བྱ་གཞུང་དབྱངས་བྷའི་སྙན་ངག་གསར་པ། ཁུར་མོང་རླུང་ཞོན།

རྩོམ་པ་པོ།:བྱ་གཞུང་དབྱངས་བྷ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-05-07 09:06:23 ཀློག་གྲངས།:
ཁུར་མོང་རླུང་ཞོན།
བྱ་གཞུང་དབྱངས་བྷ།

དཔྱིད་ཟླ་གསུམ་ལ་དཀའ་བས་སྐྱེས་པ་དེ།
དབྱར་ཟླ་གསུམ་ལ་འབད་པས་སྨིན་པ་དེ།
སྟོན་འགོ་མའི་གསེར་མདོག་ཁྲོད།
གཞི་ནས། སྤུ་གཟེང་ངེར་ཕྱོགས་སུ་ཐོན་རྒྱུ་བྱུང་།
འཕུར་མ་ལྡིང་གི་བང་རྩལ་ཅན།
རླུང་བུའི་རྟ་ལ་ས་རྡུལ་གྱི་སྒ་ཆས་སྤྲས་ནས་ཐོན་རྒྱུ་བྱུང་།

ཨ་ཇོ། རླུང་བུར་ཞོན་ནས་འགྲོ་བ་ལ།
རླུང་བུས་ཁྱེར་སོང་མ་གསུངས་ཨང་།

སྐྱེ་ས་ས་གཞིའི་ཕང་བར་བྱས།
སྐྱོད་ས་བར་སྣང་ཁམས་ལ་བྱས།
འགྲོ་འདོད་ཀྱི་སྤུ་སྒྲོ་གཟེང་ངེར་ཡོད།
རླུང་དང་འཕྲད་ན་འགྲོ་མཁན་ཡིན།
ལམ་འབུར་ཀོང་ཙམ་ལ་ཐོགས་པ་མེད།
སྡོད་འདོད་ཀྱི་སྤུ་རྩེ་ལྡེམ་མེར་ཡོད།
བརླན་དང་ཕྲད་ན་སྡོད་མཁན་ཡིན།
ས་གཞི་ཨ་མར་འཐིམ་འདོད་ཡིན།
སྐབས་རེར།
ས་ཐོག་ནས་ཤུགས་ཀྱིས་སྐྱོད་དོན་ནི་བར་སྣང་ལ་འཕུར་བའི་ཆེད་དུ་སྟེ།
སྐབས་རེར།
བར་སྣང་ནས་དལ་བུར་ལྡིང་དོན་ནི་ས་ཐོག་ལ་འབབ་པའི་ཆེད་དུའོ། །

ཨ་ཇོ། ཕུགས་རེ་བསྙེགས་ཏེ་འགྲོ་བ་ལ།
དམིགས་མེད་འཁྱམ་སོང་མ་གསུང་ཨང་།

སྤུ་གཟེང་གཟེང་གི་མདུང་རྩེ་ཕྱི་ལ་གཏད།
སྤུ་གཟེང་གཟེང་གི་མདུང་རྟིང་ནང་ནས་སྦྲེལ།
སྤུ་གཟེང་གཟེང་བརྒྱ་ལ་སྙིང་པོ་གཅིག
འགྲོ་ཟེར་ན་སྙིང་པོ་ཁུར་ནས་འགྲོ།
སྡོད་ཟེར་དུས་སྙིང་པོ་སྲུང་ནས་སྡོད།
འཕུར་ཡང་སྙིང་པོའི་དོན་དུ་འཕུར།
འབབ་ཀྱང་སྙིང་པོའི་ལྗིད་ཀྱིས་འབབ།

ཐོགས་རེག་མེད་པའི་སྟོང་སང་བ།
འཕུར་སའི་བར་སྣང་ལ་མཐའ་དབུས་མེད་པས་སྐྱིད་ཅིག་ཡོད།
འདེགས་མཁན་མེད་པར་བརླིང་ངེ་བ།
འབབ་སའི་ས་གཞི་ལ་ཟུངས་བཅུད་འཕེལ་བས་དྲོད་ཅིག་ཡོད།

ཁྱུ་བསྡེབས་ནས་འགྲོ་མཁན་ཁུར་མོང་མིན།
ཁུར་མོང་ཇག་པ་ཁེར་འགྲོ་འདྲ།
ས་འབར་འབུར་སྒང་ལ་རྗེས་ཤུལ་ཞིག་བཞག་ནས་སོང་ཡོད།
འུར་ཆིལ་ལེར་སྡོད་མཁན་ཁུར་མོང་མིན།
ཁུར་མོང་གསའ་གཟིག་ཁེར་འདུག་འདྲ།
ས་ཀོང་ཀོང་ནང་ལ་གནས་མལ་ཞིག་བཅས་ནས་བསྡད་ཡོད།
རྫ་བུམ་པའི་ནང་ན་ཁུར་མོང་མེད།
ཁུར་མོང་རི་སྤྱང་སྔོན་མོ་འདྲ།
རི་ཐང་ལུང་གསུམ་ན་རྒྱུག་རྒྱུག་འདུར་འདུར་གྱི་ངང་དུ་ཡོད།

ཨ་ཇོ། མེས་པོའི་ཞབས་རྗེས་སྙེག་པ་ལ།
རྩ་བ་མི་འདུག་མ་གསུངས་ཨང་།

ཁུར་མོང་སྐྱ་ལོག་གནམ་གྱི་བུ།
གནམ་སྔོན་པོ་ལ་ལམ་བུ་ཞིག་བཏོད་ཆེད་བུད་འགྲོ།
ཁུར་མོང་སྐྱ་ལོག་ས་ཡི་བུ།
ས་སེར་པོ་ལ་ས་བོན་ཞིག་འཇོག་ཆེད་བུད་འགྲོ།
ཨ་ཇོ། ཨ་ཇོ།
ཨ་ཇོ་རང་སྐྱིད་པའི་མལ་ལ་དལ་དལ་གཟིམས།
ཁུར་མོང་ང་ཕྱོགས་ནས་ཕྱོགས་སུ་བྲེལ་བྲེལ་འགྲོ།

༢༠༢༤ལོའི་ཟླ༡༠ཚེས༡༩ཉིན་ལྷ་སར་གྲུབ།
རྩོམ་ཁུངས། ༢༠༢༥ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།