སྨན་རམས་པ་རྗེ་བཙུན་ངག་དབང་བསྟན་འཛིན་གྱི་མཛད་རྣམ་མདོར་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-11-12 08:39:55 ཀློག་གྲངས།:
       སྨན་རམས་པ་རྗེ་བཙུན་ངག་དབང་བསྟན་འཛིན་མཆོག་ནི་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་དཀར་བརྗིད་གྲོང་བརྡལ་གྱི་ཁོངས་གཏོགས་སྒོ་མེ་ལྕང་རྭ་ཚོ་བདུན་གྱི་ནང་གསེས་སྐེ་ཀྱཱ་སྡེ་བར་རབ་བྱུང་བཅོ་ལྔ་བའི་ས་མོ་ལུག་སྟེ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དང་བཅུ་དགུ་ལོར་སྐུ་འཁྲུངས། དགུང་ལོ་དགུའི་སྟེང་མགོན་ཀྱཱ་རིན་པོ་ཆེའི་གདན་ས་མཆོད་རྟེན་སྐེ་དགོན་པ་རུ་ཆོས་སྒོར་ཞུགས། དེ་རུ་མདོ་སྨད་སྐུ་འབུམ་དགོན་པའི་ཁྲི་ཆེན་མི་ཉག་རིན་པོ་ཆེ་རྗེ་བཙུན་ངག་དབང་ལེགས་བཤད་རྒྱ་མཚོའི་མདུན་ནས་རབ་བྱུང་གི་སྡོམ་པ་དང་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས་ནས་མཚན་ལ་ངག་དབང་བསྟན་འཛིན་ཞེས་གསོལ།
       དགུང་ལོ་ཉི་ཤུའི་སྟེང་མཆོད་རྟེན་སྐེ་དགོན་པར་ཚོགས་ཞུགས་གནང་སྐབས་དགོན་པ་དེར་བཞུགས་པའི་ཨ་ལགས་བླ་ཁོ་རིན་པོ་ཆེའི་ཐུགས་སྲས་ཏེ། ཨ་ཁུ་དགེ་འདུན་སློབ་དཔོན་དུ་བསྟེན་ཏེ་འབྲི་ཀློག་དང་སུམ་རྟགས་དག་གསུམ། སྙན་ངག་ཡིག་གཟུགས་སོགས་ནས་འགོ་ཚུགས་ཏེ་སློབ་གཉེར་གནང་། སྐུ་ན་ཕྲ་བའི་དུས་ནས་རིག་སྟོབས་ཀྱི་དཔལ་འབར་བས་དགོན་པ་དེ་གའི་འདོན་ཆོག་གི་རིམ་པ་ཡོངས་སུ་རྫོགས་པ་བློ་འཛིན་གནང་བར་མ་ཟད། འདོན་རྟ་དབྱངས་གསུམ་གྱི་ཆོ་ག་ཕྱག་ལེན་རྣམས་ཚེགས་མེད་དུ་མཁྱེན། གཞན་ཚད་མ་དང་ཕར་ཕྱིན་སྐོར་ལའང་སློབ་གཉེར་མི་དམན་པ་གནང་བ་དང་། ཕྱིས་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་སོ་དྲུག་ནས་ཆིག་སྟོང་དགུ་བརྒྱ་ཞེ་གསུམ་བར་ལོ་ངོ་བརྒྱད་རིང་མདོ་སྨད་དྷཱིཿཚ་དགོན་དུ་ལྷ་ལྡན་ལྕགས་པོ་རི་ནས་ཕེབས་པའི་སྨན་པ་སྦྱིན་པ་ཚང་གི་མདུན་ནས་བོད་ཀྱི་གསོ་རིག་གི་ཕྱི་མོ་དཔལ་ལྡན་རྒྱུད་བཞི་གཙོས་གསོ་རིག་གི་གཞུང་ཆེན་མང་པོར་སློབ་གཉེར་མཐར་ཕྱིན་གནང་སྟེ་ལག་ལེན་ཀུན་གྱི་གན་མཛོད་ལྟ་བུར་གྱུར། དེ་མིན་དམ་པ་ཁོང་གི་དྲུང་དུ་སྐར་རྩིས་དང་འབྱུང་རྩིས། རྒྱ་རྩིས་བཅས་ལའང་ནང་བྱན་ཆུད་པར་སྦྱངས་པ་དང་། ཞོར་དུ་ནང་དོན་རིག་པའི་གཞུང་ཆེན་དག་ལའང་སློབ་གཉེར་མཛད། དེ་ལྟར་སྔ་ཕྱིར་སྐུ་འབུམ་དགོན་པའི་མི་ཉག་རིན་པོ་ཆེ་ངག་དབང་ལེགས་བཤད་རྒྱ་མཚོ་མཆོག་དང་། ཨ་ལགས་བླ་ཁོ་རིན་པོ་ཆེ་སོགས་ལས་བཀའ་འགྱུར་རིན་པོ་ཆེའི་ལུང་དང་རྒྱུད་སྡེ་བཞིའི་དབང་དང་རྗེས་གནང་མང་པོ་གསན་བཞེས་ཐོབ་པ་དང་། ད་དུང་དྷཱིཿཚའི་ཨ་ཁུ་ཕུན་ཚོགས་ཚང་། ཞྭ་དམར་པཎྜི་ཏའི་དྲུང་ཡིག་པ་ཆེན་མོ་ཨ་ཁུ་གྲགས་པ་དར་རྒྱས་ཚང་། སྐུ་འབུམ་དགོན་པའི་སྨོན་ལམ་རབ་འབྱམས་པ་བློ་བཟང་དམ་ཆོས་སོགས་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མ་ལ་བསམ་སྦྱོར་གཉིས་ཀྱིས་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞི་ལ་སློབ་གཉེར་མཐར་ཕྱིན་གནང་།
       གཅིག་དགུ་བཞི་ཅུ་ཞེ་བཞི་ལོ་ནས་གཅིག་དགུ་ང་བརྒྱད་བར་མི་ལོ་བཅོ་ལྔའི་རིང་སྒོ་མེ་མཆོད་རྟེན་སྐེ་དགོན་པ་རུ་རྒྱུན་བཞུགས་གནང་སྟེ་འགྲོ་བ་ནད་པའི་དོན་དུ་འཚོ་བྱེད་ཀྱི་ལས་ཀ་མི་དམན་པ་མཛད་ཅིང་། དགུང་ལོ་ཞེ་གཅིག་སྟེང་རིག་གསར་གྱི་དུས་ལ་འཁེལ་བས་དགོན་པ་དེ་གར་བཞུགས་མ་ཆོག་པར་གྲོང་གསེབ་ཏུ་མངགས་ནས་རྐང་རྗེན་སྨན་པའི་མིང་བཏགས་ཏེ་སྒོ་མེ་ལྕང་རྭ་སྡེ་བ་དང་སུམ་པ་སྡེ་བ་རུ་ནད་པ་མང་པོ་ལ་གསོ་བཅོས་བྱས། ལོ་རབས་བདུན་ཅུ་བའི་ནང་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་དུ་རྐང་རྗེན་སྨན་པའི་གསོ་སྦྱོང་སྐབས་བདུན་པར་ཞུགས་ནས་དྷཱིཿཚའི་སྨན་པ་གསེར་སོ་ཚང་ངམ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གི་སློབ་མ་རུ་གྱུར། རྗེས་སུ་ཁོང་གིས་ཁུལ་དང་རྫོང་རིམ་པའི་གསོ་སྦྱོང་འཛིན་གྲྭ་མང་པོའི་དགེ་རྒན་གྱི་འགན་བཞེས་མྱོང་། གཅིག་དགུ་བདུན་ཅུ་དོན་དགུ་ལོ་ནས་བཟུང་བོད་ཀྱི་ཆོས་ལུགས་དང་གསོ་རིག་སོགས་སླར་གསོ་ཡི་དུས་བཟང་དང་བསྟུན། དམ་པ་འདི་ཉིད་དང་། ཨ་ཁུ་ཉི་མ་ཚང་། དཔའ་རིས་ཟབ་ལུང་པ་སྨན་པ་དཔལ་ཆེན་དོན་གྲུབ། བ་བཟའ་རྣམ་རྒྱལ་ཕུན་ཚོགས་བཅས་རྣམ་པ་བཞི་བོ་དང་། ཟི་ལིང་དུ་རྒྱ་རིགས་ཞིབ་འཇུག་པ་ལིས་ཏའོ་མེན་བཅས་ལ་གོང་རིམ་ནས་བཀོད་སྒྲིག་གནང་སྟེ་ཟི་ལིང་གྲོང་ཁྱེར་གྱི་ཀ་གྲོང་སྡེ་བར་བོད་སྨན་གྱི་སྒོ་བསྟེན་ཁང་ཆུང་ཆུང་ཞིག་བཙུགས་ནས་བོད་ཀྱི་གསོ་རིག་བསྟན་པ་སླར་གསོ་བྱེད་པའི་སྲོག་ཤིང་ལྟ་བུར་གྱུར། ཕྱིས་སུ་སྒོ་བསྟེན་ཁང་དེ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་བསྒྱུར་པ་དང་། དེའི་ཁོངས་གཏོགས་སུ་གྱུར་པའི་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་སོགས་བཙུགས་ནས་བོད་ཀྱི་གསོ་རིག་ལས་ཁུངས་ཀྱི་རྨང་རྡོ་ལྟ་བུར་གྱུར། དམ་པ་འདི་ཉིད་སྐབས་སྐབས་སུ་སྐུ་འབུམ་དགོན་པའི་མགོན་ཀྱཱ་སྒར་བར་བཞུགས་ཤིང་བོད་ཀྱི་གསོ་རིག་དང་སྐར་ནག་རྩིས་ཀྱི་སྐོར་ནས་སློབ་མ་མང་པོ་སྐྱེད་སྲིང་བྱས་པ་དང་། གཞན་ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་གསོ་རིག་གསོ་སྦྱོང་འཛིན་གྲྭ་གོང་འོག་གི་དགེ་རྒན་ཡང་བྱས་མྱོང་། དཔལ་ལྡན་རྒྱུད་བཞི་དང་། བཤད་རྒྱུད་ཀྱི་སྡོང་འགྲེམས་ལེགས་བཤད་གསེར་གྱི་ཐུར་མ། མན་ངག་བཀའ་རྒྱ་མ་བཅས་ཀྱི་དབང་ལུང་དཔེ་ཁྲིད་དང་། སྔོ་སྨན་ངོས་འཛིན་གྱི་དམར་ཁྲིད། དེ་མིན་མཚོ་སྔོན་དང་ལྷ་ས་སོགས་ནས་མན་ངག་ལྷན་ཐབས་དང་གསོ་རིག་ཟིན་ཏིག་གི་ཁྲིད་ལུང་མང་པོ་གནང་། ཁོང་གིས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་སྦྱོར་གྱི་སྦྱོར་སྡེ་མང་ཤོས་དངོས་སུ་ཕྱག་བྲིས་གནང་སྟེ་སྨན་ཁང་གི་སྨན་སྦྱོར་བ་རྣམ་རྒྱལ་ཕུན་ཚོགས་ལ་མཛུབ་སྟོན་གནང་ནས་སྦྱོར་བཟོ་བྱས་པ་དག་ད་ལྟའང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ཕྱག་ལེན་བྱེད་ཀྱིན་ཡོད། མདོར་ན་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གསར་འཛུགས་སྐབས་སུ་སྨན་གྱི་སྦྱོར་བཟོ་དང་ནད་ཐོག་ལག་ལེན་སོགས་ཆེད་ལས་ཀྱི་མཛུབ་སྟོན་སློབ་དཔོན་གཙོ་བོར་གྱུར་ནས་བོད་ཀྱི་གསོ་བ་རིག་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་རང་ནུས་ཡོད་རྒུ་བཏོན་མྱོང་བའི་སྐྱེས་ཆེན་དམ་པ་ཞིག་ཡིན།
       ཁོང་གི་བརྩམས་ཆོས་ལ་རྒྱ་རྩིས་ཀྱི་རྩིས་འགོ་འདོན་པའི་དཔེ་ཆ་སྟེ་རབ་བྱུང་བཅུ་བདུན་པའི་སྤྱི་དྷུ་བློ་གསལ་དགའ་སྟོན་དང་རབ་བྱུང་བཅུ་བདུན་པའི་སྤྱི་དྷུ་བློ་གསལ་དགའ་སྟོན་གྱི་ཆ་ལག་གཉིས་དང་། གཅིག་དགུ་བརྒྱད་ཅུ་གྱ་གསུམ་ལོར་མཁན་ཆེན་ཁྲོ་རུ་ཚེ་རྣམ་དང་ཡོན་ཀྲང་བྱམས་པ་འཕྲིན་ལས་སོགས་ཀྱིས་རྩོམ་སྒྲིག་བྱས་པའི་ཀྲུང་གོ་བོད་ཀྱི་གསོ་རིག་ཀུན་འདུས་ཀྱི་ལས་ཀར་ཞུགས་མྱོང་། དེ་ལྟར་གཞུང་སྒེར་གང་རུང་དུ་སྨན་རྩིས་ཀྱི་སློབ་མ་མང་པོ་བསྐྱངས་ཤིང་། ད་ལྟའི་མཚོ་སྔོན་ཕྱོགས་ཀྱི་བོད་ཀྱི་གསོ་རིག་གི་རྐང་འཛིན་པ་རྒན་རབས་དག་ནི་ཁོང་གི་སློབ་མར་མ་གྱུར་པ་གཅིག་ཀྱང་མེད། མཐར་དགུང་ལོ་བརྒྱད་ཅུ་སྟེ་སྤྱི་ལོ་གཅིག་དགུ་དགུ་ཅུ་གོ་དགུ་ལོའི་ཟླ་བ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་སྒོ་མེ་མཆོད་རྟེན་སྐེ་དགོན་པའི་གཟིམ་ཤག་ཏུ་ཐུགས་དམ་ཉིན་བདུན་ལ་བཞུགས་ཏེ་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །

ཡོང་ཁུངས། «ཀྲུང་གོ་བོད་ཀྱི་གསོ་རིག» ༢༠༡༩.༢
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།