«རཱ་མ་ཎའི་རྟོགས་བརྗོད»དང་འབྲེལ་བའི་དཔེ་ཀློག་ཟིན་བྲིས།
རྩོམ་པ་པོ།:གཡང་སྐྱབས་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-04-23 11:11:29
ཀློག་གྲངས།:
ཞང་ཞུང་ཆོས་དབང་གྲགས་པའི«རཱ་མ་ཎའི་རྟོགས་བརྗོད»དང་འབྲེལ་བའི་དཔེ་ཀློག་ཟིན་བྲིས།
----མི་སྣའི་སྣང་བརྙན་གསར་སློང་བྱེད་ལུགས་སྐོར་གཙོར་བཟུང་པ།
གཡང་སྐྱབས་ཚེ་རིང་།
གླེང་སློང་།
དང་པོ། སྲིན་པོའི་རྗེ་བོ་འབོད་སྒྲོག་གི་སྣང་བརྙན་གསར་སློང་བྱེད་ལུགས་ཀྱི་སྐོར།
སྲིན་པོའི་རྒྱལ་པོ་འབོད་སྒྲོག་ནི་རཱ་མ་ཎའི་གཏམ་རྒྱུད་ཁྲོད་ཀྱི་ལྡོག་ཕྱོགས་ཀྱི་མི་སྣ་གཙོ་བོ་དེ་ཡིན་ལ། གཏམ་རྒྱུད་ཧྲིལ་བོའི་མགོ་རྩོམ་པའི་ཁུངས་སྣེའང་ཡིན་ཏེ། སྲིན་རྗེ་འབོད་སྒྲོག་གིས་ལྷ་ཆེན་པོ་དབང་ཕྱུག་ལས་འཆི་བ་མེད་པའི་དངོས་གྲུབ་ལེན་པར་འདོད་པ་ཁུངས་སྣེ་དང་རྒྱུ་རུ་བྱས་ནས་གཏམ་རྒྱུད་ཧྲིལ་བོའི་མགོ་བརྩམས་པ་ཡིན།
གཅིག འཆི་བ་མེད་པའི་དངོས་གྲུབ་འདོད་པའི་སྐོར།
དེ་ཡང་འབོད་སྒྲོག་གིས་འཆི་བ་མེད་པའི་དངོས་གྲུབ་འབད་པ་ཆེན་པོས་སྒྲུབ་པར་འདོད་པའི་དམིགས་འབེན་དེ“མཚན་མོ་རྒྱུ་བ་རྣམས་ཀྱི་རྗེ། །འབོད་སྒྲོག་མགྲིན་པ་ལྔ་ཟུང་གིས། །ལྔ་བའི་དུས་ཀྱི་འཇིགས་སྤང་ཕྱིར། །བདེ་བྱེད་འདོར་འདོད་དོན་མཐུན་རྣམས། །རྒྱ་མཚོའི་གྲུ་ཆེན་ནང་འཇུག་བཞིན། །”ཞེས་པ་ལྟར་བསྟན་ཡོད་དེ། འབོད་སྒྲོག་གིས་འཆི་མེད་པའི་དངོས་གྲུབ་སྒྲུབ་དོན་ནི་འཆི་བའི་སྡུག་བསྔལ་དང་འཇིགས་པ་དེ་སྤང་བའི་ནས་བདེ་བའི་དཔལ་ལ་རོལ་འདོད་པ་ཡིན། འཆི་བའི་དངོས་གྲུབ་ཤུན་ཏུ་འདོད་པའི་དོན་དེ། རྒྱུ་ནོར་གྱིས་དབུལ་བའི་སྡུག་བསྔལ་ཆེན་པོ་དེ་འདོར་བར་འདོད་པའི་ཚོང་པ་རྣམས་ཀྱིས་ནོར་བུ་འཚོལ་པའི་ཆེད་དུ་རྒྱ་མཚོའི་གྲུ་ཆེན་གྱི་ནང་ལ་འཇུག་པའི་དཔེ་ལ་སྦྱར་ནས་བྲིས་ཡོད་པས། དངོས་པོའི་དཔེ་ཡི་ཐབས་སྤྱད་ནས་འབོད་སྒྲོག་གིས་འཆི་བ་མེད་པའི་འདོད་པ་དེ་སྣང་བརྙན་དང་ལྡན་པའི་ང་ཚོའི་མིག་ལམ་དུ་ཤར་དུ་བཅུག་ཡོད།
ཡང“འདོད་པའི་རེ་བའི་མེ་མཆོད་ཀྱི། །ཚ་བས་འཇིགས་པའི་ལྷ་ཆེན་ནི། །འཇའ་ཚོན་འཛིན་ཕྱིར་བསྙེན་ན་བཞིན། །དེ་ལ་ཆེས་ཆེར་རིང་བ་ཉིད། །”ཞེས་པ་འདིར་སྲིན་པོའི་རྒྱལ་པོ་འབོད་སྒྲོག་ནི་འཆི་བ་མེད་པའི་དངོས་གྲུབ་ལ་འདོད་པའི་རེ་བ་ཆེན་པོ་དེ་ནི་མེ་མཆོད་ལྟར་དུ་ཚ་བ་དང་། ཚ་བའི་གདུང་པ་དྲག་པོའི་རྐྱེན་གྱིས་ལྷ་ཆེན་པོ་དབང་ཕྱུག་ནི་འཇིགས་ཤིང་སྐྲག་སྟེ་རིང་དུ་བྲོས་ཞེས་འུད་བརྗོད་ཀྱི་ཚུལ་དུ་བྲིས་ཡོད་ལ། ལྷ་དབང་ཕྱུག་བྲོས་པ་དེ་བྱིས་པ་ཆུང་ངུས་ནམ་མཁའི་འཇའ་ཚོན་འཛིན་པའི་ཕྱིར་དུ་བསྙེག་ཅིང་རྒྱུགས་པའི་དཔེ་དང་མཚུངས་པར་བརྗོད་ཡོད་པས། ཆོས་དཔེའི་ཐབས་སྤྱད་ནས་སྲིན་རྗེ་འབོད་སྒྲོག་གི་འཆི་བ་མེད་པའི་དངོས་གྲུབ་འདོད་པ་ནི་འདོད་པ་ཧ་ཅང་ཆེན་པོ་ཞིག་ཡིན་པ་དེ་གསོན་ཉམས་དང་ལྡན་པའི་སྒོ་ནས་མཚོན་པར་བྱས་ཡོད།
དེ་ནས“རྡོ་ལེབ་སྟེང་གི་ས་བོན་ལ། །མྱུ་གུ་སྔོན་པོ་རེ་བ་དེས། །རང་གི་མགོ་ནི་འབྲས་ཡོས་བཞིན། །དེ་ཡི་སྦྱིན་སྲེག་རྫས་སུ་བྱིན། །”ཞེས་པ་འདིར་མི་བླུན་པོ་རྣམས་ཀྱིས་རྡོ་ལེབ་ཀྱི་སྟེང་དུ་ས་བོན་བཏབ་ནས་མྱུ་གུ་སྐྱེས་བ་ལ་རེ་བ་བྱེད་པ་དང་འདྲ་བར། སྲིན་རྗེས་འབོད་སྒྲོག་གིས་ནི་རང་གི་མགོ་བོ་རྣམས་སྦྱིན་སྲེག་མཁན་རྣམས་ཀྱིས་འབྲས་ཡོས་ཐོག་ཏུ་འདོར་བ་ལ་འཕངས་པ་མེད་པ་བཞིན་དུ་ལྷ་ཆེན་པོ་དབང་ཕྱུག་ལ་སྦྱིན་སྲེག་གི་རྫས་སུ་བྱིན་ཞེས་གསོན་ཉམས་ལྡན་པའི་དཔེ་ཡི་སྦྱོར་བ་ལ་བརྟེན་ནས་སྲིན་རྗེས་འབོད་སྒྲོག་གིས་འཆི་བ་མེད་པའི་དངོས་གྲུབ་ལ་རེ་བ་ཆེན་པོས་འདོད་པ་དང་འདོད་པ་དེའི་ཆེད་དུ་ཐ་ན་རང་གི་མགོ་བོའང་མཆོད་པར་ནུས་པའི་ཆོད་སེམས་མཚོན་ཡོད།
རྩོམ་པ་པོས་ནོར་གྱིས་དབུལ་བའི་ཚོང་བ་རྒྱ་མཚོའི་གྲུ་ཆེན་ལ་འཇུག་པ་དང་། འདོད་པ་ཆེ་པོ་དེ་མེ་ལྕེ་ཆེན་པོ་བཞིན་དུ་དྲག་ཏུ་ཚ་བ། འཆི་བའི་དངོས་གྲུབ་འདོད་པ་ནི་བླུན་པོས་རྡོ་ཡིས་མྱུ་གུ་སྐྱེས་བར་རེ་བ་སོགས་ཀྱི་དཔེ་གསོན་ཉམས་ལྡན་པ་དང་སྦྱར་ནས་འཆི་བ་མེད་པའི་དངོས་གྲུབ་ནི་ཧ་ཅང་སྒྲུབ་དཀའ་བ་དང་སྲིན་པོའི་རྗེ་བོ་འབོད་སྒྲོག་ནི་དངོས་གྲུབ་དེ་ལ་སེམས་ཤུན་ཏུ་ཆགས་པའི་ཚུལ་བརྗོད་ཡོད། དོན་ལ་དེའི་ཤུགས་སུ་འབོད་སྒྲོག་ནི་འཆི་བར་མི་འདོད་པར་མུ་མཐུད་དུ་འཇིག་རྟེན་གྱི་བདེ་བའི་དཔལ་ལ་རོལ་འདོད་ཀྱི་ཧམ་སེམས་དང་འདོད་པ་ཆེ་བའི་རང་གཤིས་དེ་མཚོན་ཡོད། རང་གཤིས་དེ་མཚོན་པའི་ཆེད་དུ་ཐོག་མར་དཔེ་ཡི་ཐབས་སྤྱད་ནས་འབོད་སྒྲོག་གིས་འཆི་བ་མེད་པའི་འདོད་པའི་ཚུལ་བརྗོད་ཡོད་ལ། དེ་ནས་འཆི་བ་མེད་པའི་དངོས་གྲུབ་འདོད་པ་ནི་འདོད་པ་ཧ་ཅང་ཆེན་པོ་ཞིག་ཡིན་ཚུལ་བསྟན་ཡོད་པ་མ་ཟད། ཁོས་འཆི་བ་མེད་པའི་དངོས་གྲུབ་ཀྱི་དོན་དུ་ཐ་ན་རང་གི་མགོ་བོའང་སྦྱིན་སྲེག་དུ་མཆོད་པར་ནུས་པའི་ཆོད་སེམས་སོགས་སྣང་བརྙན་ལྡན་པའི་སྒོ་ནས་བྲིས་ཡོད།
གཉིས། ང་རྒྱལ་ཁེངས་དྲེག་ཆེ་བའི་སྐོར།
དེ་ཡང་ལྷ་དབང་ཕྱུག་ཆེན་པོས་འབོད་སྒྲོག་ལ་དངོས་གྲུབ་མ་བྱིན་པས་ཁོང་གི་ཚབ་ལ་ལྷ་མོ་ཨུ་མ་འཆི་བ་མེད་པའི་དངོས་གྲུབ་གནང་བར་སླེབས་པ་ན་སྲིན་རྗེ་འབོད་སྒྲོག་གིས་ནི“རབ་ཏུ་ཁེངས་པའི་སྒྲ་དབྱངས་ཅན། །གླང་བོ་ལག་མང་ང་རྒྱལ་བྱེད། །སྦྲང་རྩིས་མྱོས་པའི་རྐང་དྲུག་པ། །མེ་ཏོག་ལ་ཡང་མདུང་དག་བསྣུན། །མགྲིན་བཅུ་ངང་བའི་བུ་མོ་ནི། །རིག་བྱེད་གདོང་གི་པད་ཚལ་དུ། །མངོན་པར་དཀར་བར་འདོད་པ་སྟེ། །གཡོ་སྒྱུའི་མུན་པ་སུ་ཞིག་འཇུག །”ཅེས་ལྷ་དབང་ཕྱུག་ཁོ་ན་ལས་མ་གཏོགས་དངོས་གྲུབ་མི་ལེན་པའི་ཚུལ་དེ་ཁེངས་དྲེག་དང་ང་རྒྱལ་གྱི་གཏམ་གྱི་སྦྱོར་བ་ལ་བརྟེན་ནས་བརྗོད་ཡོད་ལ། ལྷ་མོ་ཨུ་མ་ལ་བརྙས་བཅོས་ཀྱི་གཏམ་ཡ་ང་བ་བརྗོད་དེ་ཨུ་མ་ཁོངས་ཁྲོ་ལངས་དུ་བཅུག་པ་རེད། འབོད་སྒྲོག་གིས་ཨུ་མ་ལ་བརྙས་པའི་ཚུལ་དེ་སྦྲང་རྩིས་ཡིད་མྱོས་པའི་བུང་བ་ཡིས་རང་ལ་སྦྲང་རྩི་སྟེར་བའི་མེ་ཏོག་ལ་ཡང་མདུང་བུ་བསྣུན་པའི་དཔེ་ལ་སྦྱར་ནས་བརྗོད་ཡོད། འདིར་གཟུགས་ཅན་གྱི་རྒྱན་དང་བསྡུས་བརྗོད་ཀྱི་རྒྱན་གྱི་ཐབས་སྤྱད་ཡོད་ནས་ཁོའི་ང་རྒྱལ་ཁེངས་དྲེག་གི་སྣང་བརྙན་གསར་སློང་བྱས་ཡོད།
ཡང་འབོད་སྒྲོག་གིས་འཆི་བ་མེད་པའི་དངོས་གྲུབ་འདོད་དེ་སྔར་ལྟར་ཉིན་མཚན་མེད་པར་མེ་མཆོད་རྒྱ་ཆེར་བཤམས་པ་ན་ལྷ་ཆེན་དབང་ཕྱུག་ནི་འདུག་མ་བཟོད་པར། རང་གི་སྲས་སྤྲེའུ་མིག་གསུམ་ཅན་དེ་དངོས་གྲུབ་གནང་བར་མངགས་པ་ན“དེ་ཚེ་སྤྲེའུ་མིག་གསུམ་ཅན། །འདི་ནི་གྲུབ་པའི་གེགས་ཡིན་ཞེས། །ཡུངས་དཀར་རྡོ་རྗེ་རྡོ་ཚོགས་དང་། །ཧཱུ་ཕཊ་འབྲུག་སྒྲས་རི་ཀླུང་བཀང་། །གཉིད་འོས་བྱིས་པའི་ཁ་ནང་དུ། །མ་ཡི་ནུ་སོར་ཞུགས་པ་གང་། །སོ་རྣོན་སྟ་རེའི་འཇུག་པ་ནི། །རང་གཞན་གཉིས་ཀ་ཕུང་བྱེད་དོ། །”ཞེས་འབོད་སྒྲོག་གིས་སྤྲེའུ་མིག་གསུམ་ཅན་མཐོང་བ་ན་དེ་ནི་རང་གིས་གྲུབ་སྒྲུབ་པའི་གེགས་ཡིན་པར་བསམ་ནས་སེར་བ་དྲག་པོ་འབབ་ཏུ་བཅུག་པ་དང་དྲག་སྔགས་ཧཱུ་ཕཊ་ཀྱི་འབྲུག་སྒྲ་དྲག་པོས་རི་ཀླུང་ཐམས་ཅད་བཀང་པར་བྱས། ཁོའི་ཤུན་ཏུ་མ་རུང་བའི་བསམ་པའི་འཆར་སྒོ་དང་སྤྱོད་པ་དེ་ནི་རང་གཞན་གཉིས་ཀ་འཕུང་བའི་རྒྱུ་ཡིན་ཏེ། དེ་བྱིས་པའི་ཁ་ནང་དུ་ནུ་ཞོ་ཞུགས་པ་ན་སོ་ཕྲེང་གིས་ནུ་མ་བཅད་ནས་རང་གཞན་གཉིས་ཀ་ཕུང་བར་བྱས་པའི་དཔེ་ལ་སྦྱར་ནས་བསྟན་ཡོད། གཟུགས་ཅན་གྱི་རྒྱན་དང་ཟླ་བོ་དངོས་པོའི་དཔེ་སོགས་བཀོལ་ཡོད།
འདིར་རྩོམ་པ་པོས་གཟུགས་ཅན་གྱི་རྒྱན་དང་བསྡུས་བརྗོད་ཀྱི་རྒྱན་སོགས་སྤྱད་ནས་སྲིན་རྗེ་འབོད་སྒྲོག་གི་སྐད་ཆ་དང་སེམས་ཁམས། བྱ་སྤྱོད་གསུམ་སྣང་བརྙན་ལྡན་པའི་ཞིབ་འབྲི་བྱས་ཡོད་ལ། ཁོའི་སྐད་ཆ་བཤད་པའི་ཉམས་འགྱུར་དང་སེམས་ཁམས་ཀྱི་འགྱུར་ལྡོག བྱ་སྤྱོད་ཀྱི་ཚུལ་ལ་བརྟེན་ནས་གཞན་ལ་བརྩི་བཀུར་བྱེད་མི་ཤེས་ཤིང་། ང་རྒྱལ་དང་ཁེངས་དྲེག་གིས་ཁེངས་པའི་རང་གཤིས་དང་སྣང་བརྙན་དེ་ལེགས་པར་གསར་སློང་བྱས་ཡོད།
གསུམ། འདོད་སྲེད་ཤིན་ཏུ་ཆེ་བའི་སྐོར།
དེ་ཡང་སྲིན་པོའི་རྒྱལ་པོ་འབོད་སྒྲོག་གིས་སི་ཏཱའི་མཛེས་པ་འཇིག་རྟེན་ན་དཔེ་ཟླ་མེད་ཚུལ་ཐོས་དུས“དེ་ཐོས་མགྲིན་བཅུའི་སྙིང་ལ་ནི། །ཆགས་པའི་དུག་མདའ་དམ་པོས་ཟིན། །དྲང་སྲོང་གིས་ནི་དམོད་པ་བཞིན། །རང་ཉིད་དུད་འགྲོའི་གཟུགས་སུ་བྱས། །དགའ་བ་བྱེད་ཀྱི་སྐྱེད་ཚལ་བཅོམ། །འདམ་བུའི་ཚལ་རྣམས་ནི་གླང་པོས་བཞིན། །”ཞེས་པ་བཞིན་ཁོས་སི་ཏཱའི་མིང་དང་སི་ཏཱ་མཛེས་པའི་ཚུལ་གྱི་གཏམ་མི་གཞན་ལས་ཐོས་པ་ཙམ་གྱིས་སྙིང་ལ་ནི་འདོད་པར་ཆགས་པའི་དུག་མདའ་དམ་པོ་མི་སུས་ཀྱང་འབྱིན་མི་ནུས་པ་ཕོག་པ་རེད། འདིར་འབོད་སྒྲོག་གི་འདོད་ཆགས་དེ་དུག་མདའི་གཟུགས་བཀོད་ཡོད། དེ་ནས་སྲིན་རྗེ་ཁོ་རང་སི་ཏཱ་དང་ཉེ་བར་བཅར་བའི་སླད་དུ་དུད་འགྲོ་རི་དྭགས་སྟོབས་དང་ལྡན་པ་ཞིག་ཏུ་སྤྲུལ་ནས་རྒྱལ་པོ་རཱ་མ་ཎ་སོགས་གནས་པའི་གནས་ཚུལ་དེ་ལ་སོང་ནས་སྐྱེད་མོས་ཚལ་བཅོམ་པ་རེད། འདིར་སྲིན་རྗེས་སི་ཏཱ་མཛེས་པའི་གཏམ་ཐོས་པ་ཙམ་གྱིས་མོ་ལ་ཆགས་པ་དང་མོ་དང་ཉེ་བར་བཅར་བའི་སླད་དུ་རི་དྭགས་སུ་སྤྲུལ་པ་སོགས་ཡིད་ཀྱི་འགྱུར་བ་དང་ལུས་ཀྱི་སྤྱོད་པ་ཞིབ་འབྲི་བྱས་པ་ལ་བརྟེན་ནས་འདོད་སྲེད་ཤིན་ཏུ་ཆེ་བའི་སྣང་བརྙན་གསར་སློང་བྱས་ཡོད།
ཡང་རྒྱལ་པོ་རཱ་མ་ཎ་རི་དྭགས་འཛིན་པར་སོང་བ་དང་ལ་གྷི་མ་ན་རཱ་མ་ཎ་འཚོལ་བར་སོང་རྗེས་སྲིན་རྗེ་འབོད་སྒྲོག་ནི“རབ་ཏུ་ཆགས་པ་མི་བཟད་པ། །ཆུ་ཡིས་གང་བའི་རིལ་བ་དང་། །སྲེད་པའི་སྲད་བུ་སེ་རལ་ཁར། །འཕྱང་ལྡན་སྲིན་པོའི་དབང་པོ་ནི། །དྲང་སྲོང་གཟུགས་ཅན་ཉེ་དར་འོངས། །དེ་ནི་བཟའ་དང་གཞན་འདོད་ཀྱང་། །ཀུ་བའི་ཕོར་བུ་སྟོང་བ་ཡིས། །ཁ་ཟས་འདོད་པ་གོ་བར་བྱས། །”ཞེས་པ་ནང་བཞིན་གོ་སྐབས་དེ་དང་བསྟུན་ནས་དྲང་སྲོང་སློང་པ་པོ་ཞིག་གི་གཟུགས་སུ་སྤྲུལ་ཏེ་སི་ཏཱ་དང་ཉེ་བར་བཅར། སྐབས་དེར་ཁོས་ལག་ཏུ་ཆུས་ཡོངས་སུ་བཀང་ཡོད་པའི་རིལ་བ་སྤྱི་བླུགས་ཤིག་འཆིང་ཡོད་ལ་ལུས་སྟོད་ལ་སྲེད་བུ་སྟེ་ཚངས་སྐུད་རེ་སལ་དུ་འཕྱང་ཡོད། ཡིན་ནའང་འབོད་སྒྲོག་ནི་སི་ཏཱ་མཛེས་པར་རབ་ཏུ་ཆགས་པའི་དབང་གིས་ཆུ་སྣོད་ནང་གི་ཆུ་ཐམས་ཅད་ཀྱང་འདོད་པ་དྲག་པོ་མི་བཟད་པའི་ཆུ་རུ་གྱུར་འདུག་པ་དང་ལུས་སྟོད་ཀྱི་སྲེད་བུའི་ཚངས་སྐུད་རེ་རེ་ལའང་སྲེད་པ་མངའ་བསྒྱུར་འདུག་ཅེས། ཀུ་བའི་ཕོར་བ་སྟོང་བ་བཟུང་ནས་ཟས་འདོད་པའི་རྣམ་འགྱུར་དང་བརྟུལ་ཞུགས་བཟུང་ཡོད་མོད་དོན་དམ་དུ་ཁོས་ནི་ཁ་ཟས་གཞན་ཏེ་བུད་མེད་ལ་འཁྱུད་པའི་བདེ་བ་ལོངས་སུ་སྤྱོད་འདོད་པ་ཡིན།
འདིར་རྩོམ་པ་པོས་སྒྲོག་འདོགས་དང་གཟུགས་ཅན་གྱི་རྒྱན་སོགས་ལ་བརྟེན་ནས་འབོད་སྒྲོག་ལག་གི་རིལ་བུའི་ཆུ་དང་སྲེད་བུའི་ཚངས་སྐུད་ལའང་ཆགས་པ་སྐྱེས་འདུག་ཚུལ་སྣང་བརྙན་ལྡན་པའི་སྒོ་ནས་ཞིབ་འབྲི་བྱས་ཡོད་ལ། དེའི་ཤུགས་སུ་སྲིན་རྗེ་མགྲིན་པ་བཅུ་བ་ནི་འདོད་སྲེད་ཤིན་ཏུ་ཆེ་བའི་སྣང་བརྙན་དེ་གསར་སློང་བྱས་ཡོད།
བཞི། སྣང་བརྙན་གཞན་དག་གི་སྐོར།
ཡང་སྲིན་པོའི་རྗེ་བོ་མགྲིན་པ་བཅུ་བ་དེས་རང་གི་བྱད་གཟུགས་ངོ་མ་འཇིགས་སུ་རུང་བ་དེ་མི་མཐོང་བར་བྱས་ཏེ་རི་དྭགས་སྟོབས་དང་ལྡན་པ་ཞིག་ཏུ་སྤྲུལ་ནས་སྐྱེད་མོས་ཚལ་དུ་བུ་མོ་སི་ཏཱ་བཙལ་བར་སོང་བ་དང་། རྒྱལ་པོ་རཱ་མ་ཎ་རི་དྭགས་འཛིན་པར་སོང་བ་དང་ལ་གྷི་མ་ན་རཱ་མ་ཎ་འཚོལ་བར་སོང་རྗེས་གོ་སྐབས་དེ་དང་བསྟུན་ནས་སི་ཏཱ་དང་ཉེ་བར་བཅར་པ་དེས་སྲིན་རྗེ་འབོད་སྒྲོག་ནི་གཡོ་སྒྱུའི་ཐབས་ལ་ཧ་ཅང་མཁས་པའི་སྣང་བརྙན་དེ་གསལ་བོར་མཚོན་ཐུབ།
གཞན་སྲིན་རྗེས་འབོད་སྒྲོག་གིས་སི་ཏཱ་འཚོལ་ཆེད་རི་དྭགས་སྟོབས་དང་ལྡན་པ་ཞིག་ཏུ་སྤྲུལ་བ་དང་སི་ཏྰ་དང་ཉེ་བར་བཅར་ཆེད་དྲང་སྲོང་སློང་པ་པོ་ཞིག་ཏུ་སྤྲུལ་བ། མཐར་དཀའ་ངལ་མང་པོ་ལ་མ་འཛེམ་པར་རྫུ་འཕྲུལ་གྱི་སྟོབས་ལ་བརྟེན་ནས་སི་ཏཱ་སྲིན་པོའི་ཡུལ་ཏེ་རྔ་ཡབ་གླིང་དུ་འཁྱེར་བ་སོགས་ཀྱི་དོན་རྐྱེན་གྱི་ཤུགས་ནས་སྲིན་རྒྱལ་མགྲིན་པ་བཅུ་བ་ནི་རྫུ་འཕྲུལ་གྱི་སྟོབས་ཆེན་པོ་དང་ལྡན་པ་ཤེས་ཐུབ།
གོང་གི་སྣང་བརྙན་དེ་གཉིས་གསར་སློང་བྱེད་དུས་རྩོམ་པ་པོས་སྲིན་རྗེ་འབོད་སྒྲོག་གི་བྱ་སྤྱོད་དམ་དོན་དག་དེ་རང་ཁོ་ན་མ་གཏོགས་ཞིབ་འབྲི་བྱས་མེད་མོད། ལན་འགའ་ལ་གཡོ་སྒྱུའི་ཐབས་སྤྱད་པ་དང་ཐེངས་དུ་མ་ལ་རང་ལུས་དེ་རྣམ་པ་གཞན་དུ་སྤྲུལ་བའི་དོན་དག་དེ་དག་རིམ་པ་བཞིན་བཀོད་སྒྲིག་བྱས་པ་དེས་འབོད་སྒྲོག་གི་གཡོ་སྒྱུ་དང་རྫུ་འཕྲུལ་གྱི་སྟོབས་ཆེ་བའི་སྣང་བརྙན་དེ་གསར་སློང་བྱས་ཡོད།
ལྔ། སྡོམ་ཆུང་།
མདོར་ན་རྩོམ་པ་པོ་ཞང་ཞུང་ཆོས་དབང་གྲགས་པས་སྙན་འཇེབས་ཀྱི་ཚིག་གི་སྦྱོར་བ་དང་། དཔེ་རྒྱན་དང་གཟུགས་ཅན་གྱི་རྒྱན། རབ་རྟོག་གི་རྒྱན། ཟློས་བརྗོད་ཀྱི་རྒྱན་སོགས་ཕུན་སུམ་ཚོགས་པའི་ཚིག་སྦྱོར་གྱི་ཡོན་ཏན་ལ་བརྟེན་ནས་སྲིན་པོའི་རྒྱལ་པོ་འབོད་སྒྲོག་གམ་མགྲིན་པ་བཅུ་བའི་སྣང་བརྙན་གསར་སློང་བྱེད་པ་ལ་རབ་འདེགས་བྱས་ཡོད་པར་མ་ཟད། སྲིན་རྗེ་འབོད་སྒྲོག་གི་སྐད་ཆ་བཤད་སྐབས་ཀྱི་ཉམས་འགྱུར་དང་སེམས་ཁམས་ཀྱི་འགྱུར་ལྡོག་དང་དྲན་ཚུལ། བྱ་སྤྱོད་ཀྱི་ཚུལ་འཆོས་ལ་ཞིབ་བྱས་པ་ལ་བརྟེན་ནས་གཞན་ལ་བརྩི་བཀུར་བྱེད་མི་ཤེས་ཤིང་། ང་རྒྱལ་དང་ཁེངས་དྲེག་ཆེ་བ། འདོད་སྲེད་ཤུན་ཏུ་ཆེ་བའི་སྣང་བརྙན་རང་གཤིས་དང་དེ་ང་ཚོའི་མིག་ལམ་དུ་གསལ་བོར་གསར་སློང་བྱས་ཡོད།
ཡང་དོན་དག་རེ་གཉིས་ཀྱི་བྱུང་བ་ཞིབ་འབྲི་བྱེད་པ་དང་མི་སྣའི་ལུས་ཀྱི་ཆ་བྱད་དང་ཆ་བྱད་དེ་ལ་སྒྲོག་བཏགས་ནས་ཤུགས་དང་ཤུགས་སུ་སྲིན་རྗེ་མགྲིན་པ་བཅུ་བ་ནི་འདོད་སྲེད་ཤུན་ཏུ་ཆེ་བའི་སྣང་བརྙན་དེ་གསར་སློང་བྱས་ཡོད་ལ། ཡང་སྐབས་ལ་ལར་རྩོམ་པ་པོས་དོན་དག་གཅིག་གི་བྱུང་བ་ཞིབ་འབྲི་བྱས་པ་ལ་བརྟེན་ནས་མི་སྣ་འབོད་སྒྲོག་གི་སྣང་བརྙན་དུ་མ་གསར་སློང་བྱས་ཡོད། སྐབས་ལ་ལར་དོན་དུ་མའི་བྱུང་བ་རིམ་བཞིན་བཀོད་ནས་མི་སྣའི་སྣང་བརྙན་གཅིག་རྐྱ་གསར་སློང་བྱས་ཡོད།
གཉིས་པ། རྒྱལ་པོ་རཱ་མ་ཎའི་སྣང་བརྙན་གསར་སློང་བྱེད་ལུགས་ཀྱི་སྐོར།
རྒྱལ་པོ་རཱ་མ་ཎ་ནི་སྲིན་པོའི་རྒྱལ་བོ་མགྲིན་པ་བཅུ་བའི་ཁ་གཏད་ཀྱི་མི་སྣ་ཡིན་ལ། གཏམ་རྒྱུད་ཁྲོད་ཀྱི་དྲང་ཕྱོགས་ཀྱི་མི་སྣ་གཙོ་བོ་དེའང་ཡིན། ཁོ་གཉིས་ཀྱི་འགལ་བ་དེ་ནི་གཏམ་རྒྱུད་ཧྲིལ་བོའི་འགལ་བ་གཙོ་བོ་ཡིན་ལ། ཁོ་གཉིས་ཀྱི་སྣང་བརྙན་ཡང་གཏམ་རྒྱུད་ཀྱི་ནང་དོན་ཁག་གལ་ཆེན་དེ་ཡིན། དེ་བས་རཱ་མ་ཎའི་སྣང་བརྙན་གྱིས་གཏམ་རྒྱུད་ཀྱི་བྱུང་རིམ་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ད་ནི་རྩོམ་པ་པོས་རྒྱལ་པོ་རཱ་མ་ཎའི་སྣང་བརྙན་ཇི་ལྟར་གསར་སློང་བྱེད་བྱས་ཡོད་པའི་སྐོར་ལ་ཅུང་བཤད་པར་བྱ།
གཅིག ལང་ཚོའི་གཟི་དཔལ་འབར་བའི་སྐོར།
དེ་ཡང་རྩོམ་པ་པོས་ཐོག་མར་རྒྱལ་པོ་རཱ་མ་ཎ་གཏམ་རྒྱུད་དུ་འདྲེན་དུས་བུ་མོ་སི་ཏཱ་དང་འཕྲད་པའི་གནས་སྐབས་ཡིན་ལ“ལེགས་དཀར་ཤིང་རྟའི་ལེགས་དྲངས་པའི། །རཱ་མ་ཎ་ནི་གཟི་འོད་འབར། །”ཞེས་ཁོ་རང་ཐོག་མར་ཀློག་པ་པོའི་མིག་ལམ་དུ་འཇོག་དུས་རབ་ཏུ་དཀར་པོའི་རྟ་ཕོ་ལ་ཞོན་ཞིང་ལང་ཚོའི་གཟི་འོད་འབར་བའི་ན་གཞོན་ཕོ་རྒོད་ཞིག་གི་སྣང་བརྙན་གསར་སློང་བྱས་ཡོད། སྣང་བརྙན་འདི་གསར་སློང་བྱེད་དུས་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་བཀོལ་ནས་ཐད་ཀར་རྒྱལ་པོ་རཱ་མ་ཎའི་ལང་ཚོའི་ཡོན་ཏན་གྱི་ཆེ་བ་བརྗོད་ཡོད།
ཡང“འདི་ནི་རྒྱལ་པོ་དགའ་བའི་བཞིན། །འཛིན་མའི་མེ་ལོང་ཉིད་འོས་ཞེས། །བསམ་པ་གཅིག་གི་ཞིང་པ་ཡི། །སྐྱེས་བོའི་ཚོགས་ལ་བྱུང་བར་གྱུར། །”ཞེས་ཞིང་པ་རྣམས་ཀྱིས་མཛེས་སྡུག་ཡིད་དུ་འོང་བའི་བུ་མོ་སི་ཏཱ་འདི་ཡི་བཞིན་རས་ཀྱི་མེ་ལོང་ནི་རྒྱལ་པོ་རཱ་མ་ཎ་ཁོ་ན་ལ་མ་གཏོགས་དབང་མི་འོས་པ་རྒྱལ་པོ་ལ་ཡང་ཕུལ་བ་ཡིན། ཅིའི་ཕྱིར་རྒྱལ་པོ་རཱ་མ་ཎ་ཁོ་ན་ལ་མ་གཏོགས་དབང་མི་འོས་པ་ཞེ་ན་རྒྱལ་པོ་ནི་ལང་ཚོའི་གཟི་དཔལ་འབར་བར་མ་ཟད་སི་ཏཱ་དང་འདྲ་བར་གཞོན་ཤ་རྒྱས་ལ་ཡིད་དུ་འོང་བས་ཡིན། འདིར་གཟུགས་ཅན་གྱི་རྒྱན་དང་འོས་པའི་དཔེ་སོགས་སྤྱད་ཡོད་ལ། རྩོམ་པ་པོས་ཞིང་བ་རྣམས་ཀྱི་སྐད་ཆ་དང་སེམས་ཁམས་ཀྱི་འགྱུར་བ། ལུས་ཀྱི་སྤྱོད་ཚུལ་ཞིབ་འབྲི་བྱས་པ་ལ་བརྟེན་ནས་རྒྱལ་པོ་རཱ་མ་ཎའི་ལང་ཚོའི་གཟི་དཔལ་འབར་བའི་སྣང་བརྙན་དེ་གསར་སློང་བྱས་ཡོད།
གཉིས། འདོད་སྲེད་ཆེ་བའི་སྐོར།
དེ་ཡང་རྒྱལ་པོ་རཱ་མ་ཎ་ཁོང་ཡང་འདོད་པའི་ཡོན་ཏན་ཤུན་ཏུ་ཆེ་བ་ཞིག་ཡིན་ཏེ“ལང་ཚོ་དེ་ནི་འཛིན་བྱེད་པའི། །རྒྱལ་པོས་རང་སྲིད་ཕུ་ནུ་ལ། །ཁྱི་ཡིས་ཟས་བཞིན་བྱིན་གྱུར་ཏེ། །འདི་ཡི་མཛེས་པ་གཞན་དག་གིས། །མིག་གིས་མཐོང་ན་མི་རུང་ཞེས། །སེམས་ཤིང་སེམས་ཤིང་ནགས་སུ་སོང་། །” ཞེས་བུ་མོ་སི་ཏཱའི་མཛེས་ཡིད་དུ་འོང་བ་དེ་ལ་སྐད་ཅིག་ཉིད་ལའང་འབྲལ་མི་ཕོད་པར་འཛིན་ཅིང་ལོངས་སྤྱོད་བྱེད་པར་འདོད་ནས། རྒྱལ་པོ་རཱ་མ་ཎས་རྒྱལ་སྲིད་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་འགན་འཁུར་ཆེན་པོ་དེ། ནུ་བོ་ལ་གྷུ་མ་ན་ལ་རུས་པ་དང་ཕྱི་ས་སོགས་ཁྱི་ཡི་ཁ་ཟས་སུ་སྟེར་བ་བཞིན་དུ་ཐེ་ཚོམ་མེད་པར་བྱིན་རྗེས། སི་ཏཱ་དང་འགྲོགས་ནས་དབེན་པའི་གནས་ཁྲོད་དུ་སོང་བ་རེད། འདིར་དཔེ་རྒྱན་དང་རང་བཞིན་བརྗོད་པའི་ཐབས་སྤྱད་ཡོད།
རྩོམ་པ་པོས་འདིར་གཙོ་བོ་མི་སྣའི་སེམས་ཀྱི་འཁྱེར་སོ་དང་ལུས་ཀྱི་རྣམ་འགྱུར་ཞིབ་འབྲི་བྱས་ཡོད་དེ། རྒྱལ་པོ་རཱ་མ་ཎས་སི་ཏཱའི་ཡིད་དུ་འོང་བའི་མཛེས་སྡུག་དེ་དང་མི་འབྲལ་བའི་ཆེད་དུ་ཐ་ན་རང་གི་རྒྱལ་སྲིད་ཀྱང་དོར་ནུས་པ་དོན་དག་དེ་དང་། རྒྱལ་སྲིད་ནུ་བོ་ལ་སྟེར་བའི་དུས་སུ་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་བྱུང་རིམ་ཕྲ་མོ་དེ་ཞིབ་འབྲི་བྱས་པ་ལ་བརྟེན་ནས་རྒྱལ་པོ་རཱ་མ་ཎ་ནི་འདོད་སྲེད་ཆེ་བའི་སྣང་བརྙན་དེ་གསར་སློང་བྱས་ཡོད།
ཡང“འགྲོ་བློ་རྨོངས་པའི་འདམ་རབ་ཏུ། །མདོག་ལེགས་དུག་གི་མེ་ཏོག་བྱུང་། །མཛེས་སྡུག་ལ་ཆགས་སྦྲང་རྩི་དེ། །བུང་བའི་རི་འཛིན་ཉམས་བྱེད་དེ། །རི་བོང་མཛན་མ་དེ་བཟུང་ནས། །ཟླ་བ་བདག་གིས་ཉི་མ་ཡིས། །རྒྱལ་ས་ལ་སྲེད་དོར་བྱས་ཏེ། །དཀའ་ཐུབ་མཁའ་ཡི་གནས་སུ་འོངས། །”ཞེས་ཤོ་ལོ་ཤ་འདིར་ཚིག་འགྲེལ་ཐུང་ངུ་ཞིག་བྱས་ན་འདི་ལྟ་སྟེ། ལེགས་ཀྱི་བླང་དོར་གྱི་ཆ་ལ་རྨོངས་པའི་འགྲོ་བ་རྟུལ་བོ་དག་གི་འདབ་རྫུབ་མཆོག་ཏུ་གྱུར་བ་དེར་ཁ་དོག་ཤིན་ཏུ་ལེགས་པའི་དུག་གི་མེ་ཏོག་ཅིག་འཁྲུངས་ཤིང་། བླུན་པོ་དང་སྦྲང་མ་རྣམས་ཀྱིས་མེ་ཏོག་གི་ཁ་དོག་འཛིན་པ་ཙམ་ལས་མེ་ཏོག་ལ་དུག་ཡོད་མེད་མི་ཤེས་པས་མཐར་རང་གི་རོ་འཛིན་ཏེ་ལྕེའི་དབང་བོ་ཉམས་པར་བྱས་པ་རེད། དེ་བཞིན་དུ་རི་བོང་མཚན་མ་ཡིད་དུ་འོང་བ་དེ་ཉིད་བདག་གིར་བཟུང་ནས། ཟླ་བ་བདག་གིས་ནི་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཉི་མའི་རྒྱལ་ས་ཆེན་པོ་དེའང་དོར་ཏེ་དཀའ་ཐུབ་པའི་བསྟི་གནས་ཀྱི་གནས་སུ་སོང་བ་ཡིན།
གོང་གི་ཤོ་ལོ་འདིར་གསོན་ཉམས་ལྡན་པའི་དཔེ་དང་ཟློས་བརྗོད་ཀྱི་ཐབས་ལ་བརྟེན་ནས་རྒྱལ་པོ་རཱ་མ་ཎ་སི་ཏཱའི་མཛེས་པ་ཡིད་དུ་འོང་བ་ལ་ཆགས་ནས་རྒྱལ་སྲིད་ཀྱི་དཔལ་དོར་བའི་ཚུལ་དེ་བརྗོད་ཡོད་དེ། རྒྱལ་པོ་རཱ་མ་ཎ་ནི་འགྲོ་བློ་རྨོངས་པའི་མི་རྣམས་དང་སྦྲང་རྩི་ལ་མྱོས་པའི་བུང་བ། ཟླ་བ་བཅས་ཀྱི་གི་དཔེ་རུ་བཀོད་ཡོད་ལ། སི་ཏཱ་ནི་དུག་གི་མེ་ཏོག་དང་རི་བོང་མཚན་མའི་དཔེ་རུ་བཀོད་ཡོད།
འདིར་རྩོམ་པ་པོས་སྔོན་དུས་ཀྱི་གཏམ་རྒྱུད་དང་གསོན་ཉམས་ལྡན་པའི་དཔེའི་འགོད་ལུགས། ཟློས་བརྗོད་ཀྱི་རྒྱན་གྱི་འབྲི་ཐབས་སོགས་ལ་བརྟེན་ནས་རྒྱལ་པོ་རཱ་མ་ཎའི་འདོད་སྲེད་ཆེ་བའི་སྣང་བརྙན་དེ་གསར་སློང་བྱས་ཡོད།
གསུམ། གཞུང་རྒྱུད་བཟང་ཞིང་རང་གཤིས་བརྟན་པའི་སྐོར།
དེ་ཡང་རྒྱལ་པོ་རཱ་མ་ཎ་ནི་གཞུང་རྒྱུད་བཟང་ཞིང་རང་གཤིས་ཤིན་ཏུ་བརྟན་པོ་ཡིན་ཏེ“ཆུང་མའི་ཚིག་གི་རྟ་དམར་ཅན། །དུས་མཐའི་རླུང་འདྲས་གཡོས་པ་དེས། །ཁྲོས་ཀྱང་གཞུང་བཟང་མ་བཏང་བས། །རྟ་གདོང་མེ་དང་མཚུངས་པ་ཡི། །འོབས་ཀྱི་ར་བའི་འོད་ཆེན་ནི། །ལ་གྷུ་ན་དང་མནའ་མ་བཅས། །དགྲ་བོའི་མུན་པ་སེལ་ཕྱིར་བྱས། །”ཞེས་རང་གི་ཆུང་མ་སྟེ་རོལ་རྙེད་མའམ་སི་ཏཱའི་ཅོ་འདྲིའི་ཚིག་ནི་རྟ་དམར་ཅན་ཏེ་རླུང་དང་འདྲ་བར་མ་ཟད། རླུང་དྲག་པོ་དེ་ནི་དུས་མཐའི་བསྐལ་བའི་འཐོར་རླུང་དང་གཉིས་སུ་མེད་པས། ཚིག་གི་རླུང་དེས་ཡིད་སེམས་ཆེས་ཆེར་གཡོས་པ་ན་རྒྱལ་པོ་རཱ་མ་ཎ་ནི་ཤིན་ཏུ་ཁྲོས་མོད། ཇི་འདྲ་ཁྲོས་ཀྱང་ཕྱི་ཐག་རིང་བོའི་ཡ་རབས་ཀྱི་གཞུང་བཟང་དེ་སྔར་ལྟར་མ་བཏང་བར་ཆུང་མ་དང་གཅུང་བོ་གཉིས་ཀྱི་མཐའ་ལ་སྐོར་རི་མོ་ཟླུམ་པོ་ཞིག་བྲིས་པ་དང་། རི་མོ་དེ་ལ་མེ་ཡི་འོད་དང་མཚུངས་པའི་བྱིན་བརླབས་ཅན་གྱི་འོད་ཟེར་འབར་དུ་བཅུག་ནས་སི་ཏྰ་དང་ལ་གྷི་མ་ན་གཉིས་ལ་དགྲ་བོས་གནོད་པའི་སེལ་བ་རེད།
འདིར་ཆུང་མ་སི་ཏཱས་ཚིག་རྩུབ་ཀྱི་དུག་མདའ་འཕང་བ་དང་མཚང་འབྲུ་བ། བརྙས་བཅོས་ཀྱི་ཚིག་སྣ་ཚོགས་སྨྲས་དེ་དུག་མདའ་དང་དུས་མཐའི་རླུང་གི་དཔེ་རུ་བཀོད་ཡོད་ལ། ཁོ་ནི་ཁོང་ཁྲོ་ལངས་ནའང་སྔར་བཞིན་གཞུང་བཟང་གི་བརྟུལ་ཞུགས་འཛིན་པ་དང་སི་ཏཱས་བཤད་པ་ནང་བཞིན་རི་དྭགས་འཚོལ་དུ་སོང་ལ། འགྲོ་དུས་སི་ཏཱ་དང་ལ་གྷི་མ་ནའི་མཐའ་རུ་མེ་ཡི་རི་མོ་ཟླུམ་པོ་བྲིས་རྗེས་ད་བཟོད་སོང་ཡིན།
རྩོམ་པ་པོས་ཆུང་མ་སི་ཏཱས་ཚིག་རྩུབ་དྲག་པོ་སྨྲས་པ་དཔེ་ཡི་སྒོ་ནས་མཚོན་པའི་ཤུགས་དང་ཁོང་ཁྲོ་ལངས་ནའང་སྔར་བཞིན་བཟོད་སྒོམ་བྱེད་པའི་རྣམ་འགྱུར། རང་ཉིད་འགྲོ་དུས་ཀྱང་ཆུང་མ་དང་ནུ་བོའི་བདེ་འཇགས་མི་བརྗེད་པའི་བསམ་པའི་འཆར་སྒོ་སོགས་ཞིབ་བརྗོད་བྱས་པ་ལ་བརྟེན་ནས་རྒྱལ་པོ་རཱ་མ་ཎའི་གཞུང་རྒྱུད་བཟང་ཞིང་རང་གཤིས་བརྟན་པའི་སྣང་བརྙན་དེ་གསར་སློང་བྱས་ཡོད།
བཞི། སྡོམ་ཆུང་།
མདོར་ན་རྩོམ་པ་པོ་ཞང་ཞུང་ཆོས་དབང་གྲགས་པས་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་དང་མི་གཞན་སྐད་ཆ་དང་སེམས་ཁམས་ཀྱི་འགྱུར་བ། ལུས་ཀྱི་སྤྱོད་ཚུལ་སོགས་ཞིབ་འབྲི་བྱས་པ་ལ་བརྟེན་ནས་རྒྱལ་པོ་རཱ་མ་ཎའི་ལང་ཚོའི་གཟི་དཔལ་འབར་བའི་སྣང་བརྙན་དེ་གསར་སློང་བྱས་ཡོད་ལ། མི་སྣའི་སེམས་ཀྱི་འཁྱེར་སོ་དང་ལུས་ཀྱི་རྣམ་འགྱུར་ཞིབ་འབྲི་བྱེད་པ་དང་སྔོན་དུས་ཀྱི་གཏམ་རྒྱུད། གསོན་ཉམས་ལྡན་པའི་དཔེའི་འགོད་ལུགས་དང་ཟློས་བརྗོད་ཀྱི་རྒྱན་སོགས་བཀོལ་ནས་རྒྱལ་པོ་རཱ་མ་ཎའི་འདོད་སྲེད་ཆེ་བའི་སྣང་བརྙན་དེ་གསར་སློང་བྱས་ཡོད། རྒྱལ་པོ་ཁོ་རང་གི་བསམ་པའི་འཆར་སྒོ་སོགས་ཞིབ་བརྗོད་དང་ལུས་སེམས་གྱི་འགྱུར་བ་ཞིབ་འབྲི་བྱསཔ་བརྟེན་ནས་རྒྱལ་པོ་རཱ་མ་ཎའི་གཞུང་རྒྱུད་བཟང་ཞིང་རང་གཤིས་བརྟན་པའི་སྣང་བརྙན་དེ་གསར་སློང་བྱས་ཡོད།
གསུམ་པ། བུ་མོ་སི་ཏཱའི་སྣང་བརྙན་གྱི་སྐོར།
བུ་མོ་སི་ཏཱ་ནི་གཏམ་རྒྱུད་ཧྲིལ་བོའི་ཁུངས་སྣེ་གཙོ་བོ་དེ་ཡིན་ལ། གཏམ་རྒྱུད་ཀྱི་བྱུང་རིམ་དང་འཕེལ་རྒྱས། མཐོ་རླབས་སོགས་གང་གི་སྐབས་ལ་མཚོན་ནའང་སི་ཏཱའི་གཟུགས་བརྙན་མཐོང་ཐུབ་པར་མ་ཟད། རྒྱལ་པོ་རཱ་མ་ཎའི་དང་དང་སྲིན་རྗེ་འབོད་སྒྲོག་གི་དར་དུ་འགལ་བ་འབྱུང་རྐྱེན་གཙོ་བོ་དེའང་ཡིན་ལ། སི་ཏཱ་ནི་མི་སྣ་གཙོ་བོ་དེ་གཉིས་ལ་འབྲེལ་བ་དམ་པོ་ཡོད། ད་ནི་ང་ཚོས་རྩོམ་པ་པོས་བུ་མོ་སི་ཏཱའི་སྣང་བརྙན་ཅི་ལྟར་གསར་སློང་བྱས་ཡོད་པའི་སྐོར་ལ་ཅུང་ཙམ་དཔྱད་པར་བྱ།
གཅིག བྱད་གཟུགས་ཀྱི་མཛེས་པ་རྨད་དུ་བྱུང་བའི་སྐོར།
སི་ཏཱ་ལ་མཚོན་ན་བྱད་གཟུགས་ཀྱི་མཛེས་པ་ནི་ཁོ་མོའི་ཆེས་རྨད་དུ་བྱུང་བའི་ཡོན་ཏན་ཡིན་ཏེ་“དེ་ལུས་གསེར་གྱི་རྒྱལ་མཚན་གྱིས། །རྒྱལ་པོའི་ཕོ་བྲང་མཛེས་པ་སྟེ། །སྙན་གྲགས་རིན་ཆེན་རྣ་རྒྱན་ནོ། །”ཞེས་པ་ལས་ཀྱང་རིན་པོ་ཆེ་ལས་གྲུབ་པའི་ཁང་བཟང་གི་རྩེ་མོར་གསེར་གྱི་རྒྱལ་མཚན་བཙུགས་ན་ཁང་བཟང་དེ་སྔར་ལས་མཛེས་པ་ནང་བཞིན། བུ་མོ་སི་ཏཱའི་ལང་ཚོའི་མཛེས་སྡུག་གི་གཟི་དཔལ་དེས་རྒྱལ་པོའི་ཕོ་དྲང་ཡིད་དུ་འོང་བ་དེ་སྔར་ལས་ཀྱང་མཛེས་པར་ཞེས་གསོན་ལྡན་པའི་དཔེ་ལ་སྦྱར་ནས་སི་ཏཱའི་བྱད་གཟུགས་ཀྱི་མཛེས་པ་ལ་བསྟོད་བསྔགས་བྱས་ཡོད།
འདིར་རྩོམ་པ་པོས་སི་ཏཱའི་ལུས་དེ་གསེར་གྱི་རྒྱལ་མཚན་གྱི་གཟུགས་སུ་བཀོད་ཡོད་ལ། ཁོ་མོའི་བྱད་གཟུགས་ཀྱི་མཛེས་པའི་སྙན་གྲགས་དེ་རིན་ཆེན་རྣ་རྒྱན་གྱི་གཟུགས་སུ་བཀོད་ཡོད། སྙན་འཇེབས་ཀྱི་ཚིག་གི་སྦྱོར་བ་དང་གཟུགས་རྒྱན་གྱི་ཐབས་སྤྱད་ནས་སི་ཏཱ་མཛེས་པ་ལ་བསྟོད་བསྔགས་བྱེད་པའི་ཞོར་ལ་ཁོ་མོའི་བྱད་གཟུགས་ཀྱི་མཛེས་པ་རྨད་དུ་བྱུང་བའི་སྣང་བརྙན་དེ་གསར་སློང་བྱས་ཡོད།
ཡང“སྐྱེ་རྒུའི་རིགས་སྔགས་མཁན་དེ་རྣམས། །སི་ཏཱའི་མིང་གི་བཟླས་བརྗོད་ཀྱིས། །འགྲམ་པ་རུས་པའི་འཕྲུལ་འཁོར་ནི། །དྲལ་བ་ནུ་མའི་ངོས་སུ་འཕྱང་། །”ཞེས་སི་ཏཱས་མཛེས་བ་དེ་ཐོས་རྗེས་དྲང་སྲོང་ཆེན་པོ་རྣམས་ཀྱིས་ཀྱང་སྔགས་ཟློས་བརྗོད་མི་བྱེད་པར་ཁོ་མོའི་མིང་དེ་སྔགས་ལ་དྲངས་ཏེ་སི་ཏཱ་སི་ཏཱ་ཞེས་ཡང་ཡང་བཟླས་ནས་བརྗོད་པ་ན་འགྲམ་པ་རུས་པའི་འཕྲུལ་འཁོར་ན་དྲལ་ཏེ་སོ་སོའི་བྲང་ངོས་ལ་འཕྱང་འདུག་ཅེས་ཤུགས་ན་ཁོ་མོའི་མཛེས་པ་ནི་རྨད་དུ་བྱུང་བ་ཡིན་པ་བརྗོད་ཡོད།
འདིར་རྩོམ་པ་པོས་བསྡུས་པའི་གཟུགས་ཅན་གྱི་རྒྱན་དང་འུད་བརྗོད་ཀྱི་འབྲི་ཐབས་སོགས་སྤྱད་ཡོད་ལ། དཔེ་དྲངས་པ་ལ་ཧ་ཅང་གསོན་ཉམས་ལྡན། བསྔགས་མཁན་རྣམས་ཀྱིས་སི་ཏཱའི་མིང་བཟླས་པའི་བྱ་སྤྱོད་དེ་དང་འགྲམ་པ་རུས་པའི་འཕྲུལ་འཁོར་ལྷུང་བའི་དོན་དག་དེ་བརྒྱུད་ནས་སི་ཏཱའི་བྱད་གཟུགས་ཀྱི་མཛེས་པ་རྨད་དུ་བྱུང་བའི་སྣང་བརྙན་དེ་གསར་སློང་བྱས་ཡོད། གཞན་ཡང་རྒྱལ་པོ་རཱ་མ་ཎ་དང་སྲིན་རྗེ་འབོད་གཉིས་སི་ཏཱ་ལ་རབ་ཏུ་ཆགས་པའི་ཚུལ་ཐེངས་མང་པོར་བརྗོད་པ་དེས་ཀྱང་ཁོ་མོའི་བྱད་གཟུགས་ཀྱི་མཛེས་པ་རྨད་དུ་བྱུང་བའི་སྣང་བརྙན་དེ་གསར་སློང་བྱེད་པར་རབ་འདེགས་ཆེན་པོ་བྱས་ཡོད།
གཉིས། རང་གཤིས་རྩུབ་པའི་སྐོར།
སི་ཏཱ་ལ་བྱད་གཟུགས་ཀྱི་མཛེས་པ་རྨད་དུ་བྱུང་བ་ཡོད་མོད་ཚིག་རྩུབ་ཀྱི་མདའ་མོ་འཕེན་པར་མཁས་པ་ཞིག་ཀྱང་ཡིན་ཏེ“རོ་འཛིན་གློག་གི་གཞུ་ལས་ནི། །ས་སྐྱོང་རི་དྭགས་འདི་ཟུངས་ཞེས། །ཏོག་སྒྲ་དང་བཅས་གནམ་ལྕགས་ཀྱིས། །བདག་པོའི་སྒྲ་འཛིན་ཅི་ཡང་བཀྲུགས། །”ཞེས་པ་ལྟར་སྲིན་པོའི་རྒྱལ་པོ་འབོད་སྒྲོག་དེ་རི་དྭགས་ཤིག་ལ་སྤྲུལ་ནས་ནགས་ཚལ་དེར་ཡོང་དུས། ཁོ་མོ་ནི་སྙིང་ལ་གདོན་ཞུགས་པ་དང་འདྲ་བར་ཚིག་རྩུབ་ཀྱི་མདའ་མོ་འཕངས་ཏེ་རྒྱལ་པོ་རཱ་མ་ཎར་མྱུར་དུ་རི་དྭགས་དེ་བཟུང་ཤོག་ཟེར།
འདིར་སི་ཏཱའི་རོ་འཛིན་ཏེ་ལྕེ་དེ་གློག་གི་གཞུ་ཡི་གཟུགས་སུ་བཀོད་ཡོད་ལ། ཁོ་མོའི་སྐད་དེ་གནམ་ལྕག་ཐོག་གི་གཟུགས་སུ་བཀོད་ཡོད། འདིར་སྒྲོ་འདོགས་ཀྱི་རྣམ་པའི་སྒོ་ནས་སི་ཏཱ་ཚིག་རྩུབ་སྨྲ་བར་མཁས་པ་བརྗོད་ཡོད་ལ། རྩོམ་པ་པོས་ཁོ་མོའི་ཚིག་རྩུབ་སྨྲ་བའི་རྣམ་འགྱུར་དང་སྤྱོད་པ་ལ་བརྟེན་ནས་རང་གཤིས་རྩུབ་པའི་སྣང་བརྙན་དེ་གསར་སློང་བྱས་ཡོད།
ཡང“ཀྭ་ཡེ་ཉོན་ཅིག་ས་འདི་ལ། །གདུགས་དཀར་གཅིག་གིས་ཁྱབ་པ་ཡང་། །དོར་ན་དབང་ཕྱུག་སྐྲ་ཕྲེང་ནི། །བསྲུང་ན་ནམ་མཁའ་ལྷོད་པའོ། །”ཞེས་པ་འདིར་སི་ཏཱའི་སྐད་ཆ་ཞིབ་འབྲི་བྱས་ནས་ཁོ་མོ་ཁོང་ཁྲོ་ལངས་པའི་ཚུལ་བརྗོད་ཡོད། “ཞེ་སྡང་ཆུ་ཡིས་ཁྱེར་བ་དེ་། །ཚིག་གི་ཆུ་བར་མི་འདོད་དེ། །སོས་ཀའི་ཚ་བས་གདུང་བ་ནི། །མེ་ཡི་འོད་དངའགྲོགས་པ་མིན། །”ཞེས་ཞེ་སྡང་དྲག་པོའི་ཆུ་ཀླུང་གིས་འཁྱེར་བའི་མི་ཞིག་ལ་མཚོན་ན་གཞན་གྱི་ཕན་པའི་ཚིག་གི་ཆུ་ཆར་མི་འདོད་དེ། དཔེར་ན་སོས་ཀའི་དུས་སུ་ཚ་བ་དྲག་པོས་གདུང་བའི་སྐྱེ་བོ་རྣམས་ནི་མེ་ཡི་འོད་དང་འགྲོགས་པ་མིན། འདིར་གཟུགས་རྒྱན་དང་ཟླ་བོ་དངོས་པོའི་དཔེ་སྤྱད་ཡོད།
རྩོམ་པ་པོས་དཔེ་དང་སྦྱར་ནས་ཁོ་མོ་ཞེ་སྡང་ཆེ་བ་དང་ཕན་པའི་ཚིག་ལ་མི་ཉན་པའི་རང་གཤིས་དེ་བྲིས་ཡོད་ལ། ཁོ་མོའི་ཞེ་སྡང་དང་ཁོང་ཁྲོ་ཤིན་ཏུ་ཆེ་བའི་གཤིས་ཀ་བརྟེན་ནས་རང་གཤིས་རྩུབ་པའི་སྣང་བརྙན་དེ་གསར་སློང་བྱས་ཡོད། གཞན་ཁོ་མོས་རྒྱལ་པོའི་གཏམ་ལ་མི་ཉན་པར་ཡང་ནས་བསྐྱར་དུ་རྒྱལ་པོ་རི་དྭགས་འཛིན་པ་ལ་བསྐུལ་བ་དང་། རྒྱལ་བོ་སོང་ཤུལ་དུ་ཨུ་ཚུགས་ཀྱིས་ལ་གྷུ་མ་ན་རྒྱལ་པོ་འཚོལ་དུ་འགྲོ་བར་བཅུག་པ། སྤྲེའུ་མགྲིན་བཟང་ཁོ་མོ་སྐྱོབ་དུ་ཡོང་དུས་རྒྱལ་པོ་རཱ་མ་ཎ་མ་ཡོང་ན་མི་འགྲོ་ཟེར་བ་སོགས་ལས་ཁོ་མོ་ནི་བློ་གྱོང་ཞིང་ཨུ་ཚུགས་ཆེ་བའི་བུད་མེད་བློ་ཐུང་མ་ཞིག་ཡིན་པ་ཤེས་ཐུབ་ལ་དོན་དག་དེ་དག་བརྒྱུད་ནས་ཀྱང་ཁོ་མོའི་རང་གཤིས་རྩུབ་པའི་གཤིས་ཀ་གསར་སློང་བྱེད་པར་རབ་འདེགས་བྱས་ཡོད།
གསུམ། སྡོམ་ཆུང་།
མདོར་ན་རྩོམ་པ་པོ་ཞང་ཞུང་ཆོས་དབང་གྲགས་པས་སྙན་འཇེབས་ཀྱི་ཚིག་གི་སྦྱོར་བ་དང་གཟུགས་རྒྱན་གྱི་ཐབས་སྤྱད་ནས་སི་ཏཱའི་མཛེས་པ་ལ་བསྟོད་བསྔགས་བྱེད་པའི་ཞོར་ལ་ཁོ་མོའི་བྱད་གཟུགས་ཀྱི་མཛེས་པ་རྨད་དུ་བྱུང་བའི་སྣང་བརྙན་དེ་གསར་སློང་བྱས་ཡོད་ལ།བསྔགས་མཁན་རྣམས་ཀྱི་བྱ་སྤྱོད་དང་། རྒྱལ་པོ་རཱ་མ་ཎ་དང་སྲིན་རྗེ་འབོད་གཉིས་སི་ཏཱ་ལ་རབ་ཏུ་ཆགས་པའི་ཚུལ་སོགས་ལ་བརྟེན་ནས་སི་ཏཱའི་བྱད་གཟུགས་ཀྱི་མཛེས་པ་རྨད་དུ་བྱུང་བའི་སྣང་བརྙན་དེ་གསར་སློང་བྱས་ཡོད། སི་ཏཱ་ཚིག་རྩུབ་སྨྲ་བར་མཁས་པ་དང་། ཞེ་སྡང་ཁོང་ཁྲོ་ཆེ་བ་དང་ཕན་པའི་ཚིག་ལ་མི་ཉན་པའི་རང་གཤིས་དེ་བརྒྱུད་ནས་ཁོ་མོའི་རང་གཤིས་རྩུབ་པའི་གཤིས་ཀ་གསར་སློང་བྱས་ཡོད།
མཇུག་བསྡུ་བ།
ཞང་ཞུང་ཆོས་ཆོས་དབང་གྲགས་པའི་རཱ་མ་ཎའི་རྟོགས་བརྗོད་ནི་བོད་དུ་རྒྱ་གར་གྱི་གཏམ་རྒྱུད་གྲགས་ཅན་རཱ་མ་ཎའི་གཏམ་རྒྱུད་དང་འབྲེལ་བའི་བརྩམས་ཆོས་བརྩམས་པ་སྔ་ཤོས་དེ་ཡིན། དེའི་ནང་དུ་གཏམ་རྒྱུད་ཁྲོད་ཀྱི་མི་སྣའི་སྣང་བརྙན་ཞིབ་འབྲི་བྱས་པ་གསོན་ཉམས་ལྡན་དང་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱིས་ཕྱུག་ཡོད་དེ། སྙན་འཇེབས་ཀྱི་ཚིག་གི་སྦྱོར་བ་དང་། དཔེ་རྒྱན་དང་གཟུགས་ཅན་གྱི་རྒྱན། རབ་རྟོག་གི་རྒྱན། ཟློས་བརྗོད་ཀྱི་རྒྱན་སོགས་ཕུན་སུམ་ཚོགས་པའི་ཚིག་སྦྱོར་གྱི་ཡོན་ཏན་ལ་བརྟེན་ནས་མི་སྣའི་སྣང་བརྙན་གསར་སློང་བྱས་ཡོད་ལ། མི་སྣ་གཙོ་ཕལ་གང་རུང་གི་སྐད་ཆ་དང་སེམས་ཁམས་ཀྱི་འགྱུར་བ། ལུས་ཀྱི་སྤྱོད་ཚུལ་སོགས་ཞིབ་འབྲི་བྱས་པ་ལ་བརྟེན་ནས་མི་སྣ་གཙོ་བོའི་སྣང་བརྙན་དེ་གསར་སློང་བྱས་ཡོད།
གཞན་མི་སྣའི་སེམས་ཀྱི་འཁྱེར་སོ་དང་ལུས་ཀྱི་རྣམ་འགྱུར་ཞིབ་འབྲི་བྱེད་པ་དང་། སྔོན་དུས་ཀྱི་གཏམ་རྒྱུད།གསོན་ཉམས་ལྡན་པའི་དཔེའི་འགོད་ལུགས་སོགས་ལ་བརྟེན་ནས་མི་སྣ་གཙོ་བོའི་གཞུང་རྒྱུད་དང་རང་གཤིས་སྐོར་གྱི་སྣང་བརྙན་དེ་གསར་སློང་བྱས་ཡོད། སྐབས་ལ་ལར་དོན་དག་རེ་གཉིས་ཀྱི་བྱུང་བ་ཞིབ་འབྲི་བྱེད་པ་དང་མི་སྣའི་ལུས་ཀྱི་ཆ་བྱད་དང་ཆ་བྱད་དེ་ལ་སྒྲོག་བཏགས་ནས་ཤུགས་དང་ཤུགས་སུ་མི་སྣའི་སྣང་བརྙན་གསར་སློང་བྱས་ཡོད་ལ། སྐབས་ལ་ལར་རྩོམ་པ་པོས་དོན་དག་གཅིག་གི་བྱུང་བ་ཞིབ་འབྲི་བྱས་པ་ལ་བརྟེན་ནས་མི་སྣའི་སྣང་བརྙན་དུ་མ་གསར་སློང་བྱས་ཡོད་པ་དང་།སྐབས་ལ་ལར་དོན་དུ་མའི་བྱུང་བ་རིམ་བཞིན་བཀོད་ནས་མི་སྣའི་སྣང་བརྙན་གཅིག་རྐྱ་དེ་གསར་སློང་བྱས་ཡོད། མདོར་ན་རྩོམ་པ་པོ་ཞང་ཞུང་ཆོས་དབང་གྲགས་པས་རཱ་མ་ཎའི་རྟོགས་བརྗོད་ཁྲོད་དུ་མི་སྣ་སོ་སོའི་སྣང་བརྙན་དེ་གསར་སློང་བྱེད་དུས་དངོས་སུ་འབྲི་བ་དང་ཤུགས་སུ་བརྗོད་པའི་ཐབས་དམ་པ་སྣ་ཚོགས་ཟུང་འབྲེལ་བྱས་ཡོད་དོ། །
ཟུར་བལྟའི་ཡིག་ཆ།
1.ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོ། རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ཀྱི་འགྲེལ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2018ལོའི་ཟླ7པ།
2.ཞོ་ར་པད་མ་དབང་ཆེན་གྱིས་བསྒྱུར། རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད། སྦྲང་ཆར་དུས་དེབ། 2012ལོའི་ཟླ2པ།
3.武晋科,论《罗摩衍那》中苏波那迦形象的双重性,《牡丹》期刊,2016年12期
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།