གངས་དབང་ལགས་དང«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-01-26 09:47:11 ཀློག་གྲངས།:
       ཉེ་ལམ། ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་ཁྲོད། རང་ཡུལ་རང་གིས་སྐོར་མཁན་གངས་དབང་གི་མུ་འབྲེལ་རིག་གནས་ལྷུག་རྩོམ«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ཀྱང་པར་སྐྲུན་བྱས་འདུག་ལ། དེབ་འདི་ནི་ཁོང་གི་མུ་འབྲེལ་རིག་གནས་ལྷུག་རྩོམ་ལས་དེབ་ཕྲེང་གསུམ་པ་ཡིན། རྩོམ་པ་པོས་ལོ་ངོ་གསུམ་གྱི་རིང་ལ་ཆུ་བོ་ཆེན་པོའི་ཆུ་གཞུང་ནས་ཆུ་འགོ་དེད་པའི་རིང་ལ་མཇལ་བའི་ལོ་རྒྱུས་ཀྱི་རྒྱབ་གཟུགས་དང་། དཔའ་བོའི་ལུང་པར་ཁེར་རྐྱང་ངང་བཞད་མྱོང་བའི་མེ་ཏོག གཡུང་དྲུང་གི་རི་མོར་འཁོར་བའི་རྣམ་ཤེས་དང་ཁྱུང་རི་ལས་བྱ་རྒྱལ་ཁྱུང་ཆེན་ཞིག་རྒྱལ་ཁམས་ཀྱི་མཁའ་དབྱིངས་སུ་འཕུར་ཚུལ། འཕྲེད་དུ་ཉལ་བའི་རྡོ་རིང་ཞིག་ཀློག་སྟངས། དེ་མིན་ཕ་ལྟར་འགྱིང་བའི་གངས་ཏི་སེ་དང་མ་ལྟར་བཞུགས་པའི་མཚོ་མ་པང་གི་དྲུང་དུ་རྡོག་བྲོ་འཁྲབ་ཚུལ། ཇོ་མོ་གླང་མའི་མདུན་དུ་རྨི་ལམ་རྨིས་ཚུལ་བཅས་གཞུ་མོ་གྲིམ་ལྷོད་རན་པ་ལ་མདའ་མོ་འཇམ་རྩུབ་འཚམས་པ་སྤྲད་དེ་རི་ཆུའི་སྐྱིད་སྡུག་དང་མི་སྒེར་གྱི་དགའ་སྐྱོ་ལྷུག་ལྷུག་ཏུ་བརྗོད་ཡོད་དོ། །
ང་ད་དུང་འགྲོ་བཞིན་ཡོད།

       ངས«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ཅེས་པའི་རིག་གནས་ལྷུག་རྩོམ་དེབ་དང་པོའི་འགོ་བརྗོད་ནང་དུ། ང་ད་རུང་འགྲོ་དགོས། རྐང་མཐིལ་མ་ཟད་བར་དུ་ཆུ་བཞི་སྒང་དྲུག་བསྐོར་ནས་འགྲོ་དགོས། ལག་པ་མ་འདར་བར་དུ་རི་ཆུའི་སྐྱིད་སྡུག་འབྲི་དགོས། ཞེས་དམ་བཅའ་བཞག་ཡོད། དམ་བཅའ་བ་ནི་འཆིང་བའི་རྒྱུ་ཞེས་གྲགས་ཀྱང་། རང་ཡུལ་རང་གིས་བསྐོར་ཏེ་སྐྱིད་སྡུག་འབྲི་རྒྱུ་ནི་གཞན་གྱིས་བཙན་པོས་བཀལ་བའི་ལས་འགན་མིན་པར། རང་ཉིད་དགའ་ས་དང་མོས་ས་ཡིན་པས་འཆིང་བའི་ཐག་པ་དེ་འགྲོ་རོགས་ཀྱི་ལྷམ་སྒྲོག་དང་། འདུག་རོགས་ཀྱི་སྐེད་རགས་སུ་བརྩིས་དང་རྩི་བཞིན་ཡོད།
«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། མཐོང་ཐོས་དབང་པོའི་ཡུལ་དུ་མ་གྱུར་བར། །ཁྱིམ་གྱི་མལ་དུ་དཔྱད་པས་མི་ཤེས་པ། །ཞེས་པ་ལྟར། ང་ནི་སྡོད་ས་གཅིག་ཏུ་བསྡད་དེ་ལྟོ་གོས་འཛོམས་པ་ཙམ་གྱིས་ཡིད་མ་ཚིམ་པར་རང་ཡུལ་གྱི་སྟོད་མངའ་རིས་དང་བར་དབུས་གཙང་། སྨད་མདོ་ཁམས་ལ་རི་དྭགས་བཞིན་ཉུལ་བར་ཤིན་ཏུ་མོས་མོད། དགེ་ཆོས་ལྟར་ཆོས་འགོ་ཐུག་སའི་ཡུལ་ལ་ཕེབས་ཏེ། རྒྱལ་ཁམས་རིག་པས་བསྐོར་བའི་ཤེས་རབ་དང་། འབྲུག་པ་ཀུན་ལེགས་ལྟར་མིང་དོན་ཡོད་ཚད་བློས་བཏང་སྟེ། མི་ཆོས་བླ་མའི་རྫུན་ལ་དགག་སྒྲུབ་ཀྱི་འཁོར་ལོ་བསྐོར་བའི་སྤོབས་པ། ཚངས་དབྱངས་རྒྱ་མཚོ་ལྟར་ཡུལ་ལུང་ངེས་མེད་འགྲིམས་ཏེ། རང་སེམས་གནམ་སར་བཅོལ་བའི་ཁོག་ཡངས་མེད་ཀྱང་། བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཐ་སྙད་རྫིག་པོ་ཁོ་ན་ལ་མ་འཁོར་བར།  ཕྱི་ཡི་སྣོད་དང་ནང་གི་བཅུད་གཉིས་ཀར་འབྲེལ་འདྲིས་བྱས་ཏེ་རི་ཆུའི་སྐྱིད་སྡུག་བཙལ་བ་ཡིན།
       ཀུན་གྱིས། ཕྱི་རོལ་དུ་མ་འགྲོ་ན་ཁྱིམ་ཚང་ཆུང་ངུ་དེ་འཇིག་རྟེན་ཧྲིལ་པོ་ལྟར་དུ་སྣང་ལ། ཕྱི་རོལ་དུ་སོང་རྗེས་འཇིག་རྟེན་ཧྲིལ་པོ་དེ་ཁྱིམ་ཚང་ཆུང་ངུར་གྱུར་ཞེས་བཤད།
       ངས་ཀྱང་། ཅི་ཐུབ་ཀྱིས་དཔེ་ཀློག་གི་མཐའ་ལས་བརྒལ་ཞིང་། རྒྱུས་ཡོད་ཀྱི་ཁོར་ཡུག་དང་བྲལ་ཏེ་ཆ་མེད་ཀྱི་ས་ཆར་འགྲོ་དུས། སྔར་ཡོད་ཀྱི་དོགས་པ་མང་པོའི་དྲིས་ལན་རི་ཆུའི་བར་དུ་སྦས་ནས་ཡོད་པ་མཐོང་རྗེས། མིག་རྒྱང་ནི་ཐག་ཉེ་ས་ནས་ཆུ་བོའི་གཞུང་ལྟར་རྒྱུན་རིང་དུ་བསྲིངས་ཤིང་། སེམས་རྒྱ་ནི་གུ་དོག་པོ་ལུང་ཁུག་ནས་རི་བོའི་གཏོས་ལྟར་ཇེ་ཆེར་གྱུར་པས་མ་ཚད། ཡུལ་དངོས་སུ་མིག་གིས་མཐོང་ལ་རྣ་བས་ཐོས་ཤིང་སེམས་ཀྱིས་མྱོང་བ་རྣམས། གཏམ་བདེན་པ་དང་ངག་དྲང་པོའི་ཐོག་ནས་དྲིལ་བསྒྲགས་བྱ་རྒྱུ་ནི་ཡིག་འབྲི་པ་ཞིག་གིས་འཆོར་མི་འོས་པའི་དམ་བཅར་བརྩིས་ཡོད་དེ། རྒྱུ་མཚན་ནི། འཚོལ་བསྡུ་བྱས་པ་ནི་རིག་གནས་ཤིག་གི་བླ་སྲོག་བཀུག་པ་དང་། བརྒྱུད་སྤེལ་བྱས་པ་ནི་རིག་གནས་ཤིག་ལ་འགྲོ་ལམ་བཙལ་བ་རེད། ཡིན་ན་ཡང་། རིག་གནས་ཀྱི་ནང་སྙིང་ངོ་མ་ནི་མི་རབས་ནས་མི་རབས་ཀྱི་མི་གཞི་ལ་བརྟེན་ནས་བརྒྱུད་སྤེལ་བྱ་དགོས་པ་ལས། ཡིག་འབྲུར་ཕབ་པ་ཙམ་གྱིས་བརྒྱ་གོ་གཅིག་ཆོད་དུ་སེམས་མི་རུང་། 
       སྐྱེས་ཆེན་ཚོས་རི་ཆུ་བྱིན་གྱིས་བརླབས་ཤིང་། རི་ཆུ་ཡིས་ང་ཚོ་གསོ་ཞིང་སྐྱོང་བའི་དྲིན་ལས། ང་ལ་རི་ཆུ་བསྐོར་བའི་ཆོད་སེམས་དང་སྐྱིད་སྡུག་མྱོང་བའི་སྤོབས་པ། གནམ་ས་མཇལ་བའི་སེམས་རྒྱ་ཡོད་པ་ནས་བཟུང་། རང་ཡུལ་བསྐོར་བ་ནི་རང་སེམས་ནང་ཐེངས་གཅིག་མྱུལ་ཞིབ་བྱེད་པའི་གོ་རིམ་ཞིག་རེད། གོ་རིམ་དེའི་ནང་ངས་རང་དང་འབྲེལ་བ་མེད་པ་རྣམས་ཐང་ལ་བཞག་སྟེ། རང་ལ་དངོས་སུ་མཁོ་བ་དང་རང་ཉིད་དགའ་བར་བྱེད་པའི་ནོར་བུ་རྣམས་རུམ་ནང་བླངས་པ་ཡིན། ནོར་བུ་དེ་དག་འཚོལ་བའི་ལམ་དུ་མཇལ་འཕྲད་དུ་བྱུང་བ་ཚང་མ་ནི། བརྩེ་བའི་སྡོང་གྲོགས་ལས་དགྲ་བའི་གཤེད་མ་མིན་པས་བྱམས་པ་དང་སྙིང་རྗེ། དཀྱེལ་ཡངས་ཞེས་པ་ནི་ཤེས་ཡོན་དབང་ཐང་དང་འབྲེལ་བ་མེད་པ་ཞིག་ཡིན་པ་གཞི་ནས་ཤེས་སོང་།
       མེས་པོ་ཚོས་རི་བོ་མཐོན་པོ་གཙུག་ཏུ་བཀུར་ཞིང་། ས་གཞི་ཆེན་པོ་ཐུགས་སུ་བསྒོམས་པས། གཞི་ནས་བྱ་རྒོད་ལ་འཕུར་ལྡིང་བྱེད་སའི་གནམ་སྔོན་པོ་དང་། རྟ་ཕོ་ལ་གོམ་པ་སྤོ་སའི་ཐང་ཡངས་མོ་ཡོད་པ་རེད། གནམ་སྔོན་པོ་དང་ཐང་ཡངས་མོ་ལས་ངས་མེས་པོ་ཚོའི་ཞབས་རྗེས་མཇལ་བས་མ་ཚད། རང་ཉིད་ཀྱི་གྲིབ་གཟུགས་ཀྱང་མཐོང་བྱུང་བས། ངའི་ཡིག་འབྲུར་མེས་པོ་ཚོའི་དར་རྒུད་ཀྱི་རི་མོ་དང་རང་ཉིད་ཀྱི་སྐྱིད་སྡུག་གི་གླུ་དབྱངས་ཀྱང་འདུས་ཡོད།
       དོན་ངོ་མར། ང་ནི་རྨོངས་པས་སྐྲག་ནས་རི་ཆུར་དད་པ་མིན། ཤེས་ནས་དགའ་བས་གུས་པ་ཡིན།
       སྐབས་འགར། ངས་དོགས་གཞི་དང་རེ་བ་རུམ་གང་ཁྱེར་ཏེ་རི་ཆུ་མང་པོའི་མདུན་དུ་ལངས་དུས། ཡིག་འབྲུ་གཅིག་ཀྱང་འབྲི་མ་ཐུབ་པར་ཅི་བྱ་གཏོལ་མེད་དུ་གྱུར། ཅི་བྱ་གཏོལ་མེད་དུ་གྱུར་ཡང་རིག་པ་བསྒྲིམས་ཏེ་བྱ་རྒྱལ་ཁྱུང་གིས་གཤོག་པ་བརྐྱངས་པ་ལྟ་བུའི་རི་བོ་དང་། སྲིད་པ་རྒན་པོས་དར་དཀར་ཕུལ་བ་ནང་བཞིན་གྱི་ཆུ་བོ་བསྐོར་ཞིང་། གཏམ་དང་གླུ་བྲོར་མཁས་ཤིང་ལས་དང་རྒྱུ་འབྲས་རྩི་བའི་ཡུལ་མི་ཚོ་དང་ཁ་བརྡ་བྱེད་དུས། རིག་གནས་ཀྱི་འགོ་ཁུངས་དང་རྟགས་མཚན། རིགས་རྒྱུད་ཀྱི་གྱེས་ཚུལ་དང་འགྲོ་ཕྱོགས་བཅས་མག་མོག་ནས་ལྷང་ངེར་བཀྲ་བ་དེས། ངའི་རིག་གནས་དང་ལོ་རྒྱུས། མི་ཚེའི་ལྟ་བ་ལ་དམའ་ས་ནས་མཐོ་ས་དང་། འཁྱོག་ས་ནས་དྲང་སར་འཕོ་འགྱུར་ཆེན་པོ་ཐེབས་པས། སྟོད་སྨད་བར་གསུམ་གྱི་རི་ཆུ་རྣམས་ལ་བཀའ་དྲིན་ཆེ་ཞུ་དགོས། རི་ཆུའི་བར་དུ་གནས་བཅས་པའི་སྤུན་ཟླ་ཚོ་ལ་ཐུགས་རྗེ་ཆེ་ཞུ་དགོས།
དེབ་གསུམ་པའི་དཀར་ཆག
       ལོ་ངོ་གཉིས་ཀྱི་རིང་ལ་སྔར་ལྟར་སེམས་ནང་གི་གངས་དགའ་ཁྲིད་དེ་རང་ཡུལ་བསྐོར་བ་ཡིན་ལ། རང་ཡུལ་སྐོར་བའི་རིང་ལ་རི་བོའི་འགྱིང་སྟབས་དང་ཆུ་བོའི་བཞུར་སྒྲ། མཁར་ཤུལ་གྱི་དར་རྒུད། དབྱངས་གསལ་གྱི་ལས་དབང་། སྤུན་ཟླ་ཚོའི་རེ་སྒུག་ལས་ལོ་རྒྱུས་ཀྱི་ཆགས་འཇིག་དང་རིག་གནས་ཀྱི་རྨ་ཁ།  བདག་གཞན་གྱི་མུ་རྡོ་མཐོང་དུས། སྐབས་འགར་ང་ཚོ་ལ་ཁེར་རྐྱང་གི་སྣང་བ་སྐྱེས་པ་ནི། གྲོགས་པོ་མེད་པས་མ་ཡིན་པར་རང་ཉིད་རང་གིས་བོར་ཏེ་རང་སེམས་སྟོང་པར་ལུས་པས་རེད་འདུག་པ་ཚོར་བྱུང་།
       ངས་ད་བར་དུ་བསྐོར་བ་ནི། མི་མང་པོས་བསྐོར་མྱོང་ཡང་མིག་གིས་བལྟས་པ་ཙམ་ལས་སེམས་ཀྱིས་བཀླགས་མ་མྱོང་བའི་རི་ཆུ་རྣམས་ཡིན་ལ། རང་སེམས་ཀྱིས་བཀླགས་པའི་མྱོང་ཚོར་རྣམས་ཡིག་འབྲུར་ཕབ་སྟེ། རིག་གནས་ལྷུག་རྩོམ«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ཅེས་པའི་དེབ་དང་པོ་གྲོགས་པོ་ཚོ་ལ་ལེགས་སྐྱེས་སུ་ཕུལ་བ་ནས་བཟུང་། ཚང་མས་རང་ས་རང་ཡུལ་ནས་བཏགས་པའི་སྣམ་བུ་ཞིག་ལ་བརྩིས་ཏེ། ཡིག་ཐོག་དང་ངག་ཐོག་གཉིས་ནས་དགོངས་འཆར་ལྷུག་ཏུ་བསྩལ་བ་ཡིས། ང་རང་མུ་མཐུད་དུ་ལས་དེ་ལ་ཞུགས་པའི་སྤོབས་པ་དང་ངར་ཤུགས་སྔར་ལས་རྒྱས་ཏེ། ད་ཐེངས་ཡང་དེབ་འདི་རྣམ་པ་ཚོའི་སྤྱན་ལམ་དུ་ཕུལ་ཐུབ་པ་ནི། གངས་ཏི་སེ་དང་ཇོ་མ་གླང་མ། ཨ་མྱེས་རྨ་ཆེན་དང་ཁ་བ་དཀར་པོ། གངས་དཀར་རི་བོ་དང་རྒྱལ་མོ་དམུ་རྡོ། དེ་མིན་ཡར་ཀླུང་གཙང་པོ་དང་རྨ་འབྲི་རྫ་གསུམ། རྒྱལ་མོ་རྔུལ་ཆུ་བཅས་རི་ཆུ་རྣམས་དང་ལས་ཀྱིས་ཕྲད་རྗེས། རི་མོ་སྙིང་གི་དཀྱིལ་ལ་བསྐོས་པ་དང་མགུར་གླུ་མགྲིན་པའི་སྦུབས་ལས་ཐོན་པའི་རྟེན་འབྲེལ་ཡིན།
       རི་མཐོན་པོ་དེ་དག་མ་མཇལ་གོང་། ང་ནི་ས་མཐོ་ས་ཞིག་ན་ལངས་ཡོད་སྣང་སྐྱེས། ཆུ་ཆེན་པོ་དེ་དག་མ་མཐོང་སྔོན། ང་རང་གིས་རྒྱང་རིང་ཞིག་ལ་ལྟ་ཡོད་སྣང་ཤར། རི་ཆུ་དེ་དག་བསྐོར་རྗེས། གཞི་ནས་ང་རང་ནི་རི་འདབས་ཀྱི་ལུང་ཁུག་དང་ཆུ་བོའི་དཀྱོགས་མཚམས་སུ་ལྷག་ཡོད་པ་ཚོར།
       གང་ལྟར། རང་ཡུལ་གྱི་རི་ཆུའི་བར་དུ་ང་ཚོའི་ལུས་ངག་ཡིད་གསུམ་ལ་དངོས་སུ་ཕན་པའི་རིག་གནས་ཀྱི་ནང་སྙིང་གྱ་ནོམ་པ་སྦས་ཡོད་པས། ངས་བལྟས་ན། ང་ཚོས་གབ་སྦས་སུ་གྱུར་བའི་སྲོལ་རྒྱུན་རིག་གནས་ཀྱི་ནང་སྙིང་དང་ནུས་པ་སྔོག་འདོན་བྱེད་པ་དང། མངོན་སུམ་དུ་དར་བའི་རིག་གནས་ལག་རྩལ་ལེགས་པར་སྦྱོང་ཐུབ་ན་ང་ཚོ་ལ་ནམ་ཡང་རེ་བ་ཡོད་པས་ང་ད་རུང་འགྲོ་བཞིན་ཡོད་ལ། རྐང་ལག་མ་འདར་བར་དུ་སྣ་ཐག་རང་མགོར་དཀྲིས་ཏེ་སྟོད་སྨད་བར་གསུམ་བསྐོར་ཐུབ་པར་སྨོན་ནོ། །
ཞེས་རྩོམ་པ་པོས་སྔོན་འགྲོའི་གཏམ་གྱི་ཚབ་ཏུ་ཤར་མི་ཉག་དར་རྩེ་མདོ་ནས་གུས་པས་ཕུལ།
«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»དེབ༡ནས༣བར།
       ད་དུང་དགའ་འོས་པའི་གཏམ་བཟང་ཞིག་ཡོད་པ་ནི། ཀློག་པ་པོ་རྣམ་པས་མུ་མཐུད་དུ་སྒུག་དང་། «རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»དེབ་བཞི་པ་དང་ལྔ་པ་སོགས་ཀྱང་མི་འགྱངས་བར་པར་སྐྲུན་འགྲེམས་སྤེལ་བྱས་ཏེ་ཀུན་གྱི་སྤྱན་སྔར་གཟིགས་འབུལ་བྱ་འཆར་འདུག

ནང་དོན་ཡོང་ཁུངས། དེང་རབས་རྩོམ་རིག་གསར་རྩོམ་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།