེག་ཏུ་འཇིག་སྟེ། སོམ་ཉི་ལན་གསུམ་བྱེད་ཞོར་ཕྱི་འགྱངས་བྱེད་དགོས་བྱུང་།
ལོ་ཟླ་ནི་སུམ་སྒྲོག་གིས་མི་ཐུལ་བའི་རྟ་རྒོད་གཤོག་པ་ཅན་ཞིག་ཡིན་ནམ། ད་ཆ་ཕྱིར་འདང་རེ་བརྒྱབ་ན། ངའང་ཕ་ཡུལ་དང་བཀྱེད་ནས་ལོ་ངོ་ཉི་ཤུ་ལྷག་ཅིག་འདས་འདུག་ལ། གདོད་ནས་ཐར་ཆགས་སུ་ཡོད་དགོས་པའི་ཁྲེལ་ངོ་ཚ་དང་། བརྫུ་འཛེམ་ཟོན་གྱི་གཤིས་སྤྱོད་མང་པོའང་། ང་དང་ཡུན་གྱིས་བྲལ་ཏེ་བགྲང་བྱ་ཉི་ཤུ་ལྷག་ཅིག་ཟད་སོང་བ་འདྲ། ངས་རྒྱུན་དུ་འདི་ལྟར། གྲོང་ཁྱེར་ནས་ཉོབ་སྣང་གིས་བསྣད་པའི་དོན་སྣོད་མཐའ་དག་དང་། ས་མཐའ་ནས་བསྐྱར་ཟློས་ཀྱིས་རྣག་པའི་ངལ་དུབ་མང་པོ་ཞིག་ཀྱང་། གླུ་མ་ལྕགས་མོ་རྒྱལ་གྱི་ལ་གཞས་རྒྱང་འཐེན་དག་གི་ཁུད་ལ་དམ་པོར་གཅུད་དེ། བས་མཐའ་མི་མངོན་པའི་སྐྱིད་སྡུག་འཁོར་བའི་འཇིངས་སུ་ཡང་ཡང་འཕེན་བཞིན་ཡོད་ལ། དེ་ཙམ་གྱིས་ཀྱང་། ངའི་ཞེ་ལ་གནའ་སྔ་མོའི་འབྲོག་སྡེ་སྨུག་པོ་དུ་བའི་ཡོ་ལང་ཅན་དག་དང་། གཞོན་ནུ་ཕོ་མོ་བརྩེ་བའི་ཕྱི་ཐག་ཅན་དེ་ཚོ་ཡང་ཡང་འཆར་རྒྱུ་འདུག་ཅིང་། ད་ལྟའི་འཚོ་སྟངས་གསར་བ་དང་རིག་གནས་སིལ་མའི་སིམ་འཛུལ་གྱིས་ཐལ་བར་གཏོང་ལ་ཉེ་བའི། བདག་གི་སྙིང་ཉེ་བའི་ཕ་ཡུལ་དང་ཕུ་ནུ་དག་ཀྱང་ཡང་ཡང་དྲན་རྒྱུ་འདུག
ང་ཚོ་བུ་སྤུན་བཞི་ལས། སྐད་ངག་ཤིན་ཏུ་མི་བདེ་བ་དེ་ནི་གུས་པ་ཡིན། ངའི་སྐད་འདི་ནི་འབྲོག་ཕྱོགས་ན་བཤད་ཀྱིན་པའི་གཡག་རྭ་རྡོ་ནང་ལ་དྲུད་པ་ལྟ་བུ་ཞེས་པ་དེའམ། རོང་ཕྱོགས་ནས་བཤད་ན། བོང་བུ་གཡང་ཁར་ཁྲིད་པའི་ཆོ་ངེ་ཞེས་པ་དེའི་གསོན་དཔེ་ཨ་ན་མ་ན་ཞིག་ཡིན་པ་འདྲ། ལན་རེར་ཚོགས་ཀྱི་ཆེ་བ་འདོན་ཕྱིར་དུ། སེམས་ལ་དཔའ་བསྐྱེད་ཏེ་ཁྲོམ་དཀྱིལ་སོགས་ནས་ལ་གཞས་རེ་གཏོང་ཁུལ་བྱས་མྱོང་མོད། རང་གི་གྲེ་བ་དང་གཞན་གྱི་ཨམ་ཅོག་གཉིས་ཀ་སྡུག་ལ་གཏད་པ་ཙམ་དུ་འདུག སྐད་ངག་ལ་རེ་བ་ཏིལ་ཙམ་མི་འདུག་པས། ངས་སྔ་མོ་ཞིག་ནས་སྐྱོ་ཤས་ཆེན་པོས་གླུ་ཚིག་ལ་དམིགས་སྒོ་གཏད་པ་ཡིན་ལ། གླུ་མ་ལྕགས་མོ་རྒྱལ་གྱི་གླུ་ཚིག་ལས་ཐོན་པའི་ཤན་སྟོབས་སྐོར་ཞིག ངས་དེང་སང་ཡང་བརྗོད་པ་ཐན་ཐུན་གྱི་དབར་ལ་བརྫུ་མེད་ཡེངས་མེད་སྒོས་ལེན་བཞིན་ཡོད། མོའི་ལ་གཞས་ལས་ཤེས་པའི་གཟི་མདངས་ད་ལ་ལ་དང་འཛུམ་མདངས་ཀྱི་ལི་ལི། གདངས་དབྱངས་ལྷང་ལྷང་ལྷང་། ཁྲོམ་པ་འུ་རུ་རུ། དགོད་གཏམ་ཆ་ལ་ལ། དངན་པ་ཤང་ཤང་ཤང་སོགས་སམ། ཡང་ན། ཁྲི་རྒྱལ་སྲས་ཁྲི་སྣོན་སེར་ཆིལ་ཆིལ། རྒྱབ་ན་བཟའི་ཟླ་གམ་འཇོལ་ལོ་ལོ། གདུགས་རྟ་དར་རྔམ་ཁ་ཡོ་ལོ་ལོ། གཟན་ཤམ་ཐབས་ལྟེབ་མ་ཀྲིག་ཀྲིག་ཀྲིག བན་བརྒྱ་སྟོང་ཚོགས་འདོན་འུ་རུ་རུ། སྒར་ཁྲ་ཁྲའི་གསེར་ཏོག་འོད་ལམ་ལམ། དྲེལ་སྨུག་ཆུང་ཁྲོག་རྡང་སི་ལི་ལི་ལྟ་བུའི་ངང་ཚུལ་སྟོན་སྟངས་ཀྱི་ཚིག་དེ་དག་ལའང་། ང་ནི་རྗེ་མི་ལའི་རྣམ་ཐར་ལས་ཐོན་པའི་རྒྱ་དར་གྱི་མདུད་པ་ཁྲ་སིལ་སིལ་དང་། གོས་མེད་ཀྱི་ལུས་པོ་སྔོ་ཧྲེང་ཧྲེང་ལྟ་བུའི་ཟུང་ལྡན་དག་ལྟར་འདང་རྩིས་ཆེ། སྣུམ་ཞག་འཁྱིལ་བའི་ལ་གཞས་ཀྱི་ཚིག་སྣ་དེ་དག ངས་དེ་ལྟར་བྲེ་གསོག་ཕུལ་གསོག་སྒོས་ཞེ་ལ་ཇི་བཞིན་དུ་བཅགས་བཅགས་བྱས་པ་ཡིན་ལ། མོས་ལེན་ཉེས་བྱས་པའི་ལ་གཞས་ཀྱི་ཚིག་ཁག་སྟེ། དཔེར་ན། བྱ་ཁྲུང་ཁྲུང་ལྷོ“གཉིས”བྱང་ལ་འཕུར་ལྟ་བུ་དང་། “ཟོན”དེད་ན་འདང་ཆེན་རོགས་རེད་ལྟ་བུ་དག་ལའང་། རང་འདོད་ཚ་པོས། བྱ་ཁྲུང་ཁྲུང་ལྷོ་ནས་བྱང་ལ་འཕུར། རྩིས་དེད་ན་འདང་ཆེན་རོགས་རེད་ཅེས། ལྟར་སྣང་གི་མཉེན་ཤ་དང་བཞུན་ཤ་གདོད་མ་ཕོད་པར། ཇི་ལྟ་ཇི་ལྟར་བླངས་པ་དག དེ་ལྟ་དེ་ལྟར་རང་གི་ཞེ་རྩ་རུ་བཅགས་བཅགས་བྱས་པ་ཡིན།
གླུ་མ་ལྕགས་མོ་རྒྱལ་གྱིས་དྲ་ལམ་ཐད་གཏོང་གི་བགྱི་བ་བཤམས་པའི་ཟླ་ངོ་གཉིས་པ་དེར། ངས་ཀྱང་དཔེ་གསར་ལེགས་སྐྱེས་ཀྱི་རིགས་ལྡེང་ཙམ་བསྐུར་ཏེ། མོའི་ཐད་གཏོང་གི་ཆ་ཤས་ལེན་མཁན་ཚོའི་གྲལ་མགོ་རུ་ཐེངས་འགར་བསྡད་པ་ཡིན་མོད། འཆར་ཤེལ་ཞིག་གིས་ཕྱི་ནང་གཉིས་སུ་བགོས་པའི་འཇིག་རྟེན་ཆུང་ཆུང་འདིའི་ཕ་རོལ་ཏུ། བདག་གི་གླུ་མའི་ལང་ཚོ་དང་སྣང་བ། དཔེ་བྱད་དང་བཀྲག་མདངས་མཐའ་དག་ཀྱང་། ལོ་ཟླའི་ཆོས་ཉིད་ཀྱི་ལྟེབ་ཁུད་དག་ལ་མེ་ཏོག་བཞིན་ལྷུང་འདུག འཁོར་བའི་ལྡོག་མེད་ཀྱི་ཉིན་སྲིབ་གཉིས་ན་ཁ་བ་བཞིན་ཞུས་འདུག ལོ་ཟླས་ཐུབ་པའི་གཉོམ་ཤ་དང་བཀྲག་མདངས་ཡལ་བའི་མིག་ཟུང་དེ་གཉིས་ཨང་། ངའི་ཞེ་རྩ་རུ་མགོ་རྔ་མེད་པའི་སྐད་ཆ་སྣ་ཚོགས་ཆུ་རྡུལ་བཞིན་ཟགས་བྱུང་། སྐྱོ་བྱུང་སྐྱོ་བྱུང་མི་ཟེར་ཨ་ཅག་ལགས། བསམས་ན་སྐྱོ་དགོས་མི་འདུག་ཨ་ཅག་ལགས། སྐྱོ་ཡང་ཐབས་ཤེས་མི་འདུག་ཨ་ཅག་ལགས།
སོས་དལ་མེད་པའི་ལོ་ཟླའི་དབའ་ཀློང་གིས། བདག་གི་ཨ་མ་དང་བདག་གི་གླུ་མའི་དལ་འབྱོར་ལུས་ཀྱི་གྲུ་ཆེན་རྒྱང་རིང་ལ་སྐྲོད་བཞིན་འདུག་ཅིང་། མི་རབས་གོང་མའི་རི་ཆུས་བསྐལ་བའི་ཁྲེལ་གཞུང་དང་གསོན་བྲལ་མེད་པའི་ཡིད་གཅུགས། ཚལ་བར་གཤག་པའི་ཚིག་ཟུར། སྣང་བས་རྟོད་པའི་ཕྱི་ཐག ཉམས་འགྱུར་འཁྱུག་པོའི་སྐད་བརྡ། གཏིང་མུན་དཀྲོག་པའི་ཧབ་ཆ། མི་ཁས་མནར་བའི་སྡུག་ཡུས། ཆག་ཀྲུམ་ཤོར་བའི་ཁ་དན་སོགས་ཀྱང་། འཇགས་རྒྱུ་མེད་པའི་རླབས་རིས་ཀྱི་མདུད་པའི་ཁུགས་ན་རྒྱང་རིང་ལ་ཡལ་གྱིན་འདུག འཇགས་རྒྱུ་མེད་པའི་ལ་གཞས་ཀྱི་འགྱུར་ཁུགས་ཀློང་ན་རྒྱང་རིང་ལ་ཡལ་གྱིན་འདུག སྐད་ཆའི་མཛེས་པ་ཚུན་ཆད་ཁ་ཆག་སྣ་རལ་དུ་འགྱུར་བཞིན་པའི་ཉིས་སྟོང་ཉེར་གཉིས་ལོའི་དབྱར་ཟླ་ཐ་མ་འདིར། ངའི་ཁ་པར་གྱི་སྒྲ་དུང་དུ་སླར་ཡང་ལ་གཞས་ཀྱི་སྨུག་ཟིལ་འཕྱུར་བྱུང་། ཨ་ཨ། ཕ་སའི་ཆུང་གྲོགས་ཚོའི་ཚིག་ཟུར་སྣ་ཚོགས་ལ་ཡུལ་གྱིས་བསྐལ་བའི་ལམ་ག་འདི་རུ། བག་ཚ་མེད་པར་གཏམ་ཞིག་བཤད་སྙིང་བྲོ་བ་ལ། བག་ཚ་མེད་པར་གཞས་ཤིག་གཏོང་སྙིང་འདོད་པ་ལ།
ས་སྐྱིད་པོ་སྐྱིད་ལུང་གོང་མ་ནས། །ཤིང་སྐྱེས་ཚད་ཙན་དན་སྡོང་པོ་རེད། །བྱ་བབ་ཚད་ཀ་ལ་བིང་ཀ་རེད། །ངའི་དྲིན་ཆེན་ཕ་ལོའི་བླ་བྱ་རེད། །གསུང་སྙན་མོ་གོ་ནས་དཀྲིས་གསུམ་བརྒྱབ། །ངས་དཀྲིས་གསུམ་བརྒྱབ་སྟེ་ཞེ་རེ་སྨྲེང་། །ཞེ་སྨྲེང་ནས་ཉི་རྩེ་རི་མགོར་ཤར། །ས་སྐྱིད་པོ་སྐྱིད་ལུང་བར་མ་ནས། །ཤིང་སྐྱེས་ཚད་ཀྱལ་རྟ་དམར་ཡག་རེད། །བྱ་བབ་ཚད་རྨ་བྱ་གསེར་ལོ་རེད། །ངའི་དྲིན་ཆེན་མ་ལོའི་བླ་བྱ་རེད། །བྱ་རྨ་བྱ་རིག་སྟེ་དཀྲིས་གསུམ་བརྒྱབ། །ངས་དཀྲིས་གསུམ་བརྒྱབ་སྟེ་ཞེ་རེ་སྨྲེང་། །ཞེ་སྨྲེང་ནས་རི་ཆེན་གྲིབ་མས་བཟུང་། །ས་སྐྱིད་པོ་སྐྱིད་ལུང་ཞོལ་མ་ནས། །ཤིང་སྐྱེས་ཚད་འབྲི་ཤུག་རྩེ་བརྒྱ་རེད། །བྱ་བབ་ཚད་བཞི་བའི་ཁུ་ལོ་རེད། །ཞེ་རང་མཐུན་རོགས་ལོའི་བླ་བྱ་རེད། །བྱ་ཁུ་ལོ་རིག་སྟེ་དཀྲིས་གསུམ་བརྒྱབ། །ངས་དཀྲིས་གསུམ་བརྒྱབ་སྟེ་ཞེ་རེ་སྨྲེང་། །ཞེ་སྨྲེང་ཏེ་སྐར་བརྒྱ་དགུང་ནས་ཤར། །
ངས་ལ་གཞས་འདི་ངག་སྒོར་བཙུར་བཙུར་ནས་མཇུག་རྫོགས་དུས། གྲོགས་པོ་སྔངས་སད་ཀྱིས་ཡར་དགྱེ་སྟེ་ང་ལ། ཨ་ཙི། ངས་ཁྱོད་ལ་རྫ་དུག་ཕོག་ནས་ཕེ་རིང་འདེབས་བཞིན་འདུག་བསམས་སོང་ཟེར། གྲོགས་པོའི་ཀུ་རེ་དང་བཅས་པའི་ཚིག་ཟུར་འདི་ཡིས་ང་སླར་ཡང་ཡ་ང་བར་བཏང་སོང་། ཅི་བྱ་ཨང་། ངའི་སྐད་བཙོག་འདི་་་་་་་་་་་།
ཆར་རྒྱུན་ཉིལ་ཉིལ་འབབ་པའི་དགོང་ཁ་འདིར། མཆོད་རྟེན་ཕྲག་བརྒྱས་བསྐོར་བའི་སྒ་ཡུལ་གྱི་ལམ་ཁ་ཞིག་ཏུ། ངའི་ཞེ་ལ་སླར་ཡང་ལྷིང་ཞིང་འཇགས་པའི་རྒྱང་རིང་གི་ཕ་ཡུལ་དང་། རི་ཆུས་བཅད་པའི་ཁེར་རྐྱང་གི་ཨ་མ་འཁོར་བྱུང་། ཨ་མ་ལགས་ཀྱིས་ཐུར་མའི་རྩེ་ལ་ཤོག་ལྗིབས་བཞག་སྟེ། གླུ་མ་ལྕགས་མོ་རྒྱལ་གྱི་སྒྲ་ཐག་སྤྱིན་ཤོག་གཞུག་ལ་བསྐོར་གྱིན་པའི་སྣང་བརྙན་འཁོར་བྱུང་། སིམ་སིམ་སིམ་གྱིས་ཤོར་བའི་ལོ་ཟླ་སྟེ། སིམ་སིམ་སིམ་གྱིས་ཤོར་བའི་ལོ་ཟླ་ལགས། ཕྲན་གྱི་ཨ་མ་ཚེ་རིང་ལོ་བརྒྱ་དང་། ཕྲན་གྱི་གླུ་མ་ཚེ་རིང་ལོ་བརྒྱ་གཉིས་ཀའི་ལོ་དང་ལང་ཚོའང་། སྒྲ་ཐག་གི་སྤྱིན་ཤོག་དེ་དག་ལྟར། ཁྲོག་ཁྲོག་གི་སྒྲ་དང་བཅས་ཏེ་ཕྱིར་ལ་བསྐོར་ཐབས་ཡོད་ན་ཅི་མ་རུང་ཨང་།
༢༠༢༢ལོའི་ཟླ༧པའི་ཚེས༡༣ཉིན་ཞུ་དག་ཐོག་མ་བྱས།
༢༠༢༢ལོའི་ཟླ༩བའི་ཚེས༡༥ཉིན་ཞུ་དག་བར་མ་བྱས།
༢༠༢༣ལོའི་ཟླ༡༡པའི་ཚེས༤་ཉིན་ཞུ་དག་འཕར་མ་བྱས།
༢༠༢༤ལོའི་ཟླ༡་པོའི་ཚེས༡༧་ཉིན་ཞུ་དག་མཐའ་མས་གཏན་ལ་ཕབ།
༢༠༢༢ལོའི་ཟླ༩བའི་ཚེས༡༥ཉིན་ཞུ་དག་བར་མ་བྱས།
༢༠༢༣ལོའི་ཟླ༡༡པའི་ཚེས༤་ཉིན་ཞུ་དག་འཕར་མ་བྱས།
༢༠༢༤ལོའི་ཟླ༡་པོའི་ཚེས༡༧་ཉིན་ཞུ་དག་མཐའ་མས་གཏན་ལ་ཕབ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།