སོག་རུ་ཀརྨ་ཀུན་ཁྱབ་ཀྱི«བོད་ཀྱི་སྦྲ་གུར་རྣམ་བཤད»ཅེས་པ་དཔེ་སྐྲུན་བྱས།

རྩོམ་པ་པོ།:སོག་རུ་ཀརྨ་ཀུན་ཁྱབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-02-07 08:17:43 ཀློག་གྲངས།:
       བོད་ཤིང་འབྲུག་གི་གནམ་ལོ་གསར་པ་ཚེས་ལ་ཉེ་བའི་མཚམས་འདིར། བོད་ཀྱི་རྩོམ་པ་པོ་སོག་རུ་ཀརྨ་ཀུན་ཁྱབ་ཀྱིས་བརྩམས་པའི«བོད་ཀྱི་སྦྲ་གུར་རྣམ་བཤད»ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནང་པར་བསྐྲུན་འགྲེམ་སྤེལ་བྱས་ཡོད།
       དེབ་དེར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཁས་དབང་རྒྱང་འཁོར་ཚེ་ཕུན་གྱིས་འགོ་བརྗོད་བྲིས་པ་དང་། བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྐུ་གཞོན་ཟུར་པ། བོད་ཀྱི་རྩོམ་པ་པོ་གྲགས་ཆེན་ཕུན་ཚོགས་བཀྲ་ཤིས་དང་། བོད་ཀྱི་དམངས་ཁྲོད་རིག་གནས་ཆེད་མཁས་པ། བོད་ལྗོངས་དངོས་མིན་ཤུལ་བཞག་རིག་གནས་ཁྲུའུ་ཡི་ཁྲུའུ་ཀྲང་ཧོར་དཀར་ནོ་མོ་ནས་འོས་སྦྱོར་གནང་ཡོད། རྒྱང་འཁོར་ཚེ་ཕུན་གྱི་འགོ་བརྗོད་ནང་། སྦྲ་ནག་ནི་བོད་ཁ་བའི་ལྗོངས་ཀྱི་རང་བྱུང་ཁོར་ཡུག་དང་ཐོན་ཁུངས་ལ་གཞིགས་ནས་རང་རེའི་མེས་པོ་ཚོས་གསར་གཏོད་གནང་བའི་ས་མཐོའི་ཁྱད་ཆོས་མངོན་པར་ལྡན་པའི་སྡོད་ཁང་གི་རིགས་ཤིག་ཡིན། དེ་ལས་བོད་མི་རྣམས་ཀྱིས་སྔར་སྲིད་པ་ཆགས་པ་ནས་བཟུང་རང་བྱུང་ཁམས་ལ་འཐབ་རྩོད་དང་དབང་བསྒྱུར་བྱེད་པའི་བློ་གྲོས་དང་དཔའ་སྟོབས་མཚོན་ཞིང་། དེ་ལ་ཁྱེར་ན་སྟབས་བདེ་བ་དང་། ཕུབ་ན་ལས་སླ་བ། ནང་དུ་བསྡད་ན་ཕྱི་རོལ་གྱི་གཟུགས་དང་སྒྲ་སོགས་མཐོང་ཐོས་ཐུབ་པ། དབྱར་དུས་བསིལ་ཞིང་དགུན་དུས་དྲོ་བ། དབྱར་དགུན་སྟོན་དཔྱིད་དུས་བཞིའི་རྩྭ་རའི་གནས་སྟངས་ལ་གཞིགས་ནས་ཕྱུགས་ཟོག་སྐྱས་སྤོ་བྱེད་སྐབས་དབོར་འདྲེན་བདེ་བ་སོགས་ཀྱི་དགེ་མཚན་དུ་མས་ཕྱུག་ཡོད། རང་ཉིད«བོད་ཀྱི་སྦྲ་གུར་རིག་གནས»ཞེས་པའི་དཔེ་དེབ་འདིའི་ཀློག་པ་པོ་དང་པོ་དེ་ཡིན་པས། འདི་ཉིད་མིག་ཡིད་རྣ་བའི་བཅུད་དུ་གཞན་ལས་སྔོན་དུ་ལོངས་སུ་སྤྱོད་རྒྱུ་བྱུང་བར་དགའ་སྤྲོ་རབ་ཏུ་འཕེལ་བ་དང་སྦྲགས། མཚམས་འདིར་དཔེ་དེབ་འདིའི་དགེ་མཚན་ཁ་ཤས་འཚམས་སྦྱོར་ཞུ་བར་འདོད་དེ། གཅིག་ནས་བོད་ལ་ཆེས་གནའ་བོའི་དུས་ནས་སྦྲ་གུར་དར་ཞིང་། གནའ་སྔ་མོར་བོད་པ་རྣམས་ནི་སྦྲ་གུར་ནང་དུ་འཚོ་བ་སྐྱེལ་མཁན་གྱི་མི་རིགས་ཤིག་ཡིན་པ་དང་། སྦྲ་གུར་ནི་བོད་ཀྱི་མཚོན་རྟགས་ལྟ་བུར་གྱུར་བའི་སྡོད་ཁང་ཞིག་ཡིན་རུང་། སྦྲ་གུར་སྐོར་གྱི་ཤེས་བྱ་ཐར་ཐོར་ཙམ་ལས་ཆ་ཡོངས་སུ་ཚང་བའི་དཔེ་དེབ་མེད་སྟབས། དེབ་འདིས་བོད་ཀྱི་སྦྲ་གུར་རིག་གནས་སྐོར་གྱི་སྟོང་ཆ་ཁ་སྐོང་ཡག་པོ་བྱས་ཡོད་པ་དང་། གཉིས་ནས་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་འབྲོག་པའི་ས་ཁུལ་དུ་སྦྲ་གུར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་སྔར་གྱི་རྣམ་པ་ཇི་བཞིན་མངོན་པའི་སྦྲ་གུར་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས། ལོ་ཆུང་ཕལ་མོ་ཆེས་སྦྲ་གུར་ནི་རྣ་ཐོས་ཙམ་དུ་གྱུར་ཡོད་ལ། སྦྲ་གུར་གྱི་འབྲེལ་ཡོད་ཤེས་བྱ་ལ་དེ་བས་རྒྱུས་མངའ་མེད་པས། དཔེ་དེབ་འདི་བོད་ཀྱི་སྦྲ་གུར་དང་འབྲེལ་བའི་ཤེས་བྱ་ལ་རྒྱུས་ལོན་བྱེད་པའི་སྐར་ཁུང་ལྟ་བུར་གྱུར་ངེས་ཡིན་པ། གསུམ་ནས་དཔེ་དེབ་འདིས་སྦྲ་གུར་གྱི་ལོ་རྒྱུས་ནས་འགོ་བཟུང་སྟེ་སྦྲ་གུར་འཚེམ་སྟངས་དང་། ཕུབ་ཚུལ། བདག་གཅེས་བྱེད་སྟངས། དེ་བཞིན་སྦྲ་གུར་གྱི་ཁྱད་ཆོས་དང་། ཡུལ་ལུང་སོ་སོའི་སྦྲ་གུར་གྱི་རྣམ་པ། སྦྲ་གུར་གྱི་དགེ་མཚན་སོགས་ཅུང་ཞིབ་ཅིང་ཕྲ་བར་བསྟན་འདུག་པས། སྦྲ་གུར་རིག་གནས་ལ་སློབ་སྦྱོང་དང་རྒྱུན་འཛིན་བྱ་རྒྱུར་བསླབ་གཞིའི་རིན་ཐང་ལྡན་པ། བཞི་ནས་སྦྲ་གུར་རིག་གནས་སྲུང་སྐྱོབ་དང་། སྦྲ་གུར་རིག་གནས་ལ་བརྟེན་ནས་ཐོན་ལས་གསར་སྤེལ། ཡུལ་སྐོར་ལས་རིགས་དང་བསྟུན་ནས་དུས་རབས་གསར་པའི་ནང་རྣམ་པ་མི་འདྲ་བའི་ཐོག་ནས་སྦྲ་གུར་གྱི་ངོ་མཚར་ཁྱད་ཡོན་བསྐྱར་དུ་མངོན་པར་བྱ་རྒྱུའི་ཐད་ལའང་རྣག་ཐོག་གཙག་འཁེལ་གྱི་བསམ་འཆར་འགའ་ཞིག་བཏོན་འདུག་པས། མ་འོངས་ལོ་ཟླའི་ནང་སྦྲ་གུར་དང་ཐོན་ལས་རིག་གནས། སྦྲ་གུར་དང་ཡུལ་སྐོར་རིག་གནས། སྦྲ་གུར་དང་འབྲོག་ལས་རིག་གནས་གཞན་དག་བར་ལ་འབྲེལ་མཐུད་ཇི་ལྟར་བྱ་རྒྱུའི་ཐད་ལ་མཛུབ་སྟོན་གྱི་རིན་ཐང་ལྡན་པ། ལྔ་ནས་དཔེ་དེབ་འདིའི་མཇུག་ཏུ་ད་ཡོད་བོད་ཀྱི་སྦྲ་གུར་རིག་གནས་དང་འབྲེལ་བའི་དཔེ་དེབ་དང་། རིག་གཞུང་དཔྱད་རྩོམ་ཚང་མའི་ཐོ་ཡིག་བཀོད་འདུག་པ་དེས་སྦྲ་གུར་རིག་གནས་ལ་ཞིབ་འཇུག་བྱ་རྒྱུར་དཔྱད་གཞི་མཁོ་འདོན་བྱས་ཡོད་ཅེས་བསྟན་ཡོད་ལ། ཕུན་ཚོགས་བཀྲ་ཤིས་དང་ཧོར་དཀར་ནོ་མོའི་འོས་སྦྱོར་ནང་། ཁག་སོ་སོར་དཔེ་དེབ་འདི་ལ་གཟིགས་ན་སྔར་སོང་ལོ་ཟླའི་ནང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་འབྲོག་པ་རྣམས་ཀྱིས་སྦྲ་གུར་ནང་གནས་བཅས་པའི་འཚོ་བའི་གོམས་གཤིས་དང་། དེ་ལས་བྱུང་བའི་ཐུན་མིན་རིག་གནས་ལ་རྒྱུས་ལོན་ཐུབ་ངེས་ལགས་ཞེས་དང་། དཔེ་དེབ་འདིས་ཁྱེད་ལ་རྩྭ་ཐང་གི་རིན་ཆེན་མཆོང་གི་ཁང་བཟང་དེའི་ཕྱི་ནང་གསང་གསུམ་གྱི་ཁྱད་ཆོས་མ་ལུས་གསལ་ལེར་བསྟན་ཡོད་པས། ཁྱེད་རང་སླར་ཡང་གདོད་མའི་ལྷིང་འཇགས་ཀྱི་འབྲོང་ཐང་དུ་སླེབས་པ་ལྟ་བུའི་ཚོར་སྣང་སྦྱིན་སྲིད་ཅེས་བསྟན་གནང་ཡོད།

རྩོམ་པ་པོ་ངོ་སྤྲོད།
       སོག་རུ་ཀརྨ་ཀུན་ཁྱབ། ༡༩༨༠ལོར་བོད་ལྗོངས་ཤེལ་ཚྭ་རྫོང་དུ་སྐྱེས། ད་ལྟ་ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་དང་། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ལས་འཛིན། ནག་ཆུ་གྲོང་ཁྱེར་རྩོམ་པ་པོ་དང་དམངས་ཁྲོད་རིག་རྩལ་མཁས་པ་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན། ༡༩༩༨ལོར་གསར་རྩོམ་གྱི་ལས་ལ་ཞུགས་པ་ནས་བཟུང་སྔ་རྗེས་སུ«ནག་ཚང་ཤེལ་ཚྭ་རྫོང་གི་ལོ་རྒྱུས»དང་། ལྷུག་རྩོམ«བྱང་ཐང་གི་བཞུར་རྒྱུན» «འབྲི་མར་སེར་པོ»སོགས་དཔེ་དེབ་བདུན་དཔེ་སྐྲུན་བྱས། སྔ་རྗེས་སུ་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལོ་ཟུང་བྱ་དགའ། «སྦྲང་ཆར»རྩོམ་སྒྲིག་ཁང་གི་བྱང་ཐང་རྟགས་མའི་རྩོམ་སྡུད་བྱེད་སྒོའི་ནང་བྱ་དགའ་ཨང་དང་པོ་སོགས་ཐོབ་མྱོང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།