མངའ་རིས། མངའ་རིས། མངའ་རིས།

རྩོམ་པ་པོ།:ཚྭ་རྡེའུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-12-03 08:19:09 ཀློག་གྲངས།:
མཁའ་ལྡིང་སྒྲོ་འཕྲུ་ཀྱུག་ཀྱུག་གནམ་སའི་ཁ་ལེབ་ཕྱེས་ས།།
གཡག་རོག་རྔ་རྩིད་ཤམ་ཤམ་གསེར་གྱི་ཕྱེ་མ་ཕྱགས་ས།།
གངས་རྒྱལ་སུལ་མོ་རུག་རུག་གླིང་བཞིའི་ལྟེ་བ་འཛིན་ས།།
མ་ཕམ་གཡུ་རིས་ལམ་ལམ་ཆབ་བརྒྱའི་དྭངས་མ་ལེན་ས།།
འབྲོང་རྒོད་ཟེ་བ་ཡོར་ཡོར་རི་ཆུའི་དཀྱིལ་འཁོར་སྲུང་ས།།
རྐྱང་ཆུང་ཁ་རྔོག་ལིང་ལིང་འབྲོག་སྟོང་རྨིག་པས་གཅོད་ས།།
རྒོད་པོའི་རྒྱུད་སྐུད་ལྕུག་ལྕུག་གཞས་ལ་སྒྲུང་བོན་འཁོར་ས།།
མེས་པོའི་བཀའ་མཆིད་ལྷུག་ལྷུག་ས་ལ་དམུ་སྐས་ཟུག་ས།།
གདུང་རབས་ཉི་མ་ཤར་ཤར་འཇའ་ལམ་དར་ཐག་འཐེན་ས།།
བཀས་བཅད་ཟླ་བ་ཚེས་ཚེས་མི་འཁྲུག་ཕྱག་རྒྱས་གནོན་ས།།
བུ་རྟ་རྡུལ་དམར་ལོང་ལོང་མཐའ་བརྒྱད་ཀི་ཡིས་བཅུམས་ས།།
གཡུ་བཟང་ལྡེམ་མདོངས་ཀྲིག་ཀྲིག་སྐུ་གཤེན་བྱ་རུ་མཐོ་ས།།
མཐིང་ཤོག་དུམ་པ་ཡོར་ཡོར་རྒྱུད་འབུམ་གསེར་ཆུས་འབྲི་ས།།
དམ་བཅའི་དབུ་མནའ་སིམ་སིམ་དམ་ཆོས་སྲོག་གིས་བླུ་ས།།
རྒྱ་གཞུང་དཀྱུས་ཐག་ལྡེམ་ལྡེམ་ལོ་པཎ་ཆིབས་ལས་བཤོལ་ས།།
དགོན་ཆུང་གཡེར་ཁ་སིལ་སིལ་རྒྱལ་བསྟན་སྤུ་རིས་བསལ་ས།།
དྲག་རྒོལ་བུ་ཡུག་འཚུབ་འཚུབ་གཡེར་ཆེན་ཁྲི་ལས་བྱོལ་ས།།
བརླང་སྤྱོད་མེ་མུར་ཚག་ཚག་མཁར་ཆེན་ལོགས་རིས་གཙབས་ས།།
མཐའ་དམག་དོམ་ནག་སྨྱོ་སྨྱོ་མཆན་གྱི་གཅེས་ཕྲུག་ཤོར་ས།།
རྒྱལ་རབས་གོས་ཆེན་རལ་རལ་མགུལ་གྱི་གཡང་ཊི་ལྷུང་ས།།
ཀླུང་ཆེན་སྐ་རགས་ཡུག་ཡུག་སྐར་ཚོགས་ལག་པས་ཟིན་ས།།
ཕུག་པའི་སྟོང་སྒོ་ལྷག་ལྷག་སྒྱུ་མའི་རྒྱལ་རབས་འཐིམ་ས།།
རྒོད་སྡེ་གོ་ཁྲབ་སིང་སིང་མི་ལྡོག་གཡུལ་ངོར་བཀྲོངས་ས།།
བཀའ་གཙིགས་ཁ་རླངས་ཐོལ་ཐོལ་ལས་ཀྱི་བྱེ་མས་བསྣུབས་ས།།
དུང་ཆེན་རྒྱང་གྲགས་ཆིལ་ཆིལ་ལོ་ཆེན་མཛད་བཟང་འཁྲུངས་ས།།
མདོངས་ཅན་ཤོན་སྟབས་ཤིག་ཤིག་མདངས་ཅན་ཟ་འོག་གོན་ས།།
ཚོང་ཆེན་བཞི་དོས་ཁྲིགས་ཁྲིགས་ཁྲོམ་ཆེན་མཐའ་མིས་ཁེངས་ས།།
གཏམ་ཤགས་ཆུ་ནག་གདུ་གདུ་གཏན་ཆགས་དབུ་འཕང་མཐོ་ས།།
ཁ་བའི་རྡུལ་ཁྲི་ཡོམ་ཡོམ་སྤུ་ཧྲེང་གངས་ཀྱིས་བསྐོར་ས།།
ཆོས་སྲིད་རྒྱུ་སྤུན་སྣོལ་སྣོལ་གུ་གེ་གཡའ་ཡིས་འཁྱུད་ས།།
མཁས་གྲུབ་ཁྱུང་ཆེན་ལྡིང་ལྡིང་མང་ཡུལ་མཚོ་ལ་གཡེང་ས།།
སྣང་བྱེད་འོད་ཀོར་འཐིབ་འཐིབ་སྲིད་རྩེའི་མུན་པ་གཏོར་ས།།
གཡས་བསྐོར་ཆོས་ལ་བརྒྱབ་པས་བྱ་བྲལ་རྗེ་བཙུན་དྲན་བྱུང་།།
གཡོན་བསྐོར་བོན་ལ་བརྒྱབ་པས་རྔ་ཁུར་བོན་ཆུང་དྲན་བྱུང་།།
དྲང་སྲོང་དབུ་སྐྲའི་མེ་ཏོག་གངས་རིའི་ཐུགས་ཀར་སིམ་བྱུང་།།
རྒྱལ་རྒྱུད་བྱུ་རུའི་སྡོང་པོ་བླ་མཚོའི་མཐིལ་ནས་བསྐམས་བྱུང་།།
སྐར་ཚོགས་ས་ལ་འཕོས་འདྲའི་གསེར་གྱི་རྒྱ་ཕིབས་མཐོང་བྱུང་།།
གསེར་ཆོས་སྲོག་ལ་འཇལ་བའི་མེས་པོའི་སྒལ་ཚིགས་དྲན་བྱུང་།།
འཕེལ་འགྱུར་གླེང་ཡང་མི་ཤེས་ལྷ་བབས་གནམ་གྱི་རྒྱལ་ས།།
འཕོ་འགྲིབ་དཔག་ཀྱང་མི་ཐིག་ལྷུན་གྲུབ་ས་ཡི་མངའ་ཐང་།།
༢༠༢༥ལོའི་ཟླ༡༠བར་བྲིས།

རྩོམ་པ་པོ་ངོ་སྤྲོད།
       ཚྭ་རྡེའུ། མང་རྫོང་ཆོས་ཚ་རུ་སྐྱེས། «སྦྲང་ཆར»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ།» «གངས་རྒྱན་མེ་ཏོག» «ཟླ་ཟེར»སོགས་སུ་རྩོམ་ལུས་ཅི་རིགས་ཀྱི་བརྩམས་ཆོས་ཁག་ཅིག་འགོད་སྐལ་ལྡན། རེ་སྨོན་རྟགས་མའི་རྒྱལ་ཡོངས་བོད་ཀྱི་ལྷུག་རྩོམ་འགྲན་སྡུར་དང་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ། ཁུག་རྟའི་སྨྱུག་གསར་བྱ་དགའ་སོགས་ཐོབ། ད་ལྟ་ཨ་མདོ་བརྙན་འཕྲིན་དུ་གསར་འགོད་ཀྱི་བྱ་བ་སྒྲུབ་བཞིན་ཡོད།

རྩོམ་ཁུངས། ༢༠༢༥ལོའི«གངས་རྒྱན་མེ་ཏོག»དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།