ལམ་ཕྱེད་ཅིག་ནས་གསར་རྩོམ་གྱི་སྐོར་ཐོལ་བྱུང་དུ་གླེང་བ།
རྩོམ་པ་པོ།:སྐྱབས་ཆེན་བདེ་གྲོལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-11-13 09:40:00
ཀློག་གྲངས།:
གློག་གི་གོམ་འགྲོས།
—ལམ་ཕྱེད་ཅིག་ནས་གསར་རྩོམ་གྱི་སྐོར་ཐོལ་བྱུང་དུ་གླེང་བ།
སྐྱབས་ཆེན་བདེ་གྲོལ།
ཉེ་བའི་ལོ་འདི་དག་ནང་། ང་རང་གཞོན་ནུ་ཞིག་ནས་སྐྱེ་བོ་དར་མ་ཞིག་ཏུ་གྱུར་པ་དང་། ངའི་མིག་མདུན་ནས་འཇིག་རྟེན་འདི་རྣམ་པ་གཞན་དུ་འགྱུར་ཞིང་གཡོ་བར་བྱས།
ང་ཁ་བ་རི་པའི་སྐད་ཡིག་གི་ཁྲོད་དང་། གློག་རྡུལ་གྱི་ཅ་ལག་དང་གླེགས་བམ་སྣ་ཚོགས་ཀྱི་ཁྲོད་དུ་གསོན་ཡོད་པར་མ་ཟད། མིའི་ཅ་ཅོ་དང་འཕྲུལ་འཁོར་གྱི་ལྡིར་སྒྲའི་ཁྲོད་དུ་གསོན་ཡོད།
བྷོར་ཧེ་ཟིའི་སེམས་ནང་གི་གཞལ་ཡས་ཁང་ལྟ་བུ་དང་། ཀློང་ཆེན་པའི་ཐུགས་སུ་མངོན་པའི་རང་བྱུང་ཡེ་ཤེས་ལྟ་བུ། ནཱེ་ཆའི་སེམས་ནང་ནས་འཕགས་མི་མི་ཡུལ་དུ་ཕེབས་པ་ལྟ་བུ། མུ་ར་ཁཱ་མེའི་སྨྱུག་འོག་གི་འདོད་པ་སྤྱད་མི་ཐུབ་པའི་མཚན་མ་ལྟ་བུ། ཁི་རེ་སི་ཋོ་ཧྥུར·ནོ་ལན་གྱི་མིག་ནང་གི་དགུ་ཚིགས་ཀྱི་ཕ་རོལ་ལྟ་བུ་སོགས་དཔེར་བཞག་པས་མི་ཚར་བ་དག་སྟེ། ཐ་སྙད་ཀྱིས་བཟོས་ཀྱང་སྒྱུ་འཕྲུལ་གྱི་རྣམ་པས་སེམས་སུ་ཝ་ལེར་འཆར་བའི་གྲོང་ཁྱེར་གྲུབ་བྱེད་ཀྱི་རྡུལ་དང་བྱེ་མ་དག་དུས་ཚོད་ཀྱི་མཛུབ་བར་ནས་ཤོར་ཏེ་རང་སེམས་སྟོང་བར་ལུས་དུས། ང་ནི་སུ་ཞིག་གིས་བདག་ཏུ་འཛིན་ངེས། ངས་ཀྱང་སུ་ཞིག་བདག་ཏུ་འཛིན་ངེས།
ལོ་མང་པོའི་སྔོན་དུ། གཞུང་ལམ་དང་རྐང་ལམ་ཞེས་པ་སོ་སོར་ཡོད་ཀྱང་དེང་འདིར་གཞུང་ལམ་གྱི་ནང་དུ་རྐང་ལམ་གྲངས་མེད་པས་འཚང་ཁ་རྒྱག
ཆེན་པོ་ནི་ཆུང་བ་གྲངས་མེད་པས་གྲུབ་ནའང་ཆུང་བའི་ནང་དུ་ཆེན་པོ་ཤོང་བ་དང་། བསྐལ་ཆེན་གཅིག་གི་འཇིག་པ་དེ་རྡུལ་ཕྲན་གཅིག་གི་ན་ཚ་དང་འབྲེལ་བ་ཡོད་ན། ངེད་ཅག་ས་གཡོ་ཞིང་མཚོ་འཕྱུར་བར་འཇིགས་དགོས་སམ་ཡང་ན་རང་ལུས་སྲིན་འབུའི་ཚང་ནང་གི་སྲིན་འབུ་གཅིག་གློ་བུར་སྨྱོས་ཏེ་དེས་ལུས་ཀྱི་མཁར་རྫོང་འཇོམས་པར་སྐྲག་དགོས།
ང་དེང་རབས་ཀྱི་སྐྱེས་མ་རྩོམ་པ་པོ་སུའུ་ཧྲན་སན་ཐཱག(Susan Songtag;苏珊·桑塔格)ལགས་ཀྱིས་རྩོམ་རིག་གི་སྐོར་གླེང་སྐབས་ཆེད་དུ་བཟོས་པའི་བརྡ་ཆད“བརྗོད་པའི་སྐྱིད་སྣང”ལྟ་བུར་དགའ་བོ་ཡོད་ལ། རི་མོ་མཁན་ཞིག་གིས་ཚེ་སྲོག་གི་ཁ་དོག་ནི་སྔོན་པོ་ཡིན་པ་དང་དེ་ནི་རྒྱ་མཚོའི་ཁ་དོག་ལྟ་བུ་ཞིག་ཡིན་འོས་མོད་དེ་ངོ་མ་ནི་འདི་འདྲ་ཞིག་རེད་ཅེས་ཁོ་རང་གིས་སྔོན་པོ་བྱེ་བྲག་པ་ཞིག་སྒྱུ་རྩལ་བརྩམས་ཆོས་ཀྱི་རྣམ་པས་ཀུན་གྱི་སྤྱན་སྔར་ཕུལ་བ་ལའང་ཡིད་སྨོན་སྐྱེས། ངས“སྣང་བས་རྟག་མཐའ་སེལ་ཞིང་སྟོང་པས་ཆད་མཐའ་སེལ”ལྟ་བུའི་མཚན་ཉིད་རིག་པའི་སྐད་ཆ་དང་། “མིག་ཚུམས་དང་། འཚོ་བ་ནི་སྟབས་ཇེ་བདེར་འགྲོ་གི་རེད”ལྟ་བུའི་གླུ་ཚིག་གཉིས་ཀ་ཤིན་ཏུ་སྙན་པར་འདོད་ལ་སྙན་པའི་ཚོར་བ་སྟེར་མཁན་གྱི་ཚིག་སྦྱོར་མཐའ་དག་ཤིན་ཏུ་ཟབ་པར་འདོད། དེ་བས་ཚིག་སྦྱོར་ཡག་པོ་སྤེལ་ཤེས་པ་སྟེ་འགྱུར་ཁུགས་ཅི་འདྲ་ཡིན་ཀྱང་སྐད་ཆ་ཉིད་རོལ་མོ་བཞིན་དཀྲོལ་ཏེ་མིའི་སེམས་ལ་ཡག་སྣང་སྟེར་ཚེ་དེ་ཉིད་སྙན་ངག་གམ་ཡང་ན་སྒྱུ་རྩལ་གྱི་རྣམ་པའི་སྐད་ཆ་ལ་གོ་རུང་བར་འདོད། དེ་བས་སྙན་ངག་ཅེས་པ་ནི་ཚིག་རྒྱན་གྱི་འཕྱོར་གོས་དང་གཞུང་ལུགས་ཀྱི་ཐག་པས་བཅིང་དགོས་པ་ཞིག་མིན་པར“ང་ལ་རྒྱ་མཚོའི་འགྲམ་དུ་སྤྱིལ་བུ་ཞིག་དགོས”ལྟ་བུའི་སྤྱིར་བཏང་གི་སྐད་ཆ་དག་སྨོན་ལམ་ཡག་པོ་དང་། འདུན་པ་དྲག་པོ། བརྩེ་བ་ཟབ་མོར་བསྲེས་ཏེ་ལྷོད་པོར་བརྗོད་དགོས་པ་ཞིག་ཏུ་འདོད།
བྱིས་པ་ཞིག་གིས་སེམས་བསམ་པའི་གཏིང་ནས་རྩེད་ཆས་ཤིག་རེག་ན་བསམ་པ་བཞིན་ངེད་ཚོས་འཇིག་རྟེན་འདི་ནས་དམིགས་འབེན་གང་ཞིག་འགྲུབ་ན་སྙམ། འོན་ཏེ་ཚེ་སྲོག་གི་ཤིང་གྲུ་ཆུང་ཆུང་འདི་ཡངས་པའི་རྒྱ་མཚོ་ཆེན་པོའི་ནང་སྐྱོད་དུས་དེ་ཆུ་ནང་དུ་མར་མི་འབྱིང་བའི་ཁག་ཐེག་ལ་རླུང་བུའི་རམ་འདེགས་དང་གྲུ་སྐྱ་ཙམ་ལས་མེད། ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་གང་ཞིག་ཉ་བོ་ཆེས་ཁ་གདངས་པ་དང་མཚོ་རླུང་དྲག་ཏུ་འཕྱུར་བ་བཞིན་དུས་ངེས་མེད་དུ་འབྱུང་སྲིད། དེ་ལྟར་བསམ་ཚེ་ཡོད་ཚད་ལ་སྙིང་པོ་ཅི་ཡང་མི་འདུག་མོད་འོན་ཏེ་སྙིང་པོ་ཟེར་བའི་ཐ་སྙད་དེ་རང་དང་དེ་བསམ་བྱེད་ཀྱི་སེམས་འདི་ལ་ཕྱིར་བསམ་བློ་བཏང་ཚེ་དེའང་ཚུགས་ཐུབ་ཀྱི་གཏན་ཚིགས་ཤིག་གིས་ཡར་བཏེགས་མི་འདུག དེའི་རྩིག་རྨང་ཡང་ཡོམ་ཡོམ་དུ་འགུལ་བཞིན་འདུག
མི་ཞིག་ཚེ་ལས་འདས་པ་ནི་དཔེ་མཛོད་ཁང་ཞིག་འཇིག་པ་དང་འདྲ་ཟེར། འགྲུལ་འཁོར་རིང་མོ་ཞིག་གི་ཁ་ལོ་པའི་སེམས་ནང་ལ་གློ་བུར་མུན་པ་འཐིབས་པས་དཔེ་མཛོད་ཁང་ཆེ་ཆུང་མང་པོ་ཞིག་དུས་གཅིག་ལ་བརྡིབ་འགྲོ་ཞིང་སྲིད་པའི་གྲོང་ཚོ་འདིའི་ནང་གི་གཏམ་རྒྱུད་ཇི་སྙེད་ཅིག་ང་ཚོའི་མིག་མདུན་དུ་མ་སླེབས་གོང་ནས་ཡལ་ཏེ་མི་སྣང་བར་གྱུར་སོང་། ང་ཚོས་མཐོང་བ་ནི་ང་ཚོ་རང་གིས་མཐོང་འདོད་པའི་ལྟད་མོ་དག་ཡིན། ང་ཚོས་འཇིག་རྟེན་འདིའི་རྒྱུས་ཅུང་ཙམ་ལོན་ལ་ཉེ་དུས་དེ་ཉིད་ངོ་བོ་གཞན་དུ་འགྱུར་འགྲོ དེ་བས་མེ་ལོང་རྙིང་པ་དེ་བརྗེ་རན་འདུག འོན་ཏེ་ང་ཚོས་མེ་ལོང་གི་ཚོང་ཁྲོམ་ནས་ཡག་ཤོས་དེ་རྙེད་མི་སྲིད། གཅིག་བྱས་ན་ཡག་ཤོས་དེ་མེ་ལོང་གསར་གཏོད་བྱེད་མཁན་ཁོང་གཅིག་པུར་དབང་ངོ་། །
རེད་དེ། “མི་ཚོགས་ནི་འཁྲུལ་སྣང་ཞིག་རེད།” དེ་བཞིན་དུ“མི་ཚོགས་ཁྲོད་ཀྱི་རྣམ་ཤེས་ལྟ་བུའི་ངོ་གདོང་འདི་དག་ནི། རློན་ཞིང་ནག་པའི་ཡལ་གར་མེ་ཏོག་འདབ་མ་བཞིན”དུ་སྟེ། ནམ་རྒྱུན་ང་རང་མི་ཚོགས་ཀྱི་གྲས་སུ་སླེབས་དུས་གཏིང་མི་དཔོག་པའི་ནགས་ཚལ་ཞིག་ཏུ་སླེབས་པ་བཞིན་ལྷིང་འཇགས་ཀྱི་ཚོར་བ་ཞིག་གིས་ཀུན་ནས་ཟིན་ཡོང་། ང་ལ་མཚོན་ན་སུན་སྣང་ནི་རྒྱུས་ཡོད་ཀྱི་མིའམ་འབྲེལ་བ་འཛུགས་སའི་མིས་བསླངས་པ་མ་གཏོགས་མི་ཚོགས་ཀྱིས་བསླངས་པ་མ་ཡིན། ང་ལ་མཚོན་ན་དབེན་པའི་གནས་ཞེས་པ་ནི་མི་ཚོགས་ཀྱིས་སྟོང་བའི་བས་མཐའ་མིན་པར་དེབ་ཀྱི་མཁར་རྫོང་ནང་གི་སྒྱུ་འཕྲུལ་དང་ཁོ་ཧྥེའི་དྲི་མ་ཞིམ་པོས་ཁྱབ་པའི་གནས་དག་སྟེ། དེ་ནས་ལྷོད་ལ་བབས་པའི་མཛེས་མ་དག་དཔེ་དེབ་ངོས་ཀྱི་རི་མོ་དང་གློག་བརྙན་ནང་གི་མི་སྣ་ལྟར་ཁྱོད་དང་བར་ཐག་ཉེ་ཡང་འབྲེལ་བ་འཛུགས་མི་དགོས་པའི་གནས་སུ་མངོན་སྐབས་ཁེར་ཧྲེང་ལས་སྐྱིད་སྣང་ཞིག་རྙེད་ཡོང་། སྐྱིད་སྣང་ལས་ཤེས་རབ་ཀྱང་འཕེལ་ཡོང་།
གངས་རིའི་རྔམ་བརྗིད་དང་མཚོ་མོའི་ཞི་དུལ་གྱི་མདུན་དུ་མི་སུས་ཀྱང་ལྷོད་ལ་བབས་ཏེ་ཐལ་མོའི་གསེབ་ནས་དག་ཞིང་རེ་རྟོག་བཟོ་བྱ་སྲིད་མོད་མི་རྣམས་ཀྱི་འཚོ་རྟེན་དངོས་ནི་ཁེ་ཚོང་གི་འདུ་འགོད་དང་ཁེ་ཕན་གྱི་བརྗེ་རེས། བརྩེ་དུང་གི་ཐོབ་ཤོར་སོགས་ཡིན་པ་ལས་གནས་སྐོར་ཁྱབ་བསྒྲགས་ཀྱི་ཚིག་ནང་རྒྱུན་པར་འབྱུང་བའི“རྒྱང་རིང་དང་སྙན་ངག”མ་ཡིན། དེ་བས་མི་དང་མིའི་བར་གྱི་རྩ་བའི་འབྲེལ་ཐག་དག་ལྷོད་རྗེས་འཆར་ཡན་དང་སྒྱུ་འཕྲུལ་གྱིས་ཕྱུག་པའི་མཛའ་བརྩེ་གཙང་མ་ཞིག་འབྱུང་དཀའ། “ཚོང་འདུས་མགྲོན་པོ”དག་སོ་སོར་གྱེས་རྗེས་ལྷན་འཛོམས་ཀྱི་རླུང་ལ་བསྐུར་བའི་དམ་བཅའ་དག་ནི་རྩ་བ་ནས་ཡོད་མ་མྱོང་བ་བཞིན་མི་མངོན་པའི་དབྱིངས་སུ་དེང་འགྲོ།
མདུན་ལ་གོམ་པ་འགའ་སྤོ་བ་དེས་རྒྱབ་ཀྱི་རྐང་རྗེས་དག་བསུབ་སྲིད་དམ། ཕྱིར་ཕ་ཡུལ་དུ་ལོག་དུས་ཀྱི་ན་ཚ་ནི་བྱིས་དུས་ཀྱི་རྩེད་ར་དང་གཞོན་དུས་ཀྱི་ལྷས་ར་མི་སྣང་བར་གྱུར་པ་ཙམ་མ་ཡིན་པར་དོན་ཅི་ཡང་ཁ་མཁས་འདྲ་ཆགས་སུ་ལབ་མཁན་ཚོས་རི་དང་ཆུ་བོ་དག་ལ་ལོ་རྒྱུས་ཀྱི་དྲན་པ་འཇོམས་པའི་མིང་གསར་པ་རེ་བཏགས་པ་དེའོ། །
ངས་རང་གི་ཚིག་མཛོད་ནང་ཉར་བའི་ཐ་སྙད་སྙན་མོ་ཁ་ཤས་ནི་འགའ་ཞིག་གིས་བཙོག་པར་མཐོང་བ་དང་གདོན་དུ་ལྟ་བ་དག་ཡིན་ཏེ་མིང་རེ་རེ་གོ་བ་ལེན་སྟངས་མ་འདྲ་བས་མི་དང་མིའི་བར་གྱི་འཇིག་རྟེན་ལྟ་ཚུལ་མི་འདྲ་བ་བྱུང་བ་ཡིན་སྲིད། དཔེར་ན་བཟོད་པ་སྒོམ་པ་ཞེས་པའི་མིང་དེ་ཡིད་དུ་འོང་བ་ཞིག་ཡིན་ཀྱང་བསྲན་ཚུགས་པ་ཞེས་པའི་མིང་དེ་དེ་འདྲའི་སྙན་མོ་ཞིག་མིན། སྐབས་འགར་དེས་གཞན་དབང་གི་བཀོད་འདོམས་འོག་ཏུ་རང་གིས་རང་གཅུན་མཁས་པ་དང་། སོས་བདེ་བག་ཡངས་ཀྱི་གནས་གཅིག་ནས་རྟག་པར་བསྡད་དེ་རྣམ་ཤེས་ལ་སྒྲོག་བརྒྱབ་པ་ལྟ་བུ་ཞིག་མཚོན་ནོ། །
ངས་འཇིག་རྟེན་འདིའི་ངོ་བོ་གཞན་དུ་བསྒྱུར་མི་ཐུབ་སྟེ། ང་ནི་འཇིག་རྟེན་འདིའི་བདག་པོ་མ་ཡིན། འཇིག་རྟེན་འདིས་ཀྱང་ང་རང་བསྒྱུར་མི་ཐུབ་སྟེ། ངའི་བདག་པོའང་ཁོ་མ་ཡིན་པས་སོ། །དེ་ན་ངེད་གཉིས་ཀྱི་འབྲེལ་བ་ནི་ཅི་འདྲ་ཡིན་ཞེ་ན། འཇིག་རྟེན་འདི་རྫིང་བུ་ཞིག་ཡིན་སྲིད་ལ། ང་རང་དེའི་ནང་དུ་ཤར་བའོ། །འཇིག་རྟེན་འདི་བུད་མེད་ཅིག་ཡིན་སྲིད་ལ། ང་རང་ཚེ་གང་པོར་དེ་དང་འགྲོགས་ཤིང་དེ་ལ་དུངས་པ་དང་། སྐབས་འགར་དེ་ཡིས་སྡུག་ལ་སྦྱར་བའོ། །འཇིག་རྟེན་འདི་བྱིས་པ་ཞིག་ཡིན་སྲིད་ལ། ངས་དེ་བྱིས་པ་ནས་དར་མར་འགྱུར་བ་མཐོང་བ་དང་། ཤིན་ཏུ་གཅེས་ནས་བློས་མི་ཐོངས་པའོ། །འཇིག་རྟེན་འདི་དེབ་ཅིག་ཀྱང་ཡིན་སྲིད་ལ། ངས་དེའི་ནང་གི་ཡིག་འབྲུ་རེ་རེ་བློར་བཟུང་ཞིང་ཡང་ཡང་བཀླགས་ནའང་འགའ་ཞིག་ནམ་ཡང་ངོས་མི་ཟིན་པའོ། །འཇིག་རྟེན་འདི་སྐྱེད་ཆེའི་བུ་ལོན་འཇོག་མཁན་གྱི་ཚོང་པ་ཞིག་ཡིན་སྲིད་ལ། དེས་ང་ལ་དངུལ་ལོར་མང་པོ་གཡར་ཅིང་དེ་ནས་དེ་ཕྱིར་དགོས་ཟེར་ནས་ཡང་ཡང་ངའི་རྗེས་འདེད་པའོ། །གལ་སྲིད་འཇིག་རྟེན་འདི་མེད་པ་ཡིན་ན། ངས་ང་རང་ཅི་འདྲ་ཡིན་པ་མཐོང་མི་ཐུབ་ལ། ཐ་ན་ང་ཞེས་པའི་ཐ་སྙད་འདིའང་བདག་ཏུ་འཛིན་མི་ཐུབ། །
༢༠༢༥.༦.༡༢ཉིན་གཙོས་གྲོང་ཁྱེར་ནས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号