ཨ་ཀྱཱ་ཡོངས་འཛིན་དང་རྐ་ཕུག་པཎྚི་ཏ་གཉིས་མཁས་པ་གཅིག་ཡིན་ནམ།
རྩོམ་པ་པོ།:ཁྱུང་ཕྲུག་བློ་བཟང་དར་རྒྱས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-03-06 09:18:29
ཀློག་གྲངས།:
ཨ་ཀྱཱ་ཡོངས་འཛིན་དང་རྐ་ཕུག་པཎྚི་ཏ་གཉིས་ཀྱི་ལོ་རྒྱུས་གླེང་སྟེ་ཁོང་རྣམ་གཉིས་ཡང་སྙིང་མཁས་པ་གཅིག་ཡིན་མིན་ལ་དཔྱད་པ།
ཁྱུང་ཕྲུག་བློ་བཟང་དར་རྒྱས།
རྩོམ་ཡིག་འདིའི་བརྗོད་དོན་གྱི་སྙིང་བོ་ནི་དེ་ལ་དུས་རབས་བཅོ་བརྒྱད་པའི་ནང་བྱོན་པའི་ངེད་ཅག་བོད་ཀྱི་མཁས་པ་ཆེན་པོ་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་དང་རྐ་ཕུག་པཎྚི་ཏ་བློ་བཟང་དོན་གྲུབ་གཉིས་ཀྱི་བྱུང་བ་གླེང་པ་ལྷན་དུ། དེང་གི་ཆར་བོད་ཀྱི་རིག་པའི་གདེང་ཀ་ན་མངོན་པར་མཛེས་པའི་སློབ་དཔོན་ཆེན་པོ་དང་ཞིབ་འཇུག་མཁས་པ། བློ་ལྡན་གཞོན་ནུ་སྐོར་ཞིག་གིས་དེ་གཉིས་མཁས་པ་གཅིག་ ཡིན་ཚུལ་བཤད་ཅིང་དེར་མ་ཟད་དཔྱད་རྩོམ་ཡང་རེ་འགའ་སྣང་བ་ལ་ཁུངས་ལྡན་གྱི་ལོ་རྒྱུས་ཡིག་ཆ་དང་ལོ་ཚིགས་རྣམས་གུང་བསྒྲིགས་ཏེ་རྐ་ཕུག་ཚང་སྐུ་གཤེགས་ནས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་ད་དུང་ཨ་ཀྱཱ་ཡོངས་འཛིན་སྐུ་འཚོ་གཞེས་གནང་ཡོད་པ་སོགས་དངོས་སྟོབས་ཀྱི་རིགས་པ་དུ་མའི་གནོད་པས། ལྟ་ཚུལ་དེ་ལ་སུན་འབྱིན་དཔྱིས་ཕྱིན་པར་བགྱིས་ནས་ཁོང་རྣམ་པ་གཉིས་བོད་ཀྱི་མཁས་པ་སོ་སོ་བ་ཞིག་ཡིན་ཚུལ་ཐག་གིས་བཅད་དེ་སྨྲས་ཡོད་པ་ཡིན།
དང་པོ། གླེང་བསླངས་ཏེ་མཚམས་སྦྱོར་པ།
དེ་ཡང་ཉེ་དུས་འདིར་བོད་རིག་པའི་སྡེའི་སྡིངས་ཀ་ན་དཔྱད་འཇོག་གི་ལས་ལ་བྲེལ་ཞིང་བརྩོན་པའི་ཞིབ་འཇུག་པ་དང་འཆད་ཁྲིད་པ། ཟོ་བཟང་པ་དང་མུན་སྤྲུལ་པ་འགའ་ཞིག་དུས་རབས་བཅོ་བརྒྱད་པའི་ནང་མདོ་སྨད་ཡུལ་དུ་བྱོན་པའི་བོད་ཀྱི་རིག་གནས་ལ་ཕྱག་རྗེས་མི་དམན་པའི་ལོ་རྒྱུས་མི་སྣ་སྟེ། མཁས་པ་ཆེན་པོ་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་དང་རྐ་ཕུག་པཎྚི་ཏ་བློ་བཟང་དོན་གྲུབ་ཞུ་བ་འདི་གཉིས་ཡང་སྙིང་མཁས་པ་གཅིག་ཡིན་ཚུལ་གྱི་ལོག་རྟོག་དང་ཡང་ན་དེ་གཉིས་མི་གཅིག་ཡིན་མིན་གྱི་ཐེ་ཚོམ་སྐྱེས་དང་སྐྱེ་བཞིན་པ་མ་ཟད། ད་དུང་དེ་ལྟར་གཞན་ལ་སྒྲུབ་བྱེད་ཀྱི་ལུང་རིགས་ལྟར་སྣང་འདྲ་ཆགས་པོ་དུ་མ་བཀོད་དེ་བཤད་ཅིང་། གཞན་མཐའ་དཔྱོད་དགག་བཞག་གི་རྣམ་པའི་དཔྱད་རྩོམ་ཡང་རེ་འགའ་རྣ་བའི་ལོངས་སྤྱོད་དང་མིག་གི་སྤྱོད་ཡུལ་དུ་སོན་བྱུང་ངོ་། །རྣམ་པ་གཅིག་ཏུ་ན་དྲན་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས། ལར་ཆོས་རྒྱུད་འཛིན་པའི་མཁས་པ་མང་པའི་སྐབས་གྲུབ་མཐའ་ནང་གསེས་ཀྱི་ཁྱད་པར་ཕྲ་མོ་རྣམས་ལ་ཡང་གཅིག་གིས་གཅིག་ལ་དགྲ་བཞིན་དུ་བལྟའ། མཁས་པ་རྣམས་ཚར་ནས་ཕྲ་ཞིབ་རིགས་པ་དེ་དག་ཡལ་བའི་རྗེས་སུ་ས་མཚམས་ཐམས་ཅད་རོ་གཅིག་ཏུ་འདྲེས་ནས་ཀུན་གྱི་འཇུག་པ་བདེ་བ་ཞིག་འོང་པ་འདི་བླུན་པོ་རྣམས་ཀྱི་ཡོན་ཏན་བླ་ན་མེད་པ་ཞིག་ཏུ་སྣང①ཞེས་གསུངས་པ་བཞིན་རིག་པའི་གནས་ལ་རྩོད་པ་དང་དགག་བཞག་མེད་པར་ཆུ་ལ་ཆུ་བཞག་ལྟར་གྱུར་པ་ནི་འཕེལ་རྒྱས་ལྟ་ཅི། ད་དུང་བླུན་པོའི་ཁྱད་ཆོས་སུ་གསལ་བས་དེང་འདིར་ཡང་རིག་གཞུང་གི་རྩོད་གླེང་སྤྱི་དང་སྒོས་སུ་སྔ་དེང་རིག་གནས་ཀྱི་འགལ་འདུའི་རྩོད་གླེང་དག་ཀྱང་རིག་གནས་དར་པའི་མཚོན་རྟགས་ཉིད་དུ་ངེས། དེས་ན་འདི་འདྲའི་རིགས་པའི་རོལ་རྩེད་ཀྱི་དཔྱད་འཇོག་རྩོམ་པ་འདི་ལ་འུ་ཅག་ཚང་མས་ཡི་རང་དགའ་གུས་ཀྱི་ལག་ཟུང་ཐལ་མོ་སྙིང་གར་སྦྱོར་བཞིན་རྟ་རྒྱུགས་ན་མཉམ་རྒྱུགས། གྲལ་འཁོད་ན་ཁ་གཏད། སྐྱིད་སྟོན་ཀའི་འབྲས་བུར་མཉམ་སྤྱོད། སྡུག་སྐྱ་མོའི་ཆུ་ལ་མཉམ་འཐུང་ཞེས་བཤད་པ་ལྟར་བྱ་དགོས་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་ཞར་ལ་འདིས་དེང་གི་དཔྱོད་ལྡན་འགའ་ཞིག་གིས་དོགས་སློང་དང་བརྒལ་བརྟག་གི་ལས་ཀྱི་ཕྱོགས་འདི་ལ་དམོད་པར་བརྩོན་པ་དག་ནི་མཁས་པའི་ངང་ཚུལ་མི་ཤེས་ཤིང་རང་ཉིད་ཀྱི་ནང་གི་བློ་གྲོས་དེ་ཉིད་གསལ་བར་སྟོན་པ་ཙམ་ལས་གཞན་ཅི་ཡང་མ་དམིགས་པ་རྟོགས་ན་ཚུལ་འདི་ལ་ཐུགས་གཞིག་གནང་དགོས་པར་སེམས་སོ། །
འོ་ན་དེ་ལ་འདི་འདྲའི་དོགས་པ་དང་རྩོད་པ་ཅི་ལྟར་བྱུང་བ་ཡིན་སྙམ་ན། ཉེ་རབས་བོད་ཀྱི་མཁས་དབང་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས། ཨ་ཀྱཱ་ཡོངས་འཛིན་གྱི་ལོ་རྒྱུས་ཀྱི་སྐབས་སུ་རྐ་ཕུག་གི་ལོ་རྒྱུས་དང་ཕལ་ཆེར་གཅིག་མཚུངས་བྲིས་ཡོད་པ་དེ་ལ་བརྟེན་ནས་དེ་གཉིས་མཁས་པ་གཅིག་དང་གང་ཟག་གཅིག་ཡིན་སྙམ་གྱི་དོགས་པ་བྱུང་བ་དང་གཞན་དེ་དང་མཚུངས་པར་མཁྱེན་དཔྱོད་དང་ལྡན་པ་འགའ་ཞིག་གིས་ཀྱང་རེ་ཞིག་ཐུགས་མཉམ་མ་བཞག་པར་དེ་འདྲ་འོལ་ཚོད་དུ་བཤད་པ་ལ་ཡིད་ཆེས་བྱས་པ་ལ་བརྟེན་ནས་བྱུང་སྣང་བ་ལ། འདིར་ཁོ་བོས་མདོ་སྨད་གཅན་ཚའི་འཚོ་བྱེད་སྨྲ་བའི་དབང་བོ་དགེ་བའི་བཤེས་གཉེན་ངང་རོང་ཨ་ཁུ་འཇམ་དབྱངས་དམ་ཆོས་མཆོག་གི་མདུན་ནས་རྙེད་དཀའ་བའི་རྐ་ཕུག་པཎྚི་ཏ་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར་ཇུ་ནང་ངག་དབང་སྙན་གྲགས་ཀྱིས་མཛད་པའི་དཔེ་རྙིང་རྩ་ཆེན་ལག་སོན་བྱུང་བ་གཞི་བྱས། དངོས་སུ་ཨ་ཀྱཱ་ཡོངས་འཛིན་མཆོག་གི་གསུང་འབུམ་དང་སྐུ་འབུམ་གདན་རབས་ལས་ལོ་ཚིགས་སྐོར་ཞིབ་ཏུ་བཙལ་ནས་རིགས་པས་དཔྱད་དེ་གུང་བསྒྲིགས། འཁྲུངས་ཡུལ་གྱི་མི་རབས་ཤུལ་འཛིན་ཏེ་སྐུ་འབུམ་དགོན་པའི་དུས་འཁོར་བ་ཨ་ཁུ་སྐལ་བཟང་བཅས་ལ་དྲི་གཏུགས་དང་ཞིབ་རྩད་བྱས་པ་ལ་བརྟེན་ནས་ཁོང་རྣམ་གཉིས་ནི་ལོ་རྒྱུས་སྟེང་ད་སྔ་ལོ་ངོ་བརྒྱ་ཕྲག་གཉིས་ཀྱང་ཧྲིལ་བོ་མ་འགོར་བའི་མི་སོ་སོ་བ་ཞིག་དང་མཛད་པ་མི་འདྲ་བའི་མཁས་པ་གཉིས་ཡིན་ཚུལ་ལ་ཞིབ་འཇུག་གིས་དོགས་པ་གཅོད་འདོད་པ་ནི་སྐབས་སུ་བབ་པའི་ལས་སུ་བྱ་བའོ། །
གཉིས་པ། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱི་བྱུང་བ།
དེ་ཡང་ཡོངས་གྲགས་སུ་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ནི་མདོ་སྨད་ཙོང་ཁའི་ཡུལ་གྱི་ཤར་ཕྱོགས་རྨ་ཆུའི་བྱང་འགྲམ་བོད་སོག་འདྲེས་མར་བསྡད་པའི་ཟན་ཁྲོན་ལ་ཀྱཱ་ཞེས་པའི་སྡེ་བར(青海省民和县管停镇小李家村)རབ་འདོད་དེ་རབ་བྱུང་བཅུ་གསུམ་པའི་ཤིང་རྟ་སྤྱི་ལོ1774ལོར་ཧོར་གྱི་རིགས་སུ་འཁྲུངས། ཆུང་དུས་ནས་སྐུ་འབུམ་གྱི་ཆོས་གྲྭར་ཞུགས། ཡི་གེ་འབྲི་ཀློག་སོགས་ལ་འབད་པས་སྦྱངས། མཁས་དབང་འཕྲིན་ལས་བཟང་བོ་དང་ངག་དབང་བཟོད་པ་སོགས་བཤེས་གཉེན་དུ་མ་བསྟེན་ནས་མདོ་དང་རྒྱུད་སྡེའི་གཞུང་ལུགས་ལ་གསན་སྦྱངས་མཐར་ཕྱིན་པ་མཛད། སྐུ་འབུམ་དུ་སྨོན་ལམ་ཆེན་མོའི་གྲྭ་སྐོར་གནང་བས་ཀུན་གྱི་ཡིད་འཕྲོག་པ་བྱུང་ཞིང་སྨོན་ལམ་རབ་འབྱམས་པའི་མཚན་སྙན་བཞེས།②
རྭ་སྒྲེང་ཁྲི་ཆེན་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པ་རབ་རྒྱས་དང་། ཀུན་མཁྱེན་བར་བ་འཇིགས་མེད་དབང་བོ། ཤིང་བཟའ་པཎྚི་ཏ་བློ་བཟང་དར་རྒྱས་རྣམས་ཡུན་རིང་དུ་བསྟེན་ཏེ་མདོ་སྔགས་ཀྱི་གཞུང་ལུགས་དང་། སྙན་ངག་དང་སུམ་རྟགས། ལེགས་སྦྱར་གྱི་སྒྲ་དང་སྡེབ་སྦྱོར་སོགས་ཐུན་མོང་རིག་གནས་དང་བཅས་པར་སྦྱངས་པ་མཐར་ཕྱིན་གནང་ནས་མཁས་པའི་རྩེ་མོར་སོན། དགུང་ལོ་ལྔ་བཅུ་བཞེས་པ་རབ་བྱུང་བཅུ་བཞི་བའི་ཆུ་ལུག་སྤྱི་ལོ1823ལོར་སྐུ་འབུམ་བྱམས་པ་གླིང་གི་དགོན་བདག་ཨ་ཀྱཱ་སྐུ་ཕྲེང་བཞི་བ་ཡེ་ཤེས་སྐལ་བཟང་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་དུ་བཞུགས། དེ་དུས་ཨ་ཀྱཱ་སྤྲུལ་པའི་སྐུ་དེ་ཉིད་ཀྱིས་དགུང་ལོ་བདུན་ཙམ་བཞེས་ཡོད། སྐུ་འབུམ་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་ལས། དེའི་སྤྲུལ་སྐུ་ཡེ་ཤེས་མཁས་གྲུབ་རྒྱ་མཚོ་ནི། སྒོ་མེ་ཧོར་ཀྱཱ་སྡེ་བར་རབ་ཡིད་མེ་གླང་ལོར་འཁྲུངས། སྐུ་འབུམ་ཆོས་སྐྱོང་ཆེན་མོའི་ལུང་བསྟན་བཞིན་གོང་མའི་སྤྲུལ་སྐུར་ངོས་འཛིན་བྱས།
དགུང་ལོ་བདུན་བཞེས་པར་རྟ་བསུ་སེར་སྦྲེང་དང་བཅས་འདི་གའི་རང་སྒར་དུ་གདན་སར་བཀོད་ནས་དགའ་སྟོན་རྒྱས་པར་སྤྲོས། ཕྱག་རྡོར་ཐང་ལ་ཀྱཱ་སྨོན་རམས་པ་བློ་བཟང་དོན་གྲུབ་ཡོངས་འཛིན་དུ་བསྟེན་ནས་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་གྲྭར་ཞུགས་ཏེ་བསྙེན་བཀུར་གསོལ་སྟོན་གང་རྒྱས་ཞུས། ཞེས་དང་། བསྟན་རྩིས་ཀུན་བཏུས་ལས། ཨ་ཀྱཱ་ཡེ་ཤེས་སྐལ་བཟང་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་ཟན་ཁྲོན་ལ་ཀྱ་ནས་འཁྲུངས་པའི་མཁས་དབང་ཨ་ཀྱཱ་ཡོངས་འཛིན་ཅེས་ཞུ་བ་བློ་བཟང་དོན་གྲུབ་དབྱངས་ཅན་དགའ་བའི་བློ་གྲོས་ཡིན། འདིས་ཤིང་བཟའ་པཎྚི་ཏ་བློ་བཟང་དར་རྒྱས་བླ་མར་བསྟེན་ཅིང་ཨ་ལ་ཤ་བསྟན་དར་ལྷ་རམས་པ་དང་དུས་ཐོག་མཉམ།③ཞེས་གསུངས་པ་ལྟར་དེ་ནས་བཟུང་སྟེ་འདི་བའི་མཚན་ལ་ཨ་ཀྱཱ་ཡོངས་འཛིན་ཅེས་ཞུ་བ་བྱུང་བར་ཤེས་ཐུབ་པ་ཡིན་ནོ། །
དགུང་ལོ་ང་བཞིར་ཕེབས་པ་སྤྱི་ལོ1827ལོར་སྐུ་འབུམ་དུ་རྗེ་ཡབ་སྲས་ཀྱི་གསུང་འབུམ་པར་དུ་བསྐྲུན་པའི་མགོ་ཚུགས་ཤིང་ཁོང་གིས་ཞུས་ཆེན་གྱི་འགན་བཞེས། ལོ་ངོ་དྲུག་གི་རིང་ལ་པར་ཤིང་དུ་བརྐོས་ཏེ་ལེགས་འགྲུབ་ཆེན་པོ་བྱུང་། གོང་གསལ་གྱི་སྤྱི་ལོ1827ལོ་འདིར་རྐ་ཕུག་པཎྚི་ཏ་བློ་བཟང་དོན་གྲུབ་མྱ་ངན་ལས་འདས་པར་ཁོང་གི་དངོས་སློབ་ཇུ་ནང་ངག་དབང་སྙན་གྲགས་ཀྱིས་མཛད་པའི་རྣམ་ཐར་དད་པའི་པད་མོ་རྒྱས་པའི་ཉིན་བྱེད④དང་། མཁས་དབང་ཚེ་ཏན་ཞབས་དྲུང་གིས་མཛད་པའི་བསྟན་རྩིས་མཐོང་ཚད་ཀུན་བཏུས་ཉེས་རྡུལ་སྤྲུགས་པའི་རྔ་ཡབ⑤གཉིས་སུ་གསལ། དེ་ནས་ཨ་ཀྱཱ་ཚང་དགུང་ལོ་ང་དྲུག་གི་ཚེ་ཁོང་ཉིད་རྒྱ་ནག་གི་གནས་ཆེན་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས། གནས་བསྟོད་དང་འབྲེལ་བའི་མགུར་འཇམ་དཔལ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བརྩམས། ཨ་ཀྱཱ་ཡོངས་འཛིན་རིན་པོ་ཆེས་སྐུ་འབུམ་སྨན་པ་གྲྭ་ཚང་གི་ཁྲི་རབས་ཞེ་བཞི་བ་ཕེ་ཀྱཱ་ཞབས་དྲུང་བློ་བཟང་ངག་དབང་བསྟན་འཛིན་ལ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་སྩལ་ཡོད་པ་ལ་བལྟས་ན་ཁོང་དགུང་ལོ་བདུན་ཅུ་དོན་ལྔ་ལྷག་འཚོ་བཞུགས་གནང་ཡོད་པ་ཤེས། དེས་ན་དཀར་ཆག་ཤེས་བྱའི་གཏེར་མཛོད་ལས། ཁོང་དགུང་ལོ་མཐོན་པོ་ཙམ་བཞུགས་ཡོད་ཚོད་འདུག⑥ཅེས་བཤད་པ་བདེན་པར་སྣང་མོད་ཕེ་ཀྱཱ་ཞབས་དྲུང་སྨན་པའི་ཁྲི་རབས་བཞི་བར་བཤད་པ་ཡིག་ནོར་ཤོར་པ་ཡིན་སྙམ། ཁོང་གིས་རྒྱ་དང་བོད། ཧོར་དང་སོག་པོ་རིགས་ཀྱི་སློབ་མ་ཤིན་ཏུ་མང་པོ་བསྐྱངས་ཤིང་། ས་སྐྱ་ལེགས་བཤད་དང་དགེ་ལྡན་ལེགས་བཤད། འདུལ་པའི་གླེང་འབུམ་དང་ལམ་རིམ་ཆེ་བ་སོགས་ཀྱི་བརྡ་དོན་གོ་དཀའ་བ་ལ་འགྲེལ་པ། མཆན་འགྲེལ། བརྡ་བཀྲོལ། བློ་རིག་དང་གྲུབ་མཐའི་སྡོམ། སྒྲ་དང་སྡེབ་སྦྱོར། སུམ་རྟགས་དང་སྙན་ངག་སོགས་ཉེར་མཁོའི་བརྩམས་ཆོས་པོད་ཆེན་གཉིས་བརྩམས་ཡོད་པ་སྐུ་འབུམ་དུ་པར་ལ་འཁོད་འདུག་ཅིང་དེ་དག་གི་ཕྲིན་ལས་ཀྱང་བོད་མདོ་དབུས་ཁམས་གསུམ་ཀུན་ན་རྒྱས་པར་གྱུར་པ་ལགས་ན་ཁོང་ནི་ཁ་བ་རི་པའི་རིག་པ་ལ་མཛད་རྗེས་ཀྱི་རི་མོ་བསུབ་ཏུ་མེད་པ་བཞག་སོང་བའི་སྐུ་དྲིན་ཅན་ཞིག་ཡིན་པ་ཀུན་ལ་གསལ་བ་ལྟར་རོ། །
གསུམ་པ། རྐ་ཕུག་པཎྚི་ཏ་བློ་བཟང་དོན་གྲུབ་ཀྱི་བྱུང་བ།
དེ་ཡང་ཡུལ་མདོ་སྨད་གཅན་ཚའི་དོ་རྒྱ་ཚིས་ཀར་སྐུ་འཁྲུངས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་ལྷ་རི་སྔགས་རམས་པ་བློ་བཟང་འབྱུང་གནས་ཀྱི་སྲས་མཆོག་པཎྚི་ཏ་རྣམ་གཉིས་ཀྱི་ཡ་གྱལ་ཏེ། ངེས་དོན་མཁས་པའི་ཁྱུ་མཆོག་རྐ་ཕུག་པཎྚི་ཏ་བློ་བཟང་དོན་གྲུབ་དཔལ་བཟང་བོ་ནི་རྐ་ཕུག་སྒོམ་ཆུང་ཞུ་བའི་སྐུ་ཕྲེང་གསུམ་པ་ཡིན། འདི་ནི་ཡུལ་མདོ་སྨད་གཅན་ཚ་ཞེས་པའི་སའི་ཆ་གདོང་སྣ(青海省尖扎县康扬镇城上村文化大院)ཟེར་པ་ནས་བི་ཀྱ་ཞེས་པའི་རིགས་ལས་ཡབ་ལོ་ལོ་དང་། ཡུམ་འབའ་གོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ་ཏེ་སྤྱི་ལོ1740ལོར་སྐུ་འཁྲུངས་ཤིང་། ཆུང་ངུ་ནས་དམ་པའི་བག་ཆགས་སད་པས་ཕལ་བའི་བྱིས་པའི་ངང་ཚུལ་ལས་འདས་པ་ཞིག་ཡིན་ལ། གཡག་གི་བོན་པོ་ཟེར་བའི་སྔགས་པ་ཞིག་རྐ་ཕུག་གི་གཞིས་ཀ་དང་འཁྲུངས་ཡུལ་གཉི་གའི་རིམ་གྲོ་བ་ཡིན་པས། ཁོ་རྐ་ཕུག་ཏུ་སོང་ནས་ཞོར་ལ་གདོང་སྣར་འགྲོ་དགོས་པ་དེ་དུས་ཤིང་ཏོག་སྨིན་པའི་སྐབས་ཡིན་པར་འདུག་པས་ཁོས་སིལ་ཏོག་མང་པོ་ཞིག་ཁྱེར་འོངས་ནས་གདོང་སྣར་སོང་སྟེ་བྱིས་པ་དེར། ཁོས། ངས་ཁྱོད་ལ་སེའུ་སྟེར་ཞེས་བཤད་དེ་སྣོད་ཀྱི་ནང་ནས་སིལ་ཏོག་བླངས་པས་མཐོང་མ་ཐག་ཏུ་སེའུ་འདི་ངའི་རེད་ཅེས་བཤད། ཁོས། དེ་མིན་འདི་རྐ་ཕུག་ནས་ཁྱེར་འོངས་ཞེས་བཤད་ཀྱང་སྔར་བཞིན་ཟེར་བས་ཐམས་ཅད་ཐེ་ཚོམ་བྱུང་ཞིང་། གཏམ་དེ་རྐ་ཕུག་ནས་གོ་བ་ན། སྔར་གྱི་གཞི་དེར་དགེ་སློང་ངག་དབང་རྒྱ་མཚོ་ཞུ་བ་ཞིག་བཞུགས་པ་དེ་སྔགས་པ་དེ་ལ་གཏམ་འདྲི་རུ་སོང་།
དགུང་ལོ་བདུན་པའི་སྐབས་དེར་མཁས་གྲུབ་ཆེན་པོ་ལྷ་རི་སྔགས་རམས་པ་བློ་བཟང་འབྱུང་གནས་རིན་པོ་ཆེ་གདོང་སྣར་གདན་དྲངས་ཏེ་བཀའ་ཆོས་གསུངས་པར་མཇལ་བར། ཁོང་གི་རྒྱུན་གྱི་ཕྱག་ཏུ་བསྣམས་བཞེས་གནང་བའི་དྲིལ་བུ་རྩེ་ལྔ་བ་ཞིག་ཡོད་པ་མཐོང་མ་ཐག་ཏུ་ང་ལ་ཡང་འདི་འདྲ་བ་ཞིག་ཡོད། འདི་འདྲ་བ་ཡིན་ཟེར་ནས་སོར་མོ་རྣམས་བསྡུས་ནས་རིལ་བོར་བྱས་ཏེ་གྱེན་དུ་ཕྱོགས་ནས་སྟོན་པས་སྐུ་གོང་མའི་ཕྱག་དྲིལ་རྩེ་དགུ་བ་ཡིན་པའི་བརྡར་འདུག །དེ་ནས་སྔགས་རམས་པས་ཁྱོད་གང་གི་ཡིན་གསུངས་པར། ང་རྐ་ཕུག་ཁྱུག་ལི་ཚང་གི་ཡིན། ངའི་གོན་རྒྱུ་འགའ་ཞིག་སྒམ་ནང་ན་བལྟེབས་ནས་བཞག་ཡོད་ཅེས་གསུངས་པ་ལ་བརྟེན་ཁོང་གིས་རྐ་ཕུག་སྐུ་སྐྱེ་རེད་ཅེས་གསུངས།
ཡང་སྐུ་གོང་མའི་དབོན་པོ་བླ་མ་ཟེར་བ་ཞིག་ཡོད་པ་སྔར་སྨ་ར་ཅན་ཞིག་ཡིན་པ་དེ་སྐབས་སྨ་ར་བཞར་འདུག་པ་ལ་གཟིགས་ནས་ཡབ་ཀྱི་རྣ་ཁུང་དུ་འདི་ལ་ཁ་སྤུ་མེད་པ་ཅི་རེད་ཅེས་གསུངས་པས་ཐམས་ཅད་ཡ་མཚན་དུ་གྱུར་པ་སོགས་ལ་བརྟེན་རྐ་ཕུག་སྒོམ་ཆུང་བའི་སྤྲུལ་སྐུར་ངོས་འཛིན་མཛད། དགུང་ལོ་བདུན་གྱི་ཚེ་བླ་མ་ལྷ་རི་སྔགས་རམས་པ་བློ་བཟང་འབྱུང་གནས་ཀྱི་མདུན་ནས་རབ་ཏུ་བྱུང་སྟེ། མཚན་ལ་བློ་བཟང་དོན་གྲུབ་ཅེས་གསོལ་ཞིང་བསྟན་པའི་སྒོར་ཞུགས་ཏེ་ལྷ་རི་ནས་བཞུགས་པར་མཛད། སྐུ་ཞང་ཤ་ལྡང་ཨ་ལགས་དར་རྒྱས་ལས་ཡིག་ཀློག་དང་ཆོས་སྤྱོད་སྐོར་བསླབས། སྐབས་དེར་བྱ་ཁྱུང་དགོན་དུ་རྒྱུད་པ་གསར་དུ་ཚུགས་པའི་དཔོན་སློབ་ཏུ་རྩ་བ་མཁན་ཆེན་བློ་བཟང་རྒྱལ་མཚན་པ་བསྐོས་པས། ཁོང་ཉིད་ལྷ་རི་སྔགས་རམས་པའི་མདུན་དུ་ལྷ་རི་དགོན་པར་གསང་འདུས་འགྲེལ་པ་བཞི་སྦྲགས་གསན་པར་ཕེབས་སྐབས་ཁོང་དང་མཉམ་དུ་སྒྲུབ་ཐབས་རྒྱ་མཚོ་སོགས་མང་དུ་གསན།
སྐབས་དེར་རྐ་ཕུག་ཚང་སྐུ་ན་ཤིན་ཏུ་ཕྲ་ནའང་དེ་དུས་སུ་བླ་མས་གང་གསུངས་ཐམས་ཅད་ཕྱིས་སུའང་མ་འཆོལ་པར་གསུངས་པ་ཁོང་གི་དངོས་སློབ་ཇུ་ནང་ངག་དབང་སྙན་གྲགས་རང་ཉིད་ཀྱིས་ཐོས་པར་ཇུ་ནང་རང་གིས་མཛད་པའི་རྐ་ཕུག་རིན་པོ་ཆེའི་རྣམ་ཐར་ལས་བཤད།⑦ དགུང་ལོ་བཅོ་ལྔ་ལ་བུད་པའི་ཚེ་ན་དགེ་ལྡན་བསྟན་པའི་ཆུ་མགོ་དཔལ་ལྡན་བྱ་ཁྱུང་དགོན་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་དུ་ཕེབས་ནས་དགེ་བཤེས་གཟི་ལུང་དཔོན་ཆུང་དང་ཁོ་ཚེ་དགེ་བཤེས་བློ་བཟང་བསོད་ནམས་གཉིས་རིམ་བཞིན་དགེ་རྒན་དུ་བསྟེན་ཅིང་ཆོས་གྲྭར་ཞུགས་ཏེ་ཆོས་སྤྱོད་རྒྱན་འཇུག་བསྡུས་གྲྭ་སོགས་འཛིན་སྐྱོར་རྩོད་གསུམ་ལ་འགྲུས་པར་བྱས་ཤིང་ཞར་དུ་ཐུན་མོང་རིག་པའི་གནས་ལའང་གསན་སྦྱོང་གནང་།
བྱ་ཁྱུང་དགོན་པའི་མཁན་རབས་སོ་ལྔ་བ་བདེ་ཁང་བ་བློ་བཟང་རབ་བརྟན་མཆོག་གི་ཞལ་སྔ་ནས་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་ཉེར་བདུན་བཞེས་པའི་ཚེ་དབུས་གཙང་ལ་གཞུང་ལུགས་རྒྱ་མཚོའི་གསན་སྦྱོང་ལ་ཕེབས། མཁན་པོ་ངག་དབང་དགེ་ལེགས་ལས་བརྩི་བཞག་གསན། གོང་ས་རྒྱལ་བའི་དབང་བོ་སྐུ་ཕྲེང་བརྒྱད་པ་རྗེ་བཙུན་འཇམ་དཔལ་རྒྱ་མཚོ་དང་། ཡོངས་འཛིན་ཁྲི་ཆེན་མཚམས་རིང་བ་ངག་དབང་ཆོས་གྲགས་སོགས་དང་མཇལ། མཁས་གྲུབ་བྱེ་བའི་བསྟི་གནས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ལས་བསྙེན་རྫོགས་མཛད་བཞེད་ཡིན་ཀྱང་སྟབས་མ་འགྲིག་པར་བསྟན་རྒྱས་གླིང་དུ་སྒོ་མང་ཟུར་པ་དཔོན་སློབ་དགེ་འདུན་བདེ་ཆེན་གྱི་དྲུང་ནས་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་ལེགས་པར་བཞེས།
དགུང་ལོ་ཉེར་བརྒྱད་ཀྱི་སྟེང་རྐྱེན་འགའ་ཞིག་གི་དབང་གིས་སླར་བྱ་ཁྱུང་དུ་ཕེབས་དགོས་བྱུང་སྟེ་དགོན་དེར་མདོ་སྔགས་ཀྱི་གཞུང་ལུགས་དང་ཐུན་མོང་རིག་པའི་གནས་ལ་མཁས་པར་སྦྱངས། ཁྱད་པར་དུ་བྲིས་འབུར་སོགས་ལྷ་བཟོའི་སྒྱུ་རྩལ་ལ་སྦྱངས་ཏེ་སྐབས་ཤིག ནས་འབྲུ་གཅིག་ལ་དེ་བཞིན་གཤེགས་པའི་སྐུའི་སྐྱེ་མཆེད་གསལ་ཞིང་ལེགས་པར་དོད་པ་བཞེངས་པ་སོགས་མཛད་དེ་བཟོ་རིག་པའི་གནས་ལའང་མཁས་པའི་སྙན་པ་ཆེ།
དེ་ནས་མཁས་གྲུབ་ཆེན་མོ་བླ་མ་ལྷ་རི་བ་བློ་བཟང་འབྱུང་གནས་མཆོག་དང་། བདེ་ཁང་བ་བློ་བཟང་རབ་བརྟན་ཚང་། བྱ་ཁྱུང་མཁན་རབས་སོ་བརྒྱད་པ་རྩ་བ་བློ་བཟང་རྒྱལ་མཚན། མདོ་བ་མཁན་པོ་ངག་དབང་དོན་གྲུབ། བླ་མ་ཆུ་བཟང་རིན་པོ་ཆེ་ངག་དབང་ཐུབ་བསྟན་དབང་ཕྱུག་འཕྲིན་ལས་དཔལ་བཟང་བོ། ཀུན་མཁྱེན་སྐུ་བར་བ་འཇིགས་མེད་དབང་བོ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་རྒྱལ་མཚན། བཤད་སྒྲུབ་བསྟན་པའི་ཉི་མ་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ། གཡེར་གཤོང་དཔོན་སློབ་དགེ་འདུན་ཟླ་བ་གྲགས་པ། རྙེ་དཔོན་སློབ་བློ་བཟང་ཆོས་ཀྱི་ཉི་མ་སོགས་སྐྱེས་ཆེན་དམ་པ་ཚད་ཐུབ་ཀྱི་མཁས་པ་ཆེན་པོ་སས་མི་ཐེག་པ་དུ་མ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་སོགས་ཆོས་བཀའ་མཐའ་ཡས་པ་གསན་སྦྱངས་མཛད་ཅིང་སུམ་རྟགས་དག་གསུམ་དང་སྒྲ་སྙན་སྨན་རྩིས་སོགས་ཐ་སྙད་རིག་གནས་ལ་སྦྱངས་པ་མཐར་ཕྱིན་གནང་ནས་མཁས་པའི་ཕུལ་དུ་ཕྱིན་པས་ངེས་པ་དོན་གྱི་པཎྚི་ཏ་ཆེན་པོར་གྱུར།
ཁོང་གི་རྣམ་ཐར་དད་པའི་པད་མོ་རྒྱས་པའི་ཉིན་བྱེད་དུ། གཞན་ལ་འཆད་པའི་ཚེ་ན་དབང་ལུང་མན་ངག་རིག་གནས་སོགས་ཞུ་བ་བོའི་འདོད་པ་ལྟར་ཅི་ཙམ་གནང་ཡང་ཐུགས་སྐྱོ་ངལ་ཅུང་ཟད་ཀྱང་མེད། རིག་པའི་གནས་ཆེ་ཕྲ་སློབ་མཁན་སྐུ་དྲུང་དུ་ལྷགས་པ་ན་ཐུགས་ཤིན་ཏུ་དགྱེས་ཤིང་དཀའ་ཚེགས་ལ་མི་གཟིགས་པར་སློབ་མའི་རྒྱུད་ལ་གོ་བ་སྣ་རེ་ཙམ་ཡང་ཐུགས་ཁུར་ཆེན་པོས་བསྐྱེད་གང་ཐུབ་དང་། ཕ་རོལ་བོ་དབང་བོ་ཇི་ལྟར་རྟུལ་ཡང་ཐབས་མཁས་ཀྱི་རིག་འཕྲུལ་སྣ་ཚོགས་ཀྱི་སྒོ་ནས་བདེ་བླག་ཏུ་རྟོགས་པར་མཛད། སློབ་མཁན་གྱིས་བསླབ་བྱའི་གནས་ཕྲན་བུ་ཤེས་ནའང་ཐུགས་ཤིན་ཏུ་དགྱེས་པར་མཛད། ཆོས་ཚིགས་སུ་བཅད་པ་རེ་ཙམ་ཞུ་མཁན་བྱུང་ན་སྦྱིན་པའི་ནང་ནས་ཆོས་ཀྱི་སྦྱིན་པ་མཆོག་ཡིན་གསུངས་ནས་དགྱེས་པ་ཆེན་པོ་གནང་། ཕྱིས་སུ་དགུང་ལོ་ཤིན་ཏུ་བགྲེས་ནས་ཡི་གེ་གསལ་བོར་མི་གཟིགས་པ་ན་གཞན་ལ་སྐྱོར་དུ་འཇུག་པ་ཡན་ཆད་ཀྱིས་གནང་བར་མཛད⑧ཅེས་གསུངས་པ་དང་། མདོ་སྨད་ཆོས་འབྱུང་ལས། དོན་གཉེར་མཁན་ལ་དབང་ལུང་མན་ངག་གང་དགོས་འཕྲལ་དུ་འདོམས་པ་ལ་སྐྱོ་ངལ་མེད། གཞན་གྱི་ཡོན་ཏན་ཆུང་ངུ་ལ་མི་བརྙས་ཤིང་དགྱེས་གཟིགས་མཛད⑨ཅེས་གསུངས་པ་རྣམས་ནི་མཚན་གྱི་སྔོ་ལོ་དགུང་དུ་འཕྱར་བའི་བླ་ཆེན་དང་། འདོད་ཡོན་སྲིན་མོའི་འཛུམ་རིས་ལ་འཁྱུད་པའི་སྐྱེ་སྤྲུལ། གཞུང་ཆེན་དུ་མ་སྦྱངས་ལོ་མཛད་པའི་དགེ་བཤེས་རྣམས་ཁ་སྐྱེངས་པར་བྱ་ཞིང་ཤེས་ལྡན་ཚུལ་མཐུན་ཡ་རབས་ལ་འཇུག་པ་དག་སྙིང་ནས་ཡིད་དབང་མེད་དུ་འཁུལ་བའི་ཁོང་གི་ཐུན་མོང་མ་ཡིན་པའི་རྣམ་ཐར་གྱི་འགངས་སམ་སྙིང་བོ་ཡིན་པར་ཁོ་བོས་སེམས།
དགུང་ལོ་བཞི་བཅུ་བཞེས་པའི་སྟེང་ཚ་གན་ནོ་མོ་ཧན་བློ་བཟང་ཐུབ་བསྟན་དགེ་ལེགས་རྒྱལ་མཚན་པའི་བཀའ་བཞིན་མགུར་རྣམ་རྒྱལ་གླིང་དུ་ཕེབས་ཏེ་ཁྲི་བསྐྱངས། ཚེས་གཏོར་དང་བླ་བྲང་གསར་བཞེངས་སོགས་འཛིན་སྒོ་ལེགས། དགུང་ལོ་ཞེ་དྲུག་པ་ལ་ལ་མོ་བདེ་ཆེན་ནས་ལྷ་མདུན་བླ་མར་བསྐོས། དེ་ནས་སྔར་རྐ་ཕུག་སྒོམ་ཆེན་གྱིས་བཏབ་པའི་རྫོང་ནང་ཟེར་བའི་དགོན་པ་ཞིག་ཡོད་ཀྱང་ས་ཁུལ་དོག་པ་སོགས་ཅུང་མི་ལེགས་པས་ཁོང་དགུང་ལོ་ང་བཞི་བ་ཆུ་གླང་སྤྱི་ལོ1793ལོར་ད་ལྟའི་རྫོང་ནང་གི་དགོན་པ་འདི་གསར་འདེབས་མཛད་ཅིང་། ས་འདུལ་པ་དང་རྨང་འདིང་བ་སོགས་ཁོང་སྐུ་དངོས་ཀྱིས་གནང་། བླ་བྲང་དང་སྤྱི་བ་འདུ་ཁང་བྱམས་ཁང་སོགས་ཐམས་ཅད་ལུགས་གཉིས་ཀྱིས་ཐུགས་ཁུར་ཆེན་པོས་ལེགས་པར་བཞེངས་གྲུབ་བྱུང་། དེའི་སྐབས་སུ་ཆ་གན་ནོ་མོ་ཧན་རིན་པོ་ཆེ་ནས་ཁོང་ལ་ཨེརྟི་ནི་ཤི་རེ་ཐུའི་ཆོ་ལོ་དང་ཐམ་ཀ ། བླ་བྲང་ལ་བཀྲ་ཤིས་བདེ་ལེགས་དང་། དགོན་པ་ལ་གསང་སྔགས་བསྟན་རྒྱས་གླིང་ཞེས་པའི་གཟེངས་བསྟོད་བསྩལ་པ་ཐོབ། དེ་ནས་དགོན་པ་དེ་ལ་ཡ་རབས་ཚུལ་མཐུན་གྱི་འགྲིག་ལམ་དང་། ཆོས་སྤྱོད་ཉམས་ལེན་ཀུན་སྤྱོད་སོགས་གཞན་དང་མི་འདྲ་བའི་སྲོལ་བཟང་བོ་མང་པོ་བཏོད་ནས་ལུགས་གཉིས་ཀྱི་འཛིན་སྐྱོང་ཟླ་མེད་པ་མཛད།
དེ་ནས་ཁོང་དགུང་ལོ་ང་ལྔ་བཞེས་པའི་སྐབས་སུ་གནམ་རྫོང་རྩེའི་རི་ཁྲོད་པ་རྣམས་དང་ཁམས་ར་སྡེ་བས་གསོལ་པ་བཏབ་ངོར། གནམ་རྫོང་རྩེའི་རི་ཁྲོད་པ་རྣམས་བཀྲ་ཤིས་ཐང་གི་རི་ཁྲོད་པ་རྣམས་དང་བསྲེས་ནས་བཀྲ་ཤིས་རྣམ་རྒྱལ་གླིང་འདེབས་པར་མཛད། འདི་བཏབ་ལོ་ནི་རབ་བྱུང་བཅུ་གསུམ་པའི་ཤིང་སྟག་སྤྱི་ལོ1794ལོར་ཡིན། སྡེ་བ་ཆོས་རྗེའི་བཞུགས་ཁྲིའི་སྟེང་ལྷ་ཁང་ཆུང་བ་ཞིག་བཞེངས་ནས་འདུ་ཁང་གི་ཚབ་བྱས་ཏེ་གཞི་གསུམ་གྱི་ཉམས་ལེན་སོགས་ཚུགས་པར་མཛད་པ་བཅས་དགོན་འདིར་འཛིན་སྐྱོང་བླ་ན་མེད་པ་གནང་།
གནམ་རྫོང་རྩེའི་རྐ་ཕུག་པཎྚི་ཏའི་གཟིམ་ཁང་ཡང་འདི་བའི་སྐུ་རིང་ལ་བརྩིགས་པ་མ་ཟད། དེར་ཡུན་རིང་བཞུགས་ནས་སྒོམ་སྒྲུབ་གནང་། དགུང་ལོ་རེ་གཉིས་ཐོག་བྱ་ཁྱུང་དུ་སྨན་པ་གྲྭ་ཚང་གི་ཁྲི་བསྐྱང་སྐབས། དེ་དུས་རྒྱུད་པའི་བླ་མ་དབུ་མཛད་རྗེ་ངག་དབང་བསོད་ནམས་མཆོག་གིས། ཁོང་ཉིད་ལ་སྨན་པ་གྲྭ་ཚང་ཚུགས་ཀྱང་བསྟན་པ་ལ་ཕན་ཆེར་མི་ཐོགས། སླད་ནས་དུས་འཁོར་ཚུགས་པའི་རྟེན་འབྲེལ་དུ་བཀའ་ཆོས་ཀྱི་ཐོག་མར་དུས་འཁོར་གྱི་རྒྱུད་ཀྱི་དབུ་ནས་གནང་ན་ལེགས་ཞེས་ཞུས་པར་ཞལ་གྱིས་བཞེས། དེ་ནས་སྨན་པ་གྲྭ་ཚང་གི་འཆད་མཉན་དང་འགྲིག་ལམ་སྐྱོང་བཞིན་པའི་མུར་རིང་བོ་མ་ལོན་པ་ན། ཆོས་རྗེ་རྒྱ་ནག་པ་དར་རྒྱས་རྒྱ་མཚོ་སྨད་ནས་སླེབས་ཏེ། དུས་འཁོར་གྲྭ་ཚང་འཛུགས་དགོས་པར་ཞུས་སྐབས་ཟུར་དུ་འཛུགས་མི་དགོས་སྨན་པ་གྲྭ་ཚང་དེ་དུས་འཁོར་གྲྭ་ཚང་དུ་བསྒྱུར་ཆོག་པར་གྲོས་འཆམས་པ་བཞིན་ལོ་གཅིག་གི་ནང་དུ་གྲ་སྒྲིག་ཚགས་ཆུད་དང་། ཆུ་ཁྱི་སྟེ་སྤྱི་ལོ1802ལོའི་ནག་པའི་ཉར་དུས་འཁོར་ཆོག་ཆེན་ཞལ་འདོན་དུ་བཙུགས་པ་སོགས་ཕྱག་རྗེས་བླ་ན་མེད་པ་འཇོག་གནང་མཛད།
དགུང་ལོ་རེ་བཞི་བ་རབ་འདོད་ཆུ་ཕག་སྤྱི་ལོ1803ལོར་ཆོས་སྡེ་ཆེན་པོར་མི་འཇིགས་སེང་གེའི་ཁྲི་ལ་ཞབས་སོར་འཁོད། ནང་བསྟན་གཙོ་བྱས་རིག་པའི་གནས་ཀྱི་སྲོག་རྒྱུན་འཛིན་དགོས་ན་གཞུང་ལུགས་འཆད་མཉན་ལ་རག་ལས་པ་ཐུགས་ལ་བརྣགས་ཏེ་བརྩི་བཞག་སྐབས་གཞུང་ལུགས་ཀྱི་དོགས་གཅོད་མང་པོ་གནང་ཞིང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཕར་ཕྱིན་རང་ལས་མཁས་པའི་སློབ་མ་ཁྱུང་ཕྲུག་བྱམས་པ་བཀྲ་ཤིས་ཀྱིས་མཛད་པའི་ཕར་ཕྱིན་སྐབས་དང་པོ་པར་དུ་བརྐོ་བཞེངས་མཛད། ཤར་ཕྱོགས་པ་རིག་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དུས་སུ་བཞེངས་པའི་ལྷ་ཁང་ཆེན་མོ་ལ་ཞིག་གསོས་གནང་། སྔ་ཕྱིར་མདོ་དང་སྔགས་ཀྱིས་བསྡུས་པའི་ལུང་དང་ཁྲིད། དབང་དང་རྗེས་གནང་ཤིན་ཏུ་མང་པོ་སྩལ་ཅིང་ཚོགས་པ་རྒྱ་མཚོར་ཟང་ཟིང་གི་འགྱེད་ཕོགས་གྱ་ནོམ་པ་བཏང་སྟེ་བརྩེ་གཟིགས་ཟབ། ལོ་གཉིས་ཀྱི་རྗེས་ནས་ཁྲི་ཟུར་བར་གནང་བ་ཞུས། བྱ་ཁྱུང་དགོན་པའི་ཁྲི་ཐོག་ཞེ་བདུན་པ་ཡིན། རབ་བྱུང་བཅུ་བཞི་བའི་ས་སྦྲུལ་སྤྱི་ལོ1809ལོར་ཆོས་རྗེ་གསེར་ཁང་པ་བློ་བཟང་བསྟན་འཛིན་གནམ་རྫོང་རྩེར་བྱོན་ནས་བཞུགས་པ་ལ་ཁོང་གིས་ཞུས་པ་ལྟར་ཁོང་གཙོ་བྱས་འདུས་ཚོགས་ལ་ལམ་རིམ་མྱུར་ལམ་གྱི་གཟབ་ཁྲིད་དང་ཕྱག་རྒྱ་ཆེན་པོའི་ཁྲིད་གནང་། གསང་སྔགས་རྒྱུད་པ་གྲྭ་ཚང་གིས་ཞུས་ངོར་རྡུལ་ཚོན་ལ་བརྟེན་པའི་རྒྱུད་ཀྱི་རྒྱལ་བོ་དཔལ་འཁོར་ལོ་བདེ་མཆོག་གི་དབང་བཀའ་དང་། སྔགས་བཏུའི་རྗེས་གནང་སྩལ། གསང་སྔགས་བསྟན་རྒྱས་གླིང་དང་། གནམ་རྫོང་དགོན་སོགས་སུ་ཡང་རྟེན་བཞེངས་རྒྱ་ཆེར་གནང་སྟེ་དད་ལྡན་སྐྱེ་འགྲོ་ཀུན་ལ་སྐུ་དྲིན་ཤིན་ཏུ་ཆེ།
དེ་ནས་དགུང་ལོ་གྱ་བདུན་བཞེས་པ་མེ་ཁྱི་སྤྱི་ལོ1826ལོ་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་བྱ་ཁྱུང་དུ་ཇུ་ནང་ངག་དབང་སྙན་གྲགས་དང་འདུས་སྤྱིའི་ལས་སྣེ་རྣམས་ཀྱིས་ཞུས་པ་ལྟར་ཕེབས་ནས་དགའ་ལྡན་ལྷ་བརྒྱ་མའི་ལྗགས་ལུང་། དམ་ཅན་རྗེས་གནང་། ནཱ་ག་རཀ་ཤའི་རྗེས་གནང་། མཁའ་སྤྱོད་མའི་དབང་། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། སྒྲོལ་དཀར་གྱི་རྗེས་གནང་སོགས་ཆོས་ཆར་ཕབ། གསུང་རྩོམ་པོ་ཏི་གཉིས་ཙམ་ཡོད་པར་རྣམ་ཐར་ལས་བཤད། མཐར་རབ་ཡིད་བགྲང་བྱ་ཉེར་གཅིག་པ་མེ་ཕག་སྤྱི་ལོ1827ལོ་བོད་ཟླ་ལྔ་བ་ལ་ཟླ་ཤོལ་ཡོད་པའི་ལྔ་བ་སྔོན་མའི་ཚེས་བཅུ་གསུམ་སྟེ། ཁོང་དགུང་ལོ་གྱ་བརྒྱད་བཞེས་པའི་ཚེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད། འདི་བ་ཆེ་ཤོས་ལྷ་བཟོའི་སྐུ་སྐྱེ་རུ་ངོས་འཛིན་པར་བཤད། འདི་ནི་བདག་གིས་ཉེ་ཆར་ཁོང་གི་དངོས་སློབ་ཇུ་ནང་ངག་དབང་སྙན་གྲགས་ཀྱིས་མཛད་པའི་འདི་བའི་རྣམ་ཐར་སྡེབ་བཅུ་དགུ་ཙམ་བཞུགས་པ་རྐ་ཕུག་དགོན་དུ་དཔར་ལ་འཁོད་པའི་དཔེ་རྙིང་དཀོན་པོ་གཅན་ཚའི་དགེ་བའི་བཤེས་གཉེན་འཇམ་དབྱངས་དམ་ཆོས་རིན་པོ་ཆེ་བརྒྱུད་ནས་ལག་སོན་བྱུང་བ་དེ་ཉིད་གཞིར་བྱས་ཏེ་བྲིས་པ་ཡིན་པས་དཔྱོད་ལྡན་དག་གིས་འོལ་ཚོད་དང་ཁུངས་མེད་ཀྱི་གཏམ་མ་ཡིན་ཞིང་ཡིད་རྟོན་རུང་བར་ཤེས་པར་བྱའོ། །
བཞི་བ། ཁོང་རྣམ་གཉིས་ཡང་སྙིང་མཁས་པ་གཅིག་ཡིན་མིན་གྱི་མཐའ་དཔྱད་པ།
འདིར་དཔྱད་པར་བྱ་བ་ནི་གོང་དུ་གླེང་བསླངས་པ་ལྟར་དེང་གི་བོད་རིག་པ་སྨྲ་བའི་སློབ་དཔོན་ཆེན་མོ་དང་ཞིབ་འཇུག་པ། ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་གོང་དུ་གསལ་པ་ལྟར། རྐ་ཕུག་པཎྚི་ཏ་བློ་བཟང་དོན་གྲུབ་དང་སྐུ་འབུམ་དགོན་པའི་ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་གཉིས་མཁས་པ་གཅིག་དང་གང་ཟག་གཅིག་ཡིན་ཚུལ་བཤད་ཅིང་ངོས་བཟུང་མཛད་དེ་དཔྱད་རྩོམ་བྲིས་པ་དང་ཡང་ལ་ལས་དེ་འདྲ་ཨེ་ཡིན་ནམ་དོགས་པ་བསླངས་དང་སློང་བཞིན་ཡོད་པ་དེ་ལ་ལུང་དང་རིགས་པ་ཞིབ་མོའི་སྒོ་ནས་དཔྱད་ན་བདེན་པར་མི་སེམས་ཏེ། གལ་ཏེ་དེ་གཉིས་གང་ཟག་གཅིག་ཡིན་ན་ཁོང་གི་དངོས་སློབ་ཇུ་ནང་ངག་དབང་སྙན་གྲགས་ཀྱིས་མཛད་པའི་རྣམ་ཐར་དང་བྱ་ཁྱུང་གདན་རབས། མདོ་སྨད་ཆོས་འབྱུང་། ལེགས་བཤད་ཆུ་རྒྱུན་སོགས་སུ་རྐ་ཕུག་པཎྚི་ཏ་ཁོང་ཉིད་སྐུ་འབུམ་ལ་ཕེབས་ནས་འཆད་མཉན་བསྐྱངས་ཚུལ་དང་དེ་ནས་རྗེའི་བཀའ་འབུམ་ལ་ཞུས་ཆེན་མཛད་ཚུལ། རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ཏེ་གནས་མཇལ་མཛད་པ་སོགས་ངེས་པར་དུ་ཡོད་དགོས་པ་ལ། དེ་དག་གི་ནང་དུ་དེ་འདྲའི་བཤད་སྒྲོས་ཀྱི་ཡི་གེ་གྲོག་མའི་སྤོས་ཤུལ་ཙམ་ཡང་མེད་པའི་ཁར། རྗེ་གསུང་འབུམ་གྱི་པར་ཤིང་བཞེངས་མགོ་བརྩམས་པའི་ལོ་དེའི་ཟླ་ལྔ་བར་རྐ་ཕུག་ཁོང་ཉིད་སྐུ་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར། ཁྱབ་སྟེ། གལ་ཏེ་དེ་གཉིས་གཅིག་ཡིན་ན་དེ་དག་ཨ་ཀྱཱ་ཡོངས་འཛིན་རིན་པོ་ཆེ་བློ་བཟང་དོན་གྲུབ་མཆོག་གི་བསྟན་པ་ལ་བཞག་པའི་ཕྱག་རྗེས་དང་རྣམ་པར་ཐར་པ་གཙོ་བོ་ཡིན་པའི་ཕྱིར། དེས་ན་འདི་གཉིས་ནི་མཁས་པ་སོ་སོ་ཡིན་པ་སྒྲུབ་བྱེད་འདི་ཙམ་གྱིས་ཆོག་པས་དགག་བཞག་གི་ངལ་བ་མང་པོ་བྱ་མི་དགོས་པས་དེ་གཉིས་གཅིག་ཏུ་སྨྲ་བ་དག་ད་གཟོད་བག་ཡོད་བསྟེན་ན་འཚེངས་སོ། །
ད་དུང་དེ་ལ་རི་བོང་ཅལ་འདྲོགས་ཀྱི་ངང་ཚུལ་བསྟེན་པ་དག་གི་སླད་དུ་མཐའ་ཅུང་ཟད་དཔྱད་ན། འཁྲུལ་གཞི་འདིའི་དབང་གིས་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་མཛད་པའི་ཞྭ་སེར་བསྟན་པའི་སྒྲོན་མེ་རྗེ་ཙོང་ཁ་པ་ཆེན་པོས་གཙོས་སྐྱེས་ཆེན་དམ་པ་རིམ་བྱུང་གི་གསུང་འབུམ་དཀར་ཆག་ཕྱོགས་གཅིག་ཏུ་བསྒྲིགས་པའི་དྲི་མེད་ཟླ་ཤེལ་གཙང་མའི་མེ་ལོང་ཞེས་བྱ་བ་དང་དུང་དཀར་ཚིག་མཛོད་ཆེན་མོ་སོགས་ནས་ཀྱང་འདི་གཉིས་ཀྱི་ལོ་རྒྱུས་སུ་རྐ་ཕུག་པཎྚི་ཏའི་རྣམ་ཐར་གྱི་འགངས་མང་པོ་ཞིག་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ལ་སྦྱར་ཏེ་གསུངས་ཡོད་པ་ནི་མ་དག་པར་འདུག་པ་གསལ་པས་དེ་དེ་གཉིས་མི་གཅིག་ཡིན་པའི་སྒྲུབ་བྱེད་དུ་མི་འགྲོ་སྟེ། དེ་ལས་དང་པོས་ནི་མཚན་མཐུན་པ་ལ་འཁྲུལ་ནས་བྱ་ཁྱུང་གདན་རབས་ཀྱི་རྐ་ཕུག་བློ་བཟང་དོན་གྲུབ་ཀྱི་ལོ་རྒྱུས་དེ་ཉིད་ཇི་མ་ཇི་བཞིན་བྲིས་བཤུས་བྱས་པ་ཡིན་པ་གསལ་ཞིང་། གཉིས་པ་དུང་དཀར་ཚིག་མཛོད་ཀྱིས་ནི་མདོ་སྨད་ཆོས་འབྱུང་གི་རྐ་ཕུག་ལོ་རྒྱུས་ལ་ཕྱི་མོ་བྱས་ཏེ་ནོར་པ་གསལ་པས་དེ་ཉིད་རྐ་ཕུག་གི་ལོ་རྒྱུས་ཡིན་པ་ལས་ཨ་ཀྱཱ་ཡོངས་འཛིན་དེ་རྐ་ཕུག་པཎྚི་ཏ་ཡིན་ཤག་གིས་བྲིས་པར་དུང་དཀར་རིན་པོ་ཆེས་ཀྱང་མི་བཞེད་པ་བཤད་མ་དགོས། གལ་ཏེ་ཁོང་ལ་ཡང་ཡུལ་དང་དུས་ཀྱིས་བསྐལ་དོན་དུ་སོང་བའི་དབང་གིས་འཁྲུལ་པ་རེ་འགའ་འབྱུང་སྲིད་ཐང་ན་ཡང་དཔེ་ཆ་གཅིག་གི་ནང་དུ་དེ་གཉིས་ཀྱི་རྣམ་ཐར་སོ་སོར་བསྐྱར་བལྡབས་སུ་བྲི་དགོས་དོན་མ་མཆིས་ཤིང་། ལར་ཚིག་མཛོད་ཀྱི་མཆན་འགྲེལ་ཡོད་ཚད་ཁོང་གིས་བཏབ་པ་རྐྱང་མ་ཡིན་པར་བཤད་པ་ཡང་བདེན་ཤས་ཆེ་པར་འདུག་པའི་ཕྱིར་རོ། །
ཡང་སྐུ་འབུམ་གདན་རབས་སོགས་ལས་ཨ་ཀྱཱ་ཡོངས་འཛིན་གྱིས་རྗེ་ཡབ་སྲས་ཀྱི་གསུང་འབུམ་པར་དུ་བསྒྲུབས་པའི་ཞུས་ཆེན་མཛད་པ་དེས་རྐ་ཕུག་པཎྚི་ཏ་ཡིན་པར་གོ་དགོས་པ་ནི་རྒྱུ་མཚན་མེད་པའི་ཨུ་ཚུགས་ཙམ་ལས་སྒྲུབ་བྱེད་དུ་མི་འགྲོ། ད་དུང་གནོད་བྱེད་དུ་འགྲོ་བར་གོང་དུ་བཤད་ཟིན་ཅིང་འོག་ནས་ཀྱང་འཆད་པར་འགྱུར་རོ། །དེས་ན་ཁོང་རྣམ་གཉིས་ཀྱི་ཡབ་ཡུམ་གྱི་མཚན་དང་ལོ་ཚིགས་རྣམས་གཅིག་པར་གྱུར་པའང་རྐ་ཕུག་ཚང་གི་ལོ་རྒྱུས་ཀྱིས་འཁྲུལ་སོང་པ་ཤེས་ཏེ། གལ་ཏེ་ཨ་ཀྱཱ་ཡོངས་འཛིན་གོང་གི་རྐ་ཕུག་གི་འཁྲུངས་ལོ་སྟེ། སྤྱི་ལོ1740ལོར་འཁྲུངས་པའི་དབང་དུ་བྱས་ན། ཁོང་དགུང་ལོ་གྱ་བརྒྱད་སྟེང་རྗེ་ཡབ་སྲས་ཀྱི་གསུང་འབུམ་པར་བཞེངས་ཀྱི་ཞུས་ཆེན་གནང་སྟེ་དགུང་ལོ་གོ་བཞིའི་སྟེང་ལེགས་འགྲུབ་བྱུང་དགོས་པར་འགྱུར་ཏེ། སྐུ་འབུམ་གདན་རབས་དང་བསྟན་རྩིས་ཀུན་བཏུས་གཉིས་ལས་རབ་ཡིད་མེ་ཕག་སྟེ་སྤྱི་ལོ1827ལོར་གསུང་འབུམ་པར་སྐྲུན་གྱི་དབུ་བརྩམས་ཤིང་རབ་ཡིད་ཆུ་འབྲུག་སྟེ་སྤྱི་ལོ1832ལོར་ལེགས་འགྲུབ་བྱུང་པར་བཤད་པ་ཁས་ལེན་དགོས་པའི་ཕྱིར།
དགུང་ལོ་དགུ་བཅུ་ཡས་མས་ཀྱི་སྐབས་ལ་པར་སྐྲུན་ཞུས་དག་གི་མཛད་པ་བསྐྱངས་པ་འདིས་ནི་སྤྱིར་བཏང་མིའི་དབང་དུ་བྱས་ན་རིགས་པའི་ཁས་ལེན་དཀའ་ཞིང་ཐུན་མོང་སྐྱེ་བོས་བློ་ཁོག་ཏུ་ཆུད་པར་མི་དཀའ་འམ། དེར་མ་ཟད་རྐ་ཕུག་རིན་པོ་ཆེའི་རྣམ་ཐར་ལས། ཕྱིས་སུ་དགུང་ལོ་ཤིན་ཏུ་བགྲེས་ནས་ཡི་གེ་གསལ་བོར་མི་གཟིགས་པ་ན་གཞན་ལ་སྐྱོར་དུ་འཇུག་པ་ཡན་ཆད་ཀྱིས་གནང་བར་མཛད⑩ཅེས་གསུངས་པར་གཞིགས་ན་དེ་དུས་སྤྱན་གྱིས་གསལ་བོ་མི་གཟིགས་པས་ཞུས་དག་གི་མཛད་པ་བསྐྱངས་པ་དེ་ལས་ཀྱང་བློ་ཡུལ་དུ་ཤོང་དཀའ། དེས་ན་དཀར་ཆག་ཤེས་བྱའི་གཏེར་མཛོད་ལས། སྤྱི་ལོ1774ལོར་འཁྲུངས་ཏེ་དགུང་ལོ་ང་བཞི་པ་སྤྱི་ལོ1827ལོར་ཞུས་ཆེན་གྱི་འགན་བཞེས་པར་འདོད་པ་ནི་རིགས་པ་དང་དངོས་ཡོད་ངོ་མ་ཡིན་པ་ཧ་ཅང་གསལ། ད་དུང་ཨུ་ཚུགས་མཐར་སྐྱེལ་གྱིས་དགུང་ལོ་ཇི་ཙམ་མཐོན་པོར་སོན་ནའང་རང་ཅག་སྐྱེ་བོ་ཕལ་བ་དང་མི་མཐུན་ཚུལ་སོགས་ཐུན་མོང་མ་ཡིན་པའི་དག་སྣང་དང་ལྷ་སྒྲུང་འདྲ་བཤད་ན་དེ་ལ་ཇི་སྲིད་བསྐལ་བའི་བར་དུ་ལན་འདེབས་པའི་དགོས་པ་མ་མཆིས་སོ། །
དེར་མ་ཟད་རྗེ་ཡབ་སྲས་ཀྱི་གསུང་འབུམ་པར་སྐྲུན་མགོ་རྩོམ་པའི་ལོ་དེ་གའི་ཟླ་ལྔ་བའི་ཚེས་བཅུ་གསུམ་པར་རྐ་ཕུག་ཚང་སྐུ་འདས་པ་ཁས་ལེན་ན་གསུང་འབུམ་པར་སྐྲུན་གྱི་མགོ་ལོ་དེའི་ཟླ་བཞི་བའི་ཚེས་བཅོ་ལྔར་བརྩམས་པར་སྐུ་འབུམ་གདན་རབས་སུ⑪གསལ་པ་ལྟར་ཨ་ཀྱཱ་ཡོངས་འཛིན་ཟླ་ངོ་གཅིག་ཙམ་གྱི་རིང་ལས་མ་བཞུགས་པས་རྗེ་ཡབ་སྲས་ཀྱི་གསུང་འབུམ་ཞུས་ཆེན་པ་གནང་ཐུབ་པ་དཔེ་མི་སྲིད་དེ། སྐབས་དེར་ཤིང་པར་དུ་བརྐོས་པ་ལས་ད་ལྟའི་འཕྲུལ་པར་དང་གློག་ཀླད་དུ་གཏག་པ་ལྟ་བུ་མ་ཡིན་པའི་ཕྱིར་རོ། །གསུང་འབུམ་པོད་ཞེ་གསུམ་གྱི་པར་བརྐོ་ལ་མ་མཐའ་ཡང་ལོ་ངོ་དུ་མའི་དུས་ཡུན་ཞིག་ངེས་པར་དུ་དགོས་པའི་ཕྱིར། གཞན་ཡང་རྐ་ཕུག་ཚང་དགུང་ལོ་གྱ་བདུན་བཞེས་པ་སྤྱི་ལོ1826ལོའི་ཧོར་ཟླ་བདུན་པའི་ཚེས་བཅུ་གསུམ་ལ་བྱ་ཁྱུང་དུ་ཕེབས་ནས་དགའ་ལྡན་ལྷ་བརྒྱ་མའི་ལྗགས་ལུང་སོགས་བཀའ་ཆོས་མང་པོ་གནང་སྟེ་ཕྱིར་ཕེབས་ནས་ལོ་རྗེས་མའི་དཔྱིད་ཀ་ནས་བཟུང་ཞལ་ཆམ་གྱི་སྙུན་གཞི་བཞེས་ཏེ་མཐར་ལོ་དེའི་ཟླ་ལྔ་བར་སྐུ་གཤེགས་པ་འདིས་ཀྱང་ཁོང་ཉིད་རྗེ་ཡབ་སྲས་ཀྱི་གསུང་འབུམ་ཞུས་ཆེན་མཛད་མཁན་གྱི་ཨ་ཀྱཱ་ཡོངས་འཛིན་མ་ཡིན་པ་དོན་གྱིས་ཤེས་པར་འགྱུར་བ་མ་ཡིན་ནམ།
རྒྱུ་མཚན་འདིས་ཁོང་གཉིས་ཀྱི་རབ་བྱུང་གི་མཁན་པོ་དང་གསན་བཞེས་གནང་སའི་དགེ་རྒན། དབུས་ཕེབས་ཀྱི་ལོ་ཚིགས། ཚོགས་ཞུགས་གནང་ཡུལ། མདོ་སྨད་ལ་ཕྱིར་ཕེབས་པའི་དུས་ཚོད། གསུང་འབུམ་གྱི་པོད་གྲངས། མྱ་ངན་ལས་འདས་པའི་ལོ་ཚིགས་སོགས་ཚང་མ་འཁྲུལ་གཞི་རྐ་ཕུག་རིན་པོ་ཆེའི་ལོ་རྒྱུས་ལ་བརྟེན་ནས་འཁྲུལ་པ་ཡིན་པ་ཤེས་པས་དེ་ལས་ལྡོག་སྟེ་དེ་གཉིས་གཅིག་ཏུ་སྒྲུབ་བྱེད་ཀྱི་གཏན་ཚིགས་སུ་འགོད་པ་ནི་འགོག་འོས་ལྟ་ཅི། ཡི་མུག་འཆོར་པའི་གནས་སོ། །ཡང་ཨ་ཀྱཱ་ཡོངས་འཛིན་ཚང་གི་འཁྲུངས་ཡུལ་མདོ་སྨད་ཕྱག་རྡོར་ཐང་མ་ཡིན་པའི་སྒྲུབ་བྱེད་ལ་རྐ་ཕུག་ཚང་གི་འཁྲུངས་ཡུལ་གདོང་སྣ་དེ་གཅན་ཚ་རྐ་ཕུག་དང་ཐག་ཉེ་ཚུལ་དང་སྐུ་འབུམ་དང་ཕྱག་རྡོར་ཐང་ཅི་རིགས་ཀྱི་ཁོངས་སུ་མི་འདུ་ཚུལ། ཐག་ཀྱང་མི་ཉེ་བ་སོགས་བཀོད་པ་དེས། ཨ་ཀྱཱ་ཡོངས་འཛིན་མཆོག་གདོང་སྣ་ནས་འཁྲུངས་པ་ཡིན་པ་མི་འགྲུབ་སྟེ། ཁོང་ཉིད་ད་ལྟའི་མེན་ཧོ་རྫོང་གི་ཕྱག་རྡོར་ཐང་ལ་ཀྱཱ་སྡེ་བ་ནས་འཁྲུངས་པ་ཡིན་པའི་ཕྱིར། (青海省民和县管停镇小李家村)གལ་ཏེ་འདིར་འཁྲུངས་ཡུལ་ངོས་འཛིན་རྒྱུ་ཡོད་པ་ཙམ་དེས་རང་འདོད་འགྲུབ་པ་ཡིན་ན་ཨ་ཀྱཱ་ཡོངས་འཛིན་ལགས་ཀྱི་འཁྲུངས་ཡུལ་དེ་ལྟར་གསལ་བ་འདི་ཡང་རིགས་འགྲེ་ཡིན་པས་དེ་ལྟར་ཐལ་བ་ཤེས།
ཡང་རྐ་ཕུག་ཚང་གི་རབ་བྱུང་གི་མཁན་པོ་ལྷ་རི་སྔགས་རམས་པ་བློ་བཟང་འབྱུང་གནས་ཡིན་པ་འདིས་ཀྱང་ཁོང་གཉིས་གཅིག་ཏུ་མི་འགྲུབ་སྟེ། གལ་ཏེ་ཨ་ཀྱཱ་ཡོངས་འཛིན་དེ་རྐ་ཕུག་པ་ཡིན་པའི་དབང་དུ་བྱས། ལྷ་རི་བའི་མདུན་ནས་རབ་ཏུ་བྱུང་བ་ཡིན་ཚེ། ཁོང་རྗེ་ཡབ་སྲས་ཀྱི་གསུང་འབུམ་ཞུས་ཆེན་པ་ཡིན་ཚུལ་མི་བདེན་དགོས་པ་མ་ཟད། དེ་དུས་ཁོང་ཉིད་འཁྲུངས་རག་བར་དུ་ད་དུང་ལོ་ཉེར་བདུན་ཡོད་པས་རབ་བྱུང་བསྒྲུབས་པ་སོགས་ཤིན་ཏུ་མི་རིགས་པའི་ཕྱིར། ཡང་རྐ་ཕུག་ཚང་མགུར་རྣམ་རྒྱལ་གླིང་གི་ཁྲིར་བཞུགས་པ་དང་རྫོང་ནང་དགོན་ཁོང་གི་དགོན་པ་ཡིན་པས་ཁོང་གཉིས་གཅིག་ཏུ་མི་འགྲུབ་སྟེ། དེ་ལྟར་ན་ཨ་ཀྱཱ་ཡོངས་འཛིན་མ་ཟད་གང་ཟག་ཡོད་ཚད་གཅིག་ཡིན་པར་ཐལ་བར་ཡང་འགྱུར་བའི་ཕྱིར་ཏེ། རྐ་ཕུག་ཚང་མགུར་རྣམ་རྒྱལ་གླིང་གི་ཁྲིར་བཞུགས་པ་གང་ཞིག རྫོང་ནང་དགོན་ཁོང་གི་དགོན་པ་ཡིན་པའི་ཕྱིར། ཧ་ཧ་ཧ། ཀུ་རེ་ཞུས་སོང་། རིགས་པའི་ལམ་གྱི་རོལ་རྩེད་ཙམ་ཤོར་སོང་བ་ཡིན་པས་དཔྱོད་ལྡན་དག་དགྱེས་དགྱེས་མཛད་པ་ཅི་གནང་།
ད་དུང་ཤེས་བྱེད་གསལ་ཞིང་བཙན་པོ་གཉིས་ཡོད་པ་ནི། གཅིག ། གལ་ཏེ་དེ་གཉིས་གང་ཟག་གཅིག་ཡིན་ན་རྐ་ཕུག་ཚང་གི་དངོས་སློབ་ཇུ་ནང་བས་མཛད་པའི་རྐ་ཕུག་པཎྚི་ཏའི་རྣམ་ཐར་དུ་ཁོང་གི་དགེ་རྒན་རྣམས་བགྲངས་པའི་གྲས་སུ་མཁས་གྲུབ་ཆེན་པོ་ཤིང་བཟའ་པཎྚི་ཏ་བློ་བཟང་དར་རྒྱས(1759-1824)བགྲང་དགོས་པ་ལས་གླེང་སློང་ཙམ་ཡང་མེད་པའི་ཕྱིར། ཁྱབ་སྟེ། ཤིང་བཟའ་པཎྚི་ཏ་དེ་ཨ་ཀྱཱ་ཡོངས་འཛིན་གྱི་བླ་མའི་གཙོ་བོ་ཡིན་པའི་ཕྱིར། ཨ་ཀྱཱ་ཡོངས་འཛིན་གྱི་གསུང་རྩོམ་ལས། བློ་བཟང་ཆོས་ཀྱི་དགོངས་དོན་འདབ་བརྒྱའི་ཚལ། །མཁྱེན་རབ་ལང་ཚོ་དར་པའི་འོད་སྟོང་གིས། །རྒྱས་མཛད་བློ་གསལ་སྐལ་བཟང་བུང་བའི་གཉེན། །བཀའ་དྲིན་མཚུངས་མེད་ཞབས་ལ་གསོལ་བ་འདེབས། །⑫ཞེས་དང་། ཆོས་འབྲེལ་དངོས་ཐོབ་ཀྱི་རྩ་བའི་བླ་མ་རྣམས་ཀྱི་གསོལ་འདེབས་ལས། དུས་དེང་སང་ངེས་དོན་པཎྚི་ཏ། །རྗེ་བློ་བཟང་དར་རྒྱས་ལ་གསོལ་བ་འདེབས། །⑬ཞེས་དང་། ངོ་མཚར་རྟོགས་བྱེད་ནག་འགྲོས་སུ་བཀོད་པ་ལེགས་བཤད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བའི་མཇུག་བྱང་དུ། ཅེས་པ་འདི་ནི་རིག་གནས་ལ་བློ་གྲོས་ཀྱི་འཇུག་པ་མཆོག་ཏུ་ཡངས་པའི་དད་བརྩོན་རྣམ་དཔྱོད་ཕུལ་དུ་བྱུང་བ་སོགས་ཡོན་ཏན་དུ་མས་བརྒྱན་པ་དགེ་སློང་ངག་དབང་བསྟན་འཛིན་གྱིས་ནན་ཏན་ཆེན་པོས་བསྐུལ་བའི་ངོར། མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་བློ་བཟང་དར་རྒྱས་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་བཀའ་དྲིན་ལས། རིག་གནས་འདིའི་དོན་སྨྲ་བའི་སྤོབས་པ་ཅུང་ཟད་ཐོབ་པའི་བྱ་བྲལ་རབ་འབྱམས་སྨྲ་བ་བློ་བཟང་དོན་གྲུབ་བམ་དབྱངས་ཅན་དགའ་བའི་བློ་གྲོས་སུ་བོད་པས་རྗེ་བླ་མའི་འཁྲུངས་གནས་སྐུ་འབུམ་བྱམས་པ་གླིང་དུ་སྦྱར་པ་དགེ་ལེགས་སུ་གྱུར་ཅིག⑭ཅེས་གསུངས་པ་བཞིན་ཁོང་གིས་སྒྲ་དང་སྙན་ངག་སོགས་ཐུན་མོང་། དབུ་ཕར་གསང་འདུས་སོགས་ཐུན་མིན་གྱི་རིག་གནས་གསན་སྦྱངས་གནང་སའི་འགྲན་གྱི་དོ་མེད་ཀྱི་བསྔགས་བརྗོད་མཛད་པ་ལས་ཤེས།
གཉིས། སྤྱི་ལོ1827ལོ་སྟེ་རྐ་ཕུག་ཚང་སྐུ་གཤེགས་པའི་རྗེས་ཀྱི་ལོ་གཉིས་པ་སྤྱི་ལོ1829ལོར་ཨ་ཀྱཱ་ཡོངས་འཛིན་རྒྱ་ནག་ཏུ་ཕེབས་པ་དང་ཕེབས་ནས་ད་དུང་གོང་དུ་བཤད་པ་ལྟར་རི་བོ་རྩེ་ལྔའི་གནས་བསྟོད་དང་སྙན་ངག་གི་བརྩམས་ཆོས་ལེགས་བཤད་པུཎ་ཊ་རི་ཀའི་ཕྲེང་མཛེས་ཞེས་པ་བརྩམས་ཡོད། ལེགས་བཤད་དེའི་མཇུག་བྱང་དུ། འདི་ནི་འགལ་བ་ཞེས་བྱའི་ལོ། །ཆུ་ཤེལ་དབང་བོ་སྐར་མ་མགོས། །ཉ་བའི་དཀར་ཕྱོགས་ཚེས་དགེ་བ། །རྣམ་པར་རྒྱལ་བ་དང་པོ་ལ། །འཇམ་དཔལ་མི་རྗེ་ཚུལ་བཟུང་བའི། །ཕོ་བྲང་གསེར་གྱི་རྒྱལ་ཁབ་ཀྱི། །ཡུན་དགོན་ཞེས་བྱའི་ཆོས་ཀྱི་སྡེར། །དབྱངས་ཅན་དགའ་བའི་བློ་གྲོས་སྦྱར། །⑮ཞེས་འགལ་བ་ཞེས་པ་ནི་སྟོད་འགྲེལ་ལུགས་ཀྱི་ས་མོ་གླང་གི་མིང་ཡིན་ཞིང་། ཆུ་ཤེལ་དབང་བོ་སྐར་མ་མགོས་ཞེས་པ་ནི་ཟླ་བ་བཅུ་གཅིག་པའི་ཚེས་གསུམ་གྱི་ཉིན་ལ་ཡུན་དགོན་ཏེ་དགའ་ལྡན་བྱིན་ཆགས་གླིང་ནས་སྦྱར་ཞེས་པའོ། །འདིའི་ཕྱི་ལོ་སྟེ་ལྕགས་ཕོ་སྟག་སྤྱི་ལོ1830ལོར་ཁོང་གིས་སྙན་ངག་མེ་ལོང་གི་རྒྱན་རྣམས་ཀྱི་དཔེ་བརྗོད་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་པ་བརྩམས་ཡོད་དེ། སྙན་ངག་དེའི་མཇུག་བྱང་དུ། ཞེས་བྱ་བ་འདི་ནི་རྒྱལ་བའི་གདུང་འཚོབ་དམ་པ་མཁས་གྲུབ་དུ་མའི་ཞབས་རྡུལ་གཙུག་གི་ཅོད་པན་དུ་བཅིངས་པའི་གྱི་ན་པ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས། རང་བློ་གོམས་ཤིང་བློ་གསལ་དོན་གཉེར་ཅན་རྣམས་ལའང་ཕན་འདོད་ཀྱི་བསམ་པས་རྣམ་འགྱུར་གྱི་ལོ་སྣྲོན་ཟླའི་ཡར་ཚེས་བཟང་བ་གཉིས་པའི་ཚེས་དགེ་བར་སྦྱར⑯ཞེས་པ་ནི་རྐ་ཕུག་ཚང་སྐུ་གཤེགས་པའི་རྗེས་ཀྱི་ལོ་གསུམ་པ་ལྕགས་སྟག་གི་ཟླ་ལྔ་བའི་ཚེས་བདུན་ཉིན་སྦྱར་ཞེས་པ་ཡིན་པས་ཨ་ཀྱཱ་ཡོངས་འཛིན་དེ་རྐ་ཕུག་ཚང་མིན་པ་ལྷང་ངེར་གསལ་བའོ། །
ད་དུང་གོང་དུ་བཤད་པ་ལྟར་ཕེ་ཀྱཱ་ཞབས་དྲུང་བློ་བཟང་ངག་དབང་བསྟན་འཛིན་འདི་ཉིད་ཨ་ཀྱཱ་ཡོངས་འཛིན་མཆོག་གི་མདུན་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བླངས་པ།(རབ་བྱུང་དང་དགེ་ཚུལ་སྒྲུབ་དུས་མ་མཐའང་ལོ་དྲུག་བདུན་གྱི་སྐབས་ཏེ་བྱ་རོག་སྐྲོད་ནུས་པ་ཙམ་ཡིན་དགོས་པ་འདུལ་གཞུང་ལས་གསུངས)ཤིང་བཟའ་པཎྚི་ཏའི་སྤྲུལ་སྐུའི་མདུན་ནས་བསྙེན་རྫོགས་ཏེ་དགེ་སློང་གི་སྡོམ་པ་བཞེས་པ་སོགས་ལ་དཔགས་ན་ཡང་གསལ་ཏེ། སྐུ་འབུམ་གདན་རབས་སུ། ཕེ་ཀྱཱ་ཞབས་དྲུང་འདི་ཉིད་ཤིང་བཟའ་པཎྚི་ཏའི་སྤྲུལ་སྐུ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་དཔལ་བཟང་བོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་། དུས་འཁོར་དཔོན་སློབ་དང་། རབ་བྱུང་བཅོ་ལྔ་བའི་རྣམ་བྱུང་ས་འབྲུག(སྤྱི་ལོ1868)ལོར་སྨན་པ་དཔོན་སློབ་ཀྱི་ཁྲིར་རིམ་གྱིས་བཞུགས་ཏེ་དུས་སྐབས་དང་བསྟུན་པའི་ཆོས་སྲིད་ཀྱི་བཀའ་དྲིན་བསྐྱངས⑰ཞེས་གསུངས་པས་འདི་དུས་ཕེ་ཀྱཱ་ཞབས་དྲུང་ཁོང་ཉིད་ཆེས་ཆུང་ནའང་དགུང་ལོ་ཉེར་ལྔའི་གཡས་གཡོན་ཡིན་པ་ཤེས་ཏེ། དེ་དུས་ཁོང་ཉིད་བསྙེན་པར་རྫོགས(བསྙེན་རྫོགས་ཀྱི་སྡོམ་པ་ནི་ལོ་ཉི་ཤུ་ཡན་ཆད་མ་ལོན་པར་བླངས་མི་རུང་བ་ཡིནཔ་འདུལ་གཞུང་ལས་གསུངས)ཟིན་པ་གོང་དུ་གསལ་བ་ལྟར། དེ་ནས་ཡར་ལ་བརྩིས་ན་དགུང་ལོ་བདུན་བརྒྱད་ཀྱི་ཚེ་ན་ཨ་ཀྱཱ་ཡོངས་འཛིན་གྱིས་རབ་བྱུང་བསྒྲུབས་ཡོད་པས་སྐབས་དེར་ཨ་ཀྱཱ་ཡོངས་འཛིན་ཚང་བཞུགས་པར་ངེས།
དེ་དུས་སྤྱི་ལོ1850ཡི་གཡས་གཡོན་ཡིན་ཏེ། ཨ་ཀྱཱ་ཡོངས་འཛིན་གྱིས་དགུང་ལོ་དོན་ལྔ་ལྷག་བཞེས་ནས་འཚོ་གཞེས་གནང་ཡོད་པ་དང་། རྐ་ཕུག་པཎྚི་ཏ་སྤྱི་ལོ1827ལོར་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ཉི་ཤུ་རྩ་བཞི་ལྷག་འགོར་ཡོད་པ་ཤེས། གལ་ཏེ་ཨ་ཀྱཱ་ཡོངས་འཛིན་དེ་རྐ་ཕུག་པཎྚི་ཏ་ཡིན་ན་ཁོང་གི་རྣམ་ཐར་དུ་ཕེ་ཀྱཱ་ཞབས་དྲུང་ལ་རབ་བྱུང་བསྒྲུབས་པ་ཟུར་ཙམ་ཡང་མ་བྱུང་བ་དང་རྐ་ཕུག་ཚང་སྤྱི་ལོ1740ལོར་འཁྲུངས་པས་འདི་དུས(སྤྱི་ལོ1850)ཨ་ཀྱཱ་ཡོངས་འཛིན་གྱིས་དགུང་ལོ་བརྒྱ་དང་བཅུ་ལྷག་བཞེས་ཏེ་བཞུགས་ཡོད་དགོས་པ་ཁས་མི་ལེན་ཐུ་མེད་ཡིན་པ་འདི་དག་གིས་ཁོང་རྣམ་པ་གཉིས་མི་གཅིག་མ་ཡིན་པ་གསལ་བོར་གྲུབ་ན་འདི་ལས་གཞན་པའི་གཏན་ཚིགས་ཤིག་འཚོལ་བའི་ངལ་བ་བསྟེན་མི་དགོས་པ་མ་ཟད། ད་ནས་བཟུང་སྟེ་ལོག་རྟོག་དང་སོམ་ཉིའི་དཔྱང་ཐག་དེ་དག་དུམ་བུར་བཅད་ན་ལེགས་པར་སེམས་སོ། །
ལྔ་བ། དཔྱད་པ་མཐར་ཐུག་གི་སྡོམ་ཚིག
མདོར་ན་ཨ་ཀྱཱ་ཡོངས་འཛིན་དང་རྐ་ཕུག་པཎྚི་ཏ་རྣམ་པ་གཉིས་ནི་འཁྲུངས་ཡུལ། རིགས་རུས། མཛད་རྗེས། འཁྲུངས་འདས་རྣམས་མི་གཅིག་པས་མཁས་པ་གཅིག་མ་ཡིན་པ་ཐག་གིས་ཆོད། མཁས་དབང་དུང་དཀར་མཆོག་གིས་ཀྱང་དེ་གཉིས་མི་གཅིག་ཡིན་པར་མི་བཞེད་པ་ཡིན། དེས་ན་ཨ་ཀྱཱ་ཡོངས་འཛིན་དང་རྐ་ཕུག་ཚང་གཉིས་མི་གཅིག་ཡིན་པར་འཁྲུལ་པའི་རྒྱུ་རྐྱེན་མཐར་ཐུག་ནི་རྐ་ཕུག་པཎྚི་ཏ་བློ་བཟང་དོན་གྲུབ་ཀྱི་སྐུ་ཚེ་མཐའ་ལ་ཐུག་གི་བར་དུ་ཞབས་འབྲིང་དུ་འཁོད་པའི་སྲས་ཀྱི་ཐུ་བོ་ཇུ་ནང་པས་མཛད་པའི་རྐ་ཕུག་པཎྚི་ཏའི་རྣམ་ཐར་དང་། ཨ་ཀྱཱ་ཡོངས་འཛིན་གྱི་གསུང་འབུམ། སྐུ་འབུམ་གདན་རབས་སོགས་ཀྱི་དཔེ་ཆ་དངོས་སུ་མ་མཐོང་བས་དང་། མཐོང་ཡང་ལོ་ཚིགས་སྐོར་ཞིབ་མོའི་བློས་གཤིབ་བསྡུར་བྱ་མ་ཐུབ་པ་དང་། གཞན་ཁོང་རྣམ་པ་གཉིས་ཀའི་དགེ་རྒན་སྐོར་ཞིག་གཅིག་པར་གྱུར་པ་དང་། མཚན་ལ་བློ་བཟང་དོན་གྲུབ་ཅེས་གཅིག་པར་གྱུར་པ་དེ་ལ་ཐུག་ཡོད་པར་སེམས་སོ། །སྨྲས་པ། བགྲང་བྱ་བརྒྱ་ཕྲག་ཟུང་གི་འཁོར་ལོ་ལ། །རྣམ་གཉིས་སྨྲ་དབང་ཟུང་གི་མཛད་འཕྲིན་རིས། །མཁས་བླུན་ཁ་ལག་ཟུང་གི་ནགས་ཚལ་དུ། །དཔྱད་པ་བདེན་རྫུན་ཟུང་གི་ཟློས་གར་འཁྲབ། །ཅེས་པ་ནི་རེ་ཞིག་དཔྱད་རྩོམ་འདི་མཇུག་བསྡུ་བའི་ངག་གི་དབྱངས་རྟའོ། །
ལུང་ཁུངས།
① དགེ་འདུན་ཆོས་འཕེལ་གྱི«དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ» དེབ་གཉིས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས1990ལོའི་ཟླ་བཞི་བར་པར་དུ་བསྐྲུན། ཤོག་ངོས164ན་གསལ།
②⑪⑰ གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ«སྐུ་འབུམ་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན» མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1982ལོའི་ཟླ་གཉིས་པར་པར་དུ་བསྐྲུན། ཤོག་ངོས73ན་གསལ། ཤོག་ངོས78ན་གསལ། ཤོག་ངོས328ན་གསལ།
③⑤ མཁས་དབང་ཚེ་ཏན་ཞབས་དྲུང་གི«བསྟན་རྩིས་ཀུན་ལས་བཏུས་པ» མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1982ལོའི་ཟླ་བཅུ་གཉིས་པར་པར་དུ་བསྐྲུན། ཤོག་ངོས274ན་གསལ། ཤོག་ངོས275ན་གསལ།
④⑦⑧⑩ ཇུ་ནང་ངག་དབང་སྙན་གྲགས་ཀྱི«ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་བློ་བཟང་དོན་འགྲུབ་རིན་པོ་ཆེའི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས། ཆུ་ཐིགས་ཙམ་ཞིག་བརྗོད་པ་དད་པའི་པད་མོ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ» གཅན་ཚ་རྐ་ཕུག་དགོན་གྱི་ཤིང་པར། ཤོག་ངོས17གྱི་ཉིན་ངོས་ཐིག་ཕྲེང་ལྔ་བར་གསལ། ཤོག་ངོས6པའི་ཉིན་ངོས་ན་གསལ། ཤོག་ངོས7པའི་ཉིན་ངོས་ན་གསལ། ཤོག་ངོས7པའི་སྲིབ་ངོས་ན་གསལ།
⑥ དུང་དཀར་བློ་བཟང་འཕྲིན་ལས་དང་དགེ་བཤེས་བཀྲ་ཤིས་རིན་ཆེན། དགེ་བཤེས་ཡེ་ཤེས་དབང་ཕྱུག ། དྲུང་ཆེན་སྨོན་ལམ། མི་ཉག་མགོན་པོ་སོགས་ཀྱིས་བསྒྲིགས་པའི«བོད་གངས་ཅན་གྱི་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་བརྒྱ་དང་བརྒྱད་ཅུ་ལྷག་གི་གསུང་འབུམ་སོ་སོའི་དཀར་ཆག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཤེས་བྱའི་གཏེར་མཛོད་ཅེས་བྱ་བ»མི་རིགས་དཔེ་སྐྲུན་ཁང་གིས1997ལོའི་ཟླ་གསུམ་པར་པར་དུ་བསྐྲུན། ཤོག་ངོས531ན་གསལ།
⑨ བྲག་སྒོམ་བསྟན་པ་རབ་རྒྱས་ཀྱི«མདོ་སྨད་ཆོས་འབྱུང» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས1982ལོའི་ཟླ་གཉིས་པར་པར་དུ་བསྐྲུན། ཤོག་ངོས197ན་གསལ།
⑫ ཨ་ཀྱཱ་ཡོངས་འཛིན་གྱི«ལམ་རིམ་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་སྐལ་ལྡན་འཇུག་ངོགས»པོད་ཀ་བ། སྐུ་འབུམ་ཤིང་པར། ཤོག་ངོས9བའི་སྲིབ་ངོས་ན་གསལ།
⑬ ཨ་ཀྱཱ་ཡོངས་འཛིན་གྱི«ཆོས་འབྲེལ་དངོས་ཐོབ་ཀྱི་རྩ་བའི་བླ་མ་རྣམས་ཀྱི་གསོལ་འདེབས»པོད་ཁ་བ། སྐུ་འབུམ་ཤིང་པར། ཤོག་ངོས6ན་གསལ།
⑭ ཨ་ཀྱཱ་ཡོངས་འཛིན་གྱི«ངོ་མཚར་རྟོགས་བྱེད་ནག་འགྲོས་སུ་བཀོད་པ་ལེགས་བཤད་འཕྲུལ་གྱི་ལྡེ་མིག»པོད་ཁ་བ། སྐུ་འབུམ་ཤིང་པར། ཤོག་ངོས8པའི་ཉིན་ན་གསལ།
⑮ ཨ་ཀྱཱ་ཡོངས་འཛིན་གྱི«སྙན་ངག་ལེགས་བཤད་པུཎ་ཊ་རི་ཀའི་ཕྲེང་མཛེས»པོད་ཁ་བ། སྐུ་འབུམ་ཤིང་པར། ཤོག་ངོས25ན་གསལ།
⑯ ཨ་ཀྱཱ་ཡོངས་འཛིན་གྱི«སྙན་ངག་མེ་ལོང་གི་རྒྱན་རྣམས་ཀྱི་དཔེ་བརྗོད་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས»པོད་ཁ་བ། སྐུ་འབུམ་ཤིང་པར། ཤོག་ངོས38ན་གསལ།
ནང་དོན་ཡོང་ཁུངས། ཙོང་ཁ་དཔེ་ཁང་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།