ཨ་རི་སི་ཏོལ་གྱི«སྙན་ངག་རིག་པ»ཡི་བསམ་བློའི་དགོངས་དོན་ལ་དཔྱད་པ།

རྩོམ་པ་པོ།:སྒྲོལ་དཀར་ཚེ་རིང་གིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-08-09 11:00:58 ཀློག་གྲངས།:
ཨ་རི་སི་ཏོལ་གྱི«སྙན་ངག་རིག་པ»ཡི་བསམ་བློའི་དགོངས་དོན་ལ་དཔྱད་པ།
ལིའུ་ཝེ་ཡིས་བརྩམས།
སྒྲོལ་དཀར་ཚེ་རིང་གིས་བསྒྱུར།

       ཨ་རི་སི་ཏོལ་གྱིས་མཛད་པའི«སྙན་ངག་རིག་པ»ཞེས་པ་འདི་ནི་ནུབ་ཕྱོགས་ཀྱི་རྩོམ་རིག་མཐའ་དཔྱོད་སྐོར་གྱི་བསྟན་བཅོས་མཚན་ཉིད་པ་ཐོག་མ་དེ་ཡིན་ལ། གང་འདི་འོ་སྐོལ་གྱིས་ད་ལྟའི་ཆར་སྙན་ངག་ངེས་པར་བྱེད་པ་དང་། སྙན་ངག་ལ་མྱོང་རོལ་བྱ་བའི་ཚེ་ན་སྔར་བཞིན་དོན་ཆེན་པོ་དང་ལྡན།
       «སྙན་ངག་རིག་པ»ནི«ཚིག་རྒྱན་རིག་པ»དང་འདྲ་བར། དེ་ནི་ཨ་རི་སི་ཏོལ་གྱི་རིག་པའི་གནས་ཀྱི་རྩ་ལག་ཏུ་རྩོམ་པའི་རང་བཞིན་གྱི་ཤེས་བྱར་འདུ་ཞིང་། “སྙན་ངག་རིག་པ”ཞེས་པའི་ཕྱི་མོའི་བརྡ་དོན་ཡང“རྩོམ་པའི”དོན་ལ་འཇུག་པ་གང་ཞིག་ལ། ཕྱིས་སུ་སྙན་ངག་རྩོམ་པ་ལ་དམིགས་ཀྱིས་བསྟན་པ་འབའ་ཞིག་གོ ། «ཚིག་རྒྱན་རིག་པ»དང་འདྲ་བར། «སྙན་ངག་རིག་པ»ཞེས་པའི་བསྟན་བཅོས་འདི་ལའང་ཐབས་རྩལ་གྱི་རང་བཞིན་ཤུགས་དྲག འདི་ལས་ཆོས་ཉིད་ཁ་ཅིག་མཚམས་སྦྱར་བར་བརྟེན། ཀློག་པ་པོ་དང་ཁྱད་པར་དུ་སྙན་ངག་པ་རྣམས་ལ་སྙན་རྩོམ་ལེགས་པོ་ཞིག་ཇི་ལྟར་རྩོམ་པའི་སྐོར་བརྗོད་ཡོད། སྙན་ངག་རྩོམ་ཚུལ་བསྟན་པ་ལས་གཞན་དུ། ཨ་རི་སི་ཏོལ་གྱིས་དེ་ལས་ཀྱང་མཐོང་སྣེ་རྒྱ་ཆེ་བའི་ལམ་ནས་ཐུན་མོང་སྤྱི་ལ་ཁྱབ་པ་དང་། ཐ་ན་མཚན་ཉིད་རིག་པའི་དཀའ་གནད་དེ། དཔེར་ན་སྙན་ངག་གི་རང་བཞིན་དང་འབྱུང་ཁུངས། སྙན་ངག་གི་ཡོན་ཏན་སྐོར་གླེང་ཡོད། ཡིད་སྐྱོ་བ་ཞིག་ལ་འོ་སྐོལ་གྱིས་བཀླགས་ཐུབ་པའི་བསྟན་བཅོས་འདི་ནི་ཆ་ཚང་བ་ཞིག་མ་ཡིན་ལ། བསྟན་བཅོས་འདིའི་བརྗོད་དོན་གཙོ་བོ་ནི་སྐྱོ་གར་གྱི་སྐོར་ཡིན་ཞིང་། གནའ་བོའི་དུས་སུ་ཤེས་བྱེད་ཁ་ཅིག་གིས། ཨ་རི་སི་ཏོལ་ལ་ད་དུང་སྤྲོ་གར་གྱི་སྐོར་བརྗོད་པའི་བམ་པོ་ཞིག་ཡོད་པར་གསལ་ཡང་། འདིའི་སྐོར་ནི་ཐོར་རེ་ལོང་ངེ་ཙམ་ལས་ལྷག་མེད།
       ཨ་རི་སི་ཏོལ་ལགས་ཀྱིས«སྙན་ངག་རིག་པ»རྩོམ་པའི་དགོས་པ་གང་ཡིན་ཞེ་ན། དེ་ལ་རྒྱུ་གཙོ་བོ་གཉིས་ཡོད་པར་འདོད་དེ། དང་པོ་ནི་ཁོང་གིས་གནའ་བོའི་གྷི་རིག་གི་སྙན་ངག་གི་སྲོལ་རྒྱུན་ལ་སྡོམ་ཞིག་འགོད་པ་དེ་ཡིན། ཀུན་གྱིས་མཁྱེན་གསལ་ལྟར། གནའ་བོའི་གྷི་རིག་ལ་སྙན་ངག་གི་སྲོལ་རྒྱུན་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡོད་ལ། སྙན་ངག་པ་དང་སྙན་རྩོམ་ཁྱད་དུ་འཕགས་པ་ཟམ་མི་ཆད་པར་འབྱུང་། གྷི་རིག་པ་རྣམས་ཀྱིས་སྙན་ངག་པ་ལ་ལྷག་པར་གུས་ཤིང་། དེ་དག་ཐམས་ཅད་ལ་ལྷ་དང་མཉམ་པའི་ཆེ་མཐོང་བྱེད།
       གནའ་བོའི་དུས་སུ། སྙན་ངག་སྨྲ་བའི་དབང་ཕྱུག་ཧོ་མར་དང་ཧོ་ཞི་ཨི་ཏི་གཉིས་ནི་གྷི་རིག་པ་ཡོངས་ཀྱི་བླ་མར་བཀུར་ཅིང་། སྲོལ་རྒྱུན་གྱི་ཀུན་སྤྱོད་དང་། ཆབ་སྲིད་ཀྱི་ཉམས་མྱོང་། ཞིང་ལས་ཀྱི་དུས་ཚིགས། འཐབ་འཁྲུག་དང་མཚོ་འགྲུལ། ཤིང་རྟར་ཁ་ལོ་བྱེད་པའི་ཐབས་རྩལ་ལ་སོགས་པ་དང་། ཐ་ན་ཆེས་རྩ་བར་གྱུར་པའི་འབྲི་ཀློག་གི་སློབ་གསོའང་གྷི་རིག་པ་རྣམས་ཀྱིས་བླ་མ་འདི་གཉིས་ལ་བརྟེན་དགོས། གྱེར་འདོན་སྙན་ངག་པ་མང་པོ་ཞིག་གིས་ཧོ་མེར་དང་ཧོ་ཞི་ཨི་ཏི་ཡི་སྙན་རྩོམ་བློ་ལ་བཟུང་ནས། མཁར་གྲོང་སོ་སོར་ཀུན་ཏུ་རྒྱུ་ཞིང་། དེ་དག་ནི་ཡུལ་དེ་གའི་སྐྱེ་བོ་རྣམས་ཀྱིས་མགྲོན་པོ་རྩ་ཆེན་དུ་བརྩི།
       ལོ་རྒྱུས་སྙན་རྩོམ་རིང་མོའམ་ཡང་ན་དོན་བརྗོད་སྙན་ངག་གི་དུས་རབས་འདས་པའི་རྗེས་སུ། གྷི་རིག་ཏུ་སོ་ལོན་དང་། ཞི་མིན་ནི་དྷི། ཕིང་ཏ། བུད་མེད་སྙན་ངག་པ་ས་ཧྥུ་ལ་སོགས་པའི་ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་པ་མང་པོ་ཞིག་བྱོན་ཅིང་། ཁོ་ཚོས་སྙན་ངག་འདི་ཉིད་སྐྱེ་བོ་རང་མཚན་པའི་ཁྱད་ཆོས་ལྷག་པར་ལྡན་པའི་སྒྱུ་རྩལ་ཞིག་ཏུ་བསྒྱུར་ཅིང་། ཐ་སྙད་ཡིད་དུ་འོང་བ་དང་། སྣང་བརྙན་གསོན་ཉམས་དོད་པ། དངོས་ཡོད་ཀྱི་ཉམས་མྱོང་ལ་ལྷག་པར་ཉེ་བ་བཅས་ཀྱིས་སྐྱེ་བོ་རྣམས་ཀྱི་ནར་མའི་ཀུན་ཏུ་སྤྱོད་པའི་འཚོ་བ་དང་དགའ་སྟོན་དུས་ཆེན་དག་ཕུན་སུམ་ཚོགས་པར་བྱས།
       དེའི་རྗེས་སུ་སྐྱོ་གར་དང་སྤྲོ་གར་གཙོ་བོར་བྱེད་པའི་གནའ་གཞུང་གི་དུས་རབས་སུ་སླེབས་ཤིང་། ཟློས་གར་རིག་བྱེད་ཀྱི་ཤིང་རྟ་ཆེན་པོ་གསུམ་སྟེ། ཨེ་སི་ཀ་ལེ་སི་དང་། སོ་ཧྥ་ཀ་ལི་ཟི། ཡོ་རེ་ཕེ་ཌེ་ཟི་བཅས་དང་། གཞན་ཡང་སྤྲོ་གར་སྙན་ངག་པ་ཨ་རི་ས་ཊོབ་ཎི་ཟི་བཅས་ཀྱིས་གྷི་རིག་གི་སྲོལ་རྒྱུན་དང་དངོས་ཡོད་སྤྱི་ཚོགས་མཚོན་པའི་བརྩམས་ཆོས་མང་དུ་མཛད། བརྩམས་ཆོས་འདི་དག་ལ་རྩོམ་རིག་གི་གྲུབ་འབྲས་ཆེན་པོ་དང་ལྡན་པར་མ་ཟད། སློབ་གསོའི་དོན་སྙིང་གིས་ཀྱང་རབ་ཏུ་ཕྱུག ལོ་རེར་ཨ་ཐེན་སིའི་མཁར་གྲོང་དུ་བསྡུ་བའི་སྐྱོ་གར་དང་སྤྲོ་གར་གྱི་འགྲན་ཚོགས་ནི་སྒྱུ་རྩལ་གྱི་སྤྲོ་ཚོགས་ཆེན་པོ་ཞིག་ཡིན་པར་མ་ཟད། དུས་ཆེན་ཁྱད་པར་བ་ཞིག་ཀྱང་ཡིན་ཏེ། དེས་ནི་དེར་འདུས་སྐྱེ་བོ་རྣམས་དགའ་བདེའི་དཔལ་ལ་རོལ་བར་མ་ཟད། སྤྱི་ཚོགས་དང་ཆབ་སྲིད་ཀྱི་དགེ་མཚན་ཡང་ཧ་ཅང་ཆེན་པོ་དང་ལྡན།
       ཨ་རི་སི་ཏོལ་གྱིས་མཛད་པའི«སྙན་ངག་རིག་པ»ནི་གྷི་རིག་གི་སྙན་ངག་གི་སྲོལ་རྒྱུན་རྨང་འཐུག་པོ་ལ་རྩ་ལག་དང་ལྡན་པའི་སྤྱི་སྡོམ་མཛད་པ་ཐེངས་དང་པོ་ཡིན་ལ། འདི་ལས་ཁོང་གིས་སྙན་ངག་གི་འབྱུང་ཁུངས་དང་རང་བཞིན། སྙན་ངག་རྩོམ་པའི་ཐབས་རྩལ་དང་། སྙན་ངག་གི་སྐད་ཆའི་ལེགས་ཉེས་འབྱེད་ཐབས། སྙན་ངག་པ་གསར་རྩོམ་ལ་ཇི་ལྟར་འཇུག་ཚུལ་བཅས་སྣ་སྒོ་མོ་ནས་གླེང་ཡོད། «སྙན་ངག་རིག་པ»ནི་ནུབ་ཕྱོགས་ཀྱི་རྩོམ་རིག་མཐའ་དཔྱོད་སྐོར་གྱི་གསུང་རྩོམ་མཚན་ཉིད་པ་ཐོག་མ་དེ་ཡིན་པར་མ་ཟད། བསྟན་བཅོས་འདི་ལས་དབུ་བརྩམས་ཏེ་རྩོམ་རིག་མཐའ་དཔྱོད་ཀྱང་རིག་ཚན་རང་རྐྱ་བ་ཞིག་ཏུ་གྲུབ།
       ཨ་རི་སི་ཏོལ་གྱིས«སྙན་ངག་རིག་པ»རྩོམ་པའི་རྒྱུ་གཞན་ཞིག་ནི་ཁོང་གི་དགེ་རྒན་ཕི་ལ་ཐོ་དང་སྙན་ངག་གི་འདོད་ཚུལ་ཐ་དད་པས་ཡིན། ཕི་ལ་ཐོ་ལགས་ཀྱིས་སྙན་ངག་རིག་པའི་སྐོར་ལ་བསྟན་བཅོས་མཛད་མེད་ཀྱང་། ཁོང་གིས་གསུང་རྩོམ་ཁ་ཤས་ལས་སྙན་ངག་ལ་དགག་པ་ཚ་ནན་བྱས་ཡོད་པ་གང་ཞིག་ལ། ཨ་རི་སི་ཏོལ་གྱིས་དགེ་རྒན་གྱི་དགག་པ་ལ་ལན་བསྐྱོན་ནས། སྙན་ངག་རིག་པར་དཀར་འདོན་བྱས་པ་སྟེ། དེ་ནི་ཁོང་གིས«ཚིག་རྒྱན་རིག་པར»དགེ་རྒན་གྱི་དགག་པར་ལན་བསྐྱོན་ནས་ཚིག་རྒྱན་རིག་པར་དཀར་འདོན་བྱས་པ་ཇི་བཞིན་ནོ། །
       འདིར་ཨ་རི་སི་ཏོལ་དང་ཕི་ལ་ཐོ་གཉིས་ཀྱི་གསུང་མོལ་ལས་བརྩམས་ཏེ«སྙན་ངག་རིག་པ»ཞེས་པའི་བསྟན་བཅོས་འདིའི་དགོངས་དོན་བཀྲལ་བར་བྱ་ཞིང་། དེ་ལའང་གཙོ་བོ་ཕྱོགས་བཞི་ནས་འཇུག་པར་བྱ་སྟེ། དང་པོ་ནི་ཕི་ལ་ཐོ་ཡིས་སྙན་ངག་ལ་ཇི་ལྟར་དགག་པ་དང་། ཨ་རི་སི་ཏོལ་གྱིས་དེ་ལ་དགག་ལན་ཇི་ལྟར་གནང་ཡོད་པའི་སྐོར་ཡིན་ལ། འདི་ནི«སྙན་ངག་རིག་པ»རྩོམ་པའི་རྒྱབ་ལྗོངས་ཀྱང་ཡིན། ཕྱིས་སུ་གླེང་བར་བྱ་བའི་བརྗོད་དོན་གསུམ་ཡང་འདི་ལས་འཕྲོས་པའོ། །གཉིས་པ་ནི་སྙན་ངག་གི་བྱུང་བ་དང་རང་བཞིན་སྟེ། སྙན་ངག་གི་ཁུངས་དང་རང་བཞིན་ནི་ལད་མོ་ཡིན་ཞེས་པ་དེའོ། །གསུམ་པ་ནི་ཨ་རི་སི་ཏོལ་གྱིས་སྐྱོ་གར་ལ་མཚན་ཉིད་ཇི་ལྟར་འཇོག་པ་དང་། སྐྱོ་གར་ལ་རྒྱུ་གང་དག་ཡོད་མེད་དང་། སྐྱོ་གར་རྩོམ་པའི་རྩ་བའི་ཐབས་རྩལ་གྱི་སྐོར་ཡིན། བཞི་པ་ནི་སྐྱོ་གར་གྱི་ཡོན་ཏན་ཏེ། འདི་ནི«སྙན་ངག་རིག་པར»གོ་བ་ལེན་དུས་མཁས་པ་རྣམས་ལ་རྩོད་པ་ཆེས་ཆེ་བའི་གནད་དེ་ཡིན། བརྗོད་དོན་ཕྱི་མ་གསུམ་ནི་ཨ་རི་སི་ཏོལ་གྱིས་ཕི་ལ་ཐོ་ལ་དགག་ལན་བསྐྱོན་པ་དང་འབྲེལ་ཏེ་བཀྲལ་བ་ཡིན།
དང་པོ། སྙན་ངག་ལ་དགག་པ་དང་དེའི་དགག་ལན།
       བརྗོད་དོན་དང་པོ་ནི་ཕི་ལ་ཐོ་ཡིས་སྙན་ངག་ལ་ཇི་ལྟར་དགག་པ་དང་། ཨ་རི་སི་ཏོལ་གྱིས་སྙན་ངག་ལ་ཇི་ལྟར་དཀར་འདོན་བྱས་པ་དེ་ཡིན།
       ཕི་ལ་ཐོ་ཡིས་སྙན་ངག་ལ་དགག་པ་དེ་མདོར་དྲིལ་ན་གནད་གསུམ་དུ་འདུ་སྟེ། དགག་པ་དང་པོ་ནི་བདེན་གྲུབ་ཀྱི་རིམ་པ་ལས་བརྩམས་ཏེ་དགག་པ་ཡིན་ལ། འདི་ནི་དགག་པ་གསུམ་ལས་སྙིང་པོར་གྱུར་པ་དེ་ཡིན། ཕི་ལ་ཐོ་མཆོག་གིས་འདི་སྐད་སྨྲ་སྟེ། འོ་སྐོལ་གྱི་དབང་པོའི་ཡུལ་དུ་མ་གྱུར་ཅིང་། རྗེས་དཔག་འབའ་ཞིག་གི་ཡུལ་དུ་གྱུར་པའི་མཐོང་རྣམ་གྱི་འཇིག་རྟེན(理念的世界)ནི་དོན་དམ་པའི་འཇིག་རྟེན་ཡིན་ལ། རང་ཅག་རྣམས་འཚོ་ཞིང་གནས་པའི་འཇིག་རྟེན་འདི་ནི་མཐོང་རྣམ་གྱི་ལད་མོ་ཙམ་དུ་ཟད་ཅེས་བརྗོད། དཔེར་ན་རྡོ་སྐུ་མཛེས་སྡུག་དང་ལྡན་པ་ཞིག རྒྱུ་གང་གི་རྐྱེན་གྱིས་མཛེས་པར་སྣང་བ་ཡིན་ནམ་ཞེ་ན། དེ་ལ“མཛེས་པའི་མཐོང་རྣམ”གྱི་ཆ་དང་ལྡན་པས་ཡིན་ལ། ཅོག་ཙེ་ཞིག་རྒྱུ་གང་གི་རྐྱེན་གྱིས་ཅོག་ཙེ་རུ་གྲུབ་ཅེ་ན། དེ་ལ་ནི“ཅོག་ཙེའི་མཐོང་རྣམ”གྱི་ཆ་དང་ལྡན་པས་ཡིན་ནོ། །དེ་ལྟར་ན་འོ་སྐོལ་གྱི་མཐའི་དངོས་ཡོད་ཀྱི་འཇིག་རྟེན་འདི་ནི། བདེན་པར་གྲུབ་པའི་རིམ་པ་ལྟར་ན་མཐོང་རྣམ་ལས་དམན་པར་བརྗོད། དེ་བཞིན་དུ་ཕི་ལ་ཐོ་ལྟར་ན་སྙན་ངག་གི་རང་བཞིན་ནི་དངོས་ཡོད་ལ་ལད་མོ་བྱས་པ་ཡིན་ཏེ། དཔེར་ན་སྙན་ངག་མཁན་གྱིས་མཛེས་མ་ཧའེ་ལུན་གྱི་ལྟ་བས་ཆོག་མི་ཤེས་པའི་མཛེས་པ་འབྲི་བ་ནི། གང་དེ་དངོས་ཡོད་ཀྱི་ཧའེ་ལུན་གྱི་མཛེས་པའི་ཞལ་རས་ལ་ལད་མོ་བྱས་པ་ཡིན་ལ། སྙན་ངག་མཁན་གྱིས་བཀོད་པ་ལེགས་པའི་ཅོག་ཙེ་ཞིག་འབྲི་བའང་དངོས་ཡོད་ཀྱི་ཅོག་ཙེ་ལ་ལད་མོ་བྱས་པ་རང་ཡིན། དེ་ལྟར་ན་སྙན་ངག་དང་དེ་ལས་ཀྱང་ཐུན་མོང་སྤྱི་ལ་ཁྱབ་པའི་སྒྱུ་རྩལ་ནི་གཞི་གྲུབ་པའི་ཆོས་ལས་རིམ་པ་གསུམ་པ་སྟེ། ལད་མོའི་ལད་མོ་ཙམ་དུ་ཟད་པས། འོ་སྐོལ་གྱིས་དེ་ལ་ཆེ་མཐོང་བྱ་རིན་མེད་པར་བཞེད། ཕི་ལ་ཐོ་ཡིས་བཏོན་པའི“སྒྱུ་རྩལ་གྱི་རང་བཞིན་ནི་ལད་མོ་ཡིན”ཞེས་པའི་གཞུང་ལུགས་འདི་ཡིས་ནུབ་ཕྱོགས་ཀྱི་སྒྱུ་རྩལ་མཐའ་དཔྱོད་ཐད་ལོ་ངོ་ཉིས་སྟོང་ལྷག་རིང་གཙོ་ཁྲིད་ཀྱི་གདན་ཐོབ་བཟུང་ཡོད།
       ཕི་ལ་ཐོ་ཡི་དགག་པ་གཉིས་པ་ནི་སྙན་ངག་གིས་སྐྱེ་བོ་རྣམས་ལ་བཞག་པའི་བག་ཆགས་ལས་འཕྲོས་ཏེ་དགག་པ་ཡིན། ཁོང་གིས་སྙན་ངག་ཕལ་ཆེ་བས་སྐྱེ་བོ་རྣམས་ཀྱི་བརྩེ་དུང་དང་འདོད་པ་སྟེ། ནང་སེམས་ཀྱི་དཔྱོད་ཤེས་མ་ཡིན་པའི་ཆ་རྣམས་ཆེ་རུ་བསྐྱེད་ཅིང་། མི་ལ་ཁྲོ་བ་དང་། འཇིགས་སྣང་དང་། སྐྱོ་བ་དང་། དགའ་བ་དང་། གདུང་སེམས་དང་། འདོད་ཆགས་ལ་སོགས་པའི་བརྩེ་དུང་དང་འདོད་པའང་བསྐྱེད་པར་བྱེད། སྙན་ངག་གིས་བག་ཆགས་བཞག་པའི་སྐྱེ་བོ་དག་གིས་རང་གི་བརྩེ་དུང་དང་འདོད་པ་རྒྱ་ཡན་དུ་བྱས་པས། དཔྱོད་ཤེས་ཀྱིས་གང་དེར་སྟངས་འཛིན་བྱ་དཀའ་བར་བཞེད། ཕི་ལ་ཐོ་མཆོག་གིས་ནམ་ཡང་ཐམས་ཅད་དཔྱོད་ཤེས་ཀྱི་དབང་དུ་འགྲོ་དགོས་པར་བཞེད་པ་གང་ཞིག་ལ། སྙན་ངག་གིས་བརྩེ་དུང་དང་འདོད་པ་རྒྱ་ཡན་དུ་བྱེད་པའི་ཚུལ་འདི་ནི་ཁོང་གི་ཐུགས་དགོངས་གཏད་ཕྱོགས་དང་རྒྱབ་ཀྱིས་ཕྱོགས་ཡོད་དོ། །
       ཕི་ལ་ཐོ་ཡི་དགག་པ་གསུམ་པ་ནི་སྙན་ངག་གསར་རྩོམ་གྱི་ངོས་ནས་བཏོན་པ་ཡིན། ཁོང་གིས་སྙན་ངག་ནི་ཐབས་རྩལ་ཞིག་ཏུ་བརྩི་དཀའ་བར་བཞེད་དེ། སྙན་ངག་པ་དག་གིས་རང་གིས་སྙན་ངག་ཇི་ལྟར་བྲིས་ཚུལ་བརྗོད་དུ་མེད་པ་དང་། དེ་དག་གིས་སྙན་ངག་འབྲི་བ་ནི་ལྷ་འབབ་པའམ་ཡང་ན་རིག་པ་ཀློང་དུ་བརྡོལ་བ་ལྟ་བུ་ཞིག་ལས་རྒྱུ་མཚན་གཞན་གང་ཡང་འདྲེན་རྒྱུ་མེད་པས། ཁོང་གིས་སྙན་ངག་རྩོམ་པ་ནི་བློ་གཏད་མི་རུང་བའི་དོན་ཞིག་དང་། གང་དེར་རྩོམ་པའི་རྣམ་གཞག་ཅི་ཡང་མེད་པར་འདོད་དོ། །
       དགག་པ་དེ་དག་ལ་གཞིར་བྱས་ཏེ། ཕི་ལ་ཐོ་ཡིས«ཕུགས་བསམ་རྒྱལ་ཁམས»བརྩམས་ཤིང་། ཁོང་གི་ཕུགས་འདུན་ཁྲོད་ཀྱི“མཛེས་སྡུག་ལྷུན་གྱིས་གྲུབ་པའི་རྒྱལ་ཁམས”བློས་བསླངས་བྱེད་དུས། མཚན་ཉིད་རིག་པ་དང་སྙན་ངག་གི་བར་གྱི་རྩོད་པ་ཀུན་ལ་གྲགས་པ་དེ་བསླངས་ཤིང་། ཁོང་གིས་སྙན་ངག་ཕལ་ཆེ་བ་ཞིག་ཕུགས་བསམ་རྒྱལ་ཁམས་འདི་ཡི་མཐའ་རུ་སྤྲོད་པ་སྟེ། དཔེར་ན་ལོ་རྒྱུས་སྙན་རྩོམ་རིང་མོ་དང་། སྐྱོ་གར། སྤྲོ་གར་ལྟ་བུ། གཞན་ཡང་མིང་བཟུང་དོན་བཟུང་གིས་ཧོ་མེར་ལྟ་བུའི་གྷི་རི་སི་པ་རྣམས་ཀྱི་སེམས་ཁོང་གི་བླ་ན་མེད་པའི་ངག་རིག་སྨྲ་བ་འདི་ཡང་མཐའ་སྤྲོད་བྱ་དགོས་པར་བཞེད། ཕི་ལ་ཐོ་མཆོག་ལ་རྩོམ་རིག་གི་བློ་སྦྱོང་བླ་ན་མཐོ་བ་ཞིག་ཡོད་ལ། སྲོལ་རྒྱུན་སྙན་ངག་ལ་རྒྱུས་མངའ་ཆེ་བར་མ་ཟད། རང་ཉིད་ཀྱང་སྙན་ངག་པ་ཁྱད་དུ་འཕགས་པ་ཞིག་ཡིན། ཡིན་ཡང་མཚན་ཉིད་རིག་པ་དང་ཆབ་སྲིད་ཀྱི་དགོས་དབང་གིས། ཁོང་གིས་སྙན་ངག་ལ་མཐའ་གཅིག་ཏུ་དགག་པའི་སྦྱོར་བ་བརྩམས་ཤིང་། མཚན་ཉིད་རིག་པ་དང་ཆབ་སྲིད་གཉི་ག་སྙན་ངག་དང་ས་མཚམས་གསལ་པོར་ཕྱེས།
       དེ་ལྟར་ན་ཨ་རི་སི་ཏོལ་གྱིས་རང་གི་དགེ་རྒན་ལ་དགག་ལན་ཇི་ལྟར་བསྐྱོན་པ་ཡིན་ནམ་ཞེ་ན། ཀུན་གྱིས་མཁྱེན་གསལ་ལྟར། མཚན་ཉིད་རིག་པའི་ཐད་དུ་ཨ་རི་སི་ཏོལ་ནི་རང་གི་དགེ་རྒན་དང་ལྟ་བའི་ཁྱད་པར་ཆེན་པོ་ཡོད་ལ། དེ་བཞིན་སྙན་ངག་གི་ཐད་དུའང་དགེ་རྒན་ལ་དགག་པའི་རྣམ་ཐར་བསྐྱངས་ཏེ། ཕི་ལ་ཐོ་ཡིས་བཏོན་པའི་དགག་པ་གསུམ་ལ་རེ་རེ་བཞིན་དགག་ལན་བསྐྱོན།
       ཕི་ལ་ཐོ་ཡི་དགག་པ་དང་པོ་སྟེ། སྙན་ངག་ནི་ལད་མོའི་ལད་མོ་ཡིན་ཞེས་པར་དམིགས་ཏེ། ཨ་རི་སི་ཏོལ་གྱིས་བདེན་པར་གྲུབ་པའི་མཐོང་རྣམ་གྱི་འཇིག་རྟེན་ཞིག་ཡོད་པར་མི་འདོད་པས། ལད་མོའི་ལད་མོ་ཡིན་པའང་རང་བཞིན་གྱིས་གཞི་མེད་དུ་གྱུར། ཁོང་གིས་སྙན་ངག་ནི་དངོས་ཡོད་ཀྱི་ལད་མོ་ཡིན་པར་ཁས་ལེན་ཀྱང་། དངོས་ཡོད་ཀྱི་ལད་མོ་ཡིན་པས་སྙན་ངག་དམན་པར་གྱུར་པ་མ་ཡིན་ཏེ། ལད་མོ་ནི་སེམས་ཅན་རྣམས་ལ་རབ་ཏུ་གལ་ཆེ་ཞིང་། ལད་མོ་ནི་སྐྱེ་བོ་རྣམས་ཀྱི་རང་བཞིན་ཡིན་ཏེ། བསླབ་པ་ཐམས་ཅད་ལད་མོ་ལས་དབུ་བརྩམས་པར་མ་ཟད། འོ་སྐོལ་ནི་དངོས་ཡོད་ལ་ལད་མོ་བྱས་པ་ལས་དངོས་ཡོད་དང་རྒྱང་དུ་མི་གྱེས་པར་མ་ཟད། དངོས་ཡོད་ཀྱི་དོན་རྣམས་ལྷག་པར་ངེས་པར་འགྱུར་རོ། །
       ཕི་ལ་ཐོ་ཡི་དགག་པ་གཉིས་པ་སྟེ། སྙན་ངག་གིས་བརྩེ་དུང་དང་འདོད་པ་རྒྱ་ཡན་དུ་བྱེད་ཅེས་པར་དམིགས་ཏེ། ཨ་རི་སི་ཏོལ་གྱིས་ཕི་ལ་ཐོ་ཡིས་སྙན་ངག་གིས་སྐྱེ་བོ་རྣམས་ཀྱི་བརྩེ་དུང་ལ་བག་ཆགས་འཇོག་པའི་ཚུལ་ནི་འཐད་ཀྱང་། ཁོང་གིས་རང་གི་དགེ་རྒན་ཇི་བཞིན་བརྩེ་དུང་ནི་མ་རུང་བ་དང་དཔྱོད་ཤེས་ཀྱི་ཟླ་རུ་གྱུར་པའི་ཆོས་ཤིག་ཏུ་མི་འདོད། ཁོང་གིས་བརྩེ་དུང་ནི་སྐྱེ་བོ་རྣམས་ལ་རང་བཞིན་དུ་འབྱུང་བའི་ཆོས་ཤིག་ཡིན་པས། རང་ངོས་སུ་ལེགས་ཉེས་ཀྱི་རྣམ་དབྱེ་མེད་པར། གནད་ཀྱི་རྩ་བ་ནི་དུས་དང་གནས་སྐབས་འོས་ཤིང་འཚམ་པ་ཞིག་ཏུ་བརྩེ་དུང་འོས་ཤིང་འཚམ་པ་ཞིག་སྐྱེ་བ་དེ་ཡིན་ལ། དེ་ནི་བཟང་པོ་སྤྱོད་པའི་མངོན་ཚུལ་ཡིན་པར་འདོད། ཨ་རི་སི་ཏོལ་གྱིས་སྙན་ངག་ལེགས་པོ་ཞིག་གིས་བརྩེ་དུང་ལ་བག་ཆགས་འཇོག་དུས། དེ་ནི་བརྩེ་དུང་ཆེ་རུ་བསྐྱེད་དེ་དཔྱོད་ཤེས་ཀྱི་དབང་དུ་མི་འགྲོ་བ་དེ་མ་ཡིན་པར། བརྩེ་དུང་ལ་བཙོ་སྦྱོང་བྱས་ནས་གང་དེ་ལྷག་པར་ལུགས་དང་མཐུན་པར་གནས་པ་དེ་ཡིན་པར་བཞེད།
       ཕི་ལ་ཐོ་ཡིས་སྙན་ངག་རྩོམ་པ་ལ་བློ་གཏད་མི་རུང་བར་འཆད་པའི་དགག་པ་གསུམ་པ་ལ། ཨ་རི་སི་ཏོལ་གྱིས་མཛད་པའི«སྙན་ངག་རིག་པ»ཞེས་པའི་བསྟན་བཅོས་འདི་ནི་དེ་ཡི་ཐད་ཀའི་དགག་ལན་ཡིན། ཁོང་གིས་ལེགས་པར་བརྟག་སྟེ་ནན་གྱིས་དཔྱད་པ་ལས། སྙན་ངག་རྩོམ་པ་ནི་ལྷ་འབབ་པ་ལྟ་བུའི་དོན་ཞིག་རྩ་བ་ནས་མ་ཡིན་པར། ཞིབ་ཏུ་བརྟག་པ་དང་ཀུན་ལ་སྤྱི་སྡོམ་བྱས་པ་ལས་བྱེ་བྲག་ཏུ་ཁྲིད་སྟོན་བྱ་ཐུབ་ཅིང་། གང་དེ་ཡིད་རྟོན་རུང་བར་མ་ཟད། དཔྱོད་ཤེས་དང་ཡང་ལྷག་པར་མཐུན་ལ། ཐབས་རྩལ་མཚན་ཉིད་པ་ཞིག་ཀྱང་ཡིན་པར་འདོད་དོ། །
       གོང་དུ་ཕི་ལ་ཐོ་ཡིས་སྙན་ངག་ལ་ཕྱོགས་གསུམ་ནས་དགག་ཅིང་། ཨ་རི་སི་ཏོལ་གྱིས་རང་གི་དགེ་རྒན་དང་ལྟ་བ་ཐ་དད་པ་འཛིན་པའི་ཚུལ་རྣམས་བསྟན། ཕི་ལ་ཐོ་ཡིས་སྙན་ངག་གི་རང་བཞིན་ནི་ལད་མོའི་ལད་མོ་ཡིན་པས། གང་དེ་གཞི་གྲུབ་པའི་རིམ་པ་ཧ་ཅང་དམའ་བས་དོ་སྣང་བྱ་རིན་མེད་པར་འདོད་པ་དང་། སྙན་ངག་གིས་བརྩེ་དུང་ཆེ་རུ་བསྐྱེད་པས། དེ་དག་དཔྱོད་ཤེས་ཀྱི་དབང་དུ་མི་འགྲོ་བ་དང་། སྙན་ངག་རྩོམ་པ་ནི་ལྷ་འབབ་པ་ལྟ་བུ་ཡིན་པས་ཡིད་རྟོན་མི་རུང་བར་བཞེད་ཅིང་། ཨ་རི་སི་ཏོལ་གྱིས་དགེ་རྒན་གྱི་དགག་པ་འདི་གསུམ་ལ་རིམ་ཅན་དུ་དགག་ལན་བསྐྱོན་ཡོད།
གཉིས་པ། སྙན་ངག་གི་འབྱུང་ཁུངས་དང་ངོ་བོ་བསྟན་པ།
       ཨ་རི་སི་ཏོལ་གྱིས་རང་གི་དགེ་རྒན་ལ་བྱེ་བྲག་ཏུ་དགག་ལན་ཇི་ལྟར་གནང་པའི་སྐོར་ནས། གཤམ་དུ«སྙན་ངག་རིག་པ»ཞེས་པའི་བསྟན་བཅོས་འདི་ཡི་བརྗོད་དོན་དང་འབྲེལ་ཏེ། ཨ་རི་སི་ཏོལ་གྱིས་སྙན་ངག་ནི“ལད་མོའི་སྒྱུ་རྩལ”ཡིན་པའི་རང་བཞིན་ལ་ཇི་ལྟར་ལྟ་བ་དང་། སྐྱོ་གར་རྩོམ་པའི་རྣམ་གཞག་དང་། སྐྱོ་གར་གྱི་བརྩེ་དུང་ལ“བཙོ་སྦྱོང”བྱ་བའི་ཡོན་ཏན་བཅས་ལ་དམིགས་ནས་བརྗོད་པར་བྱའོ། །
       ཨ་རི་སི་ཏོལ་གྱིས«སྙན་ངག་རིག་པའི»བསྟན་བཅོས་ཀྱི་དབུར། ཚུལ་སྣ་ཚོགས་པའི་སྙན་ངག་ཐམས་ཅད་རང་བཞིན་གྱི་ཆ་ནས་ལད་མོར་བྱེད་པ་སྟེ། དེ་ཡང་བྱེ་བྲག་ཕྱེད་པར་བཤད་ན། དེ་ནི་སྐྱེ་བོ་རྣམས་དང་དེ་དག་གི་ལུས་ངག་གི་སྦྱོར་བ་ལ་ལད་མོ་བྱེད་པ་ཡིན་ཞིང་། ལད་མོ་ནི་སྙན་ངག་གི་འབྱུང་གནས་སུ་བསྟན་ཡོད། ཨ་རི་སི་ཏོལ་གྱིས་སྐྱེ་བོ་རྣམས་སྙན་ངག་རྩོམ་པ་ལ་འཇུག་པར་རྒྱུ་གཉིས་ཡོད་པར་བཞེད།
       ཐོག་མར་འོ་སྐོལ་ལ་ཆུང་ངུའི་དུས་ནས་ལད་མོ་བྱ་བའི་ཡོན་ཏན་རང་ཆས་སུ་ཡོད་པར་མ་ཟད། རང་ཅག་རྣམས་ཀྱི་རྒྱུད་ལ་འབྱོར་བའི་ཆོས་ཕལ་ཆེ་བ་ལད་མོ་ལས་བསླབས་པ་ཡིན། འདི་ཡང་གོ་སླ་བར་སྣང་སྟེ། བྱིས་པ་རྣམས་ནི་ཆུང་ངུའི་གནས་སྐབས་སུ་དར་མ་དག་གི་ངག་ལ་ལད་མོ་བྱས་ཏེ་སྐད་ཆ་བསླབས་པ་ཡིན་ལ། འོ་སྐོལ་གྱིས་ནི་དཔེ་ཆའི་ངོས་ཀྱི་ཡི་གེར་ལད་མོ་བྱས་ཏེ་ཡི་གེ་འབྲི་ཚུལ་བསླབས་པ་ཡིན་ཞིང་། རང་ཅག་རྣམས་ཀྱིས་དར་མའམ་ཡང་ན་དགེ་རྒན་གྱི་བྱ་ལུགས་སྤྱོད་སྟངས་ལ་གཞིགས་ནས་ལས་ལ་འཇུག་ཚུལ་བསླབས་པ་ཡིན་པས། སྐྱེ་བོ་རྣམས་ཀྱི་བསླབ་པ་མ་ལུས་པ་ལད་མོ་ལས་བྱུང་བ་ཡིན།
       དེ་ནས་འོ་སྐོལ་ལ་ལད་མོ་ལས་བདེ་བ་འཐོབ་པར་འགྱུར་ཞིང་། འདི་ཡང་གོ་སླ་བ་ཡིན་ཏེ། རང་ཉིད་ལད་མོ་ལ་དགའ་བར་མ་ཟད། གཞན་དང་གཞན་ལད་མོ་ལ་འཇུག་པར་ཡང་དགའ་སྟེ། དཔེར་ན་གློག་བརྙན་ལ་ལྟ་བ་ཇི་བཞིན་ནོ། །དེ་ལ་ཨ་རི་སི་ཏོལ་གྱིས་མཚན་གཞི་ཞིག་བཀོད་ནས་གསལ་བར་བསྟན་ཡོད་དེ། རང་ཅག་རྣམས་ནི་ཤི་བའི་རོ་དང་གཅན་གཟན་འཇིགས་སུ་རུང་བ་ལ་སྐྱུག་མེར་བའམ་འཇིགས་ཡེར་བར་བྱེད་མོད། འདི་དག་ཐམས་ཅད་ཞིབ་འབྲི་བྱས་ཡོད་པ་ལྟ་བུ་སྟེ། དཔེར་ན་ཏ་ཝེ་ཡི་རི་མོ་སྐད་གྲགས་ཅན«ཝ་ལ་འདས་པ»ལྟ་བུའམ། ཡང་ན་རི་མོ་མཁས་ཅན་ཀྲང་ཧྲན་མ་ཡིས་བྲིས་པའི་སྟག་གི་རི་མོ་ལ་ལྟ་བའི་ཚེ་ན། སྐྱུག་མེར་བའམ་འཇིགས་ཡེར་བའི་སྣང་བ་མི་འབྱུང་བར། རི་མོ་མཁས་ཆེན་འདི་དག་གི་འབྲི་རྩལ་ལ་སྙིང་ནས་བསྔགས་པ་བརྗོད་པ་དང་། ཐ་ན་འོ་སྐོལ་མི་བདེ་བར་བྱེད་པའི་ཆོས་འདི་དག་གི་མདུན་དུ་ཡང་དང་བསྐྱར་དུ་དེ་ལ་ལྟ་བར་བྱེད། འདི་ཡིས་ལད་མོ་ཡིས་རང་ཅག་རྣམས་ལ་དགའ་བདེ་བསྐྱེད་པ་གསལ་བར་བསྟན་ཡོད།
       ཨ་རི་སི་ཏོལ་གྱིས་དགའ་བདེ་འདི་ལྟ་བུ་ལ་ད་དུང་རྒྱུ་ཟབ་མོ་ཞིག་ཡོད་པ་ནི་རང་རེས་ཆོས་རྣམས་བློ་ལ་ངེས་འདོད་ཀྱི་འདུན་པ་དེ་ཡིན་པར་བཞེད། དེ་ལ་ཁོང་གིས། སྐྱེ་བོ་རྣམས་ནི་རང་བྱུང་ལ་བརྟེན་ནས་གང་དེ་བློ་ལ་ངེས་པར་འདོད། ཅེས་པའི་ལེགས་བཤད་རྨད་དུ་བྱུང་བ་དེ་གསུངས། སྐྱེ་བོ་རྣམས་ཀྱི་དགོས་འདོད་འདི་ཉིད་ཚིམ་པར་གྱུར་ན་དགའ་བདེ་འབྱུང་ངེས་ཡིན། གོང་དུ་བསྟན་པ་ལྟར། ཨ་རི་སི་ཏོལ་གྱིས་ལད་མོ་ནི་གང་ཟག་གི་སློབ་གཉེར་བྱ་ཚུལ་ཞིག་ཡིན་པ་དང་། ལད་མོ་བྱས་པའི་བརྩམས་ཆོས་དག་ལས། རི་མོ་ཡིན་ནའང་འདྲ། རྡོ་བརྐོས་ཡིན་ནའང་ཆོག སྙན་ངག་ཡིན་ནའང་རུང་། དེ་དག་ཐམས་ཅད་ཀྱིས་ང་ཚོར་དགའ་བདེའི་ཚོར་བ་བསྐྱེད་ངེས།
སྙན་ངག་ནི་ལད་མོའི་མཚམས་སྦྱོར་བྱེད་དང་། ཐབས་དང་། ཡུལ་ཐ་དད་པར་གཞིགས་ནས་རིགས་ཀྱི་དབྱེ་བ་འབྱེད་པ་ཡིན། ལད་མོའི་མཚམས་སྦྱོར་བྱེད་ཅེས་པ་ནི་སྙན་ངག་པས་དབྱངས་ལ་འགུག་པ་ཡིན་ནམ་ངག་ལ་གྱེར་ཏེ་ལད་མོ་བྱེད་པར་བསྟན་པ་དང་། ལད་མོ་བྱེད་ཐབས་ནི་སྙན་ངག་པས་རང་གི་ངག་བཞིན་འཆད་པ་ཡིན་ནམ་ཡང་ན་ཟློས་གར་མི་སྣའི་ངག་བཞིན་ལད་མོ་བྱེད་པ་དང་། དེ་མིན་སྙན་ངག་གི་སྡེབ་སྦྱོར་ཐ་དད་པར་ཡང་བསྟན་པ་ཡིན། ལད་མོ་བྱ་ཡུལ་ནི་གང་ཟག་སུ་དང་ལས་གང་ལ་ལད་མོ་བྱེད་པར་བསྟན་པའོ། །
       སྐྱོ་གར་དང་སྤྲོ་གར་ནི་ལད་མོ་བྱ་ཡུལ་ཐ་དད་པར་གཞིགས་ནས་རྣམ་པར་དབྱེ་བ་ཡིན་ཏེ། སྐྱོ་གར་ནི་མི་བཟང་པོ་དང་། མཆོག་ཏུ་གྱུར་པ་དང་བླ་ན་མེད་པར་ལད་མོ་བྱས་ཏེ། གང་དེས་ལྟད་མོ་པར་གུས་པའི་ཉམས་ཀྱིས་དཔའ་བོ་དག་གི་བྱུང་བ་དང་སྐྱིད་སྡུག་ཉམས་སུ་མྱོང་བར་བྱེད་ཅིང་། སྙན་ངག་འདི་ལྟ་བུས་སྐྱེ་བོ་རྣམས་ལ་དད་གུས་དང་། འཇིགས་སྣང་ངམ་ཡང་ན་གདུང་སེམས་སྐྱེ་བར་བྱེད། སྤྲོ་གར་གྱིས་མི་ངན་པ་དང་། དམན་པ་དང་། ཐ་ཤལ་བ་ལ་ལད་མོ་བྱས་ཏེ། གང་དེས་ལྟད་མོ་པར་སྤོབས་པའི་ཉམས་དང་བཅས་ཏེ། མཐོང་ཆུང་གི་ཚུལ་གྱིས་ཟློས་གར་ནང་གི་མི་སྣ་དག་གི་གླེན་ཞིང་ལྐུགས་པའི་ཆ་ལ་ཉམས་སུ་མྱོང་ཞིང་། དེ་ལས་འཕྱ་དམོད་དང་དགའ་བདེའི་ཚོར་བ་ཞིག་འབྱུང་བར་འགྱུར་རོ། །
       ཨ་རི་སི་ཏོལ་གྱིས་ཧོ་མེར་ནི་སྐྱོ་གར་དང་སྤྲོ་གར་སྙན་ངག་པ་རྣམས་ཀྱི་ཐུན་མོང་གི་མེས་པོ་ཡིན་ལ། ཁོང་གི་དོན་བརྗོད་སྙན་ངག«ཨེ་ལི་ཡད»དང«ཨོ་ཌི་སིའེ་སི»གཉིས་ནི་སྐྱོ་གར་གྱི་འབྱུང་གནས་སུ་བལྟས་ཆོག་ཅིང་། དེ་གཉིས་ཀྱིས་གྷི་རིག་དང་གྲོང་ཁྱེར་ཋོར་ཡེ་ཡི་དཔའ་བོ་དང་། ལྷ་ཚོགས་ཀྱི་མཛད་སྤྱོད་དེ། ཐམས་ཅད་འཇོམས་ཤིང་སྐྱོ་གར་གྱི་ཉམས་དང་བཅས་པའི་བགྱི་བ་དག་ཞིབ་འབྲི་བྱས་ཡོད། ཧོ་མེར་གྱི་བོར་བརླག་བྱུང་བའི་བརྩམས་ཆོས«མ་ཨེར་སི་ཐི་སི»ཞེས་པ་ནི་གྷི་རིག་གི་ཟུར་ཟའི་སྙན་ངག་ཐོག་མ་ཡིན་ལ། འདི་ཉིད་ཕྱིས་སུ་སྤྲོ་གར་དུ་འགྱུར།
       ཨ་རི་སི་ཏོལ་ལགས་ཀྱིས་སྙན་ངག་གི་རང་བཞིན་ནི་ལད་མོའི་སྒྱུ་རྩལ་ཞིག་ཡོད་པར་འཐད་ཀྱང་། ཕི་ལ་ཐོ་ནང་བཞིན་ལད་མོ་བྱས་པས་མི་ལེགས་པར་མི་འདོད། དེ་ལས་ལྡོག་སྟེ། ཁོང་གིས་ལད་མོ་ནི་འགྲོ་བ་མིའི་གཉུག་གཤིས་ཡིན་པ་དང་། འོ་སྐོལ་གྱིས་བསླབ་པ་དོན་དུ་གཉེར་བའི་ལམ་བུ་དང་། གཞན་ལ་ལད་མོ་བྱ་བ་དང་གཞན་གྱིས་ལད་མོ་བྱ་བར་ལྟ་བའི་ཚེ་ན། རང་ཅག་རྣམས་ལ་དགའ་བདེ་འབྱུང་བར་འདོད། སྙན་ངག་ནི་ལད་མོའི་མཚམས་སྦྱོར་བ་དང་། ལད་མོ་བྱེད་ཐབས། ལད་མོ་བྱ་ཡུལ་ལ་གཞིགས་ནས་རིགས་ཀྱི་དབྱེ་བ་འབྱེད་པ་ཡིན།
གསུམ་པ། སྐྱོ་གར་གྱི་མཚན་ཉིད་དང་རྒྱུ། ད་དུང་ཐབས་རྩལ་སྐོར་བསྟན་པ།
       སྐྱོ་གར་ནི«སྙན་ངག་རིག་པའི»སྙིང་པོར་ངེས་པས། གཤམ་དུ་ཨ་རི་སི་ཏོལ་གྱིས་སྐྱོ་གར་གྱི་སྐོར་ཇི་ལྟར་གླེང་བ་བརྗོད་པར་བྱ། ཁོང་གིས་སྙན་ངག་རྩོམ་པ་ལ་རྩོམ་པའི་རྣམ་གཞག་དང་བཅས་པར་འདོད་ཅིང་། སྙན་ངག་པ་དག་གིས་ཐུན་མོང་སྤྱི་ལ་ཁྱབ་པའི་གནས་ལུགས་ཁ་ཤས་ལ་མཉམ་འཇོག་བྱས་ན། རང་གི་སྙན་རྩོམ་ལེགས་པར་འཁྱོངས་པར་བཞེད།
       གོང་དུ་བསྟན་པ་ཇི་བཞིན། སྒྲ་ཡངས་པའི་སྒོ་ནས་བཤད་ན། སྐྱོ་གར་ནི་མི་དང་དོན་མཆོག་ཏུ་གྱུར་པ་ལ་ལད་མོ་བྱས་པར་བཤད་པ་ཡིན་མོད། འདི་ཡང་སྐྱོ་གར་གྱི་མཚན་ཉིད་མིན། ཨ་རི་སི་ཏོལ་གྱིས་སྐྱོ་གར་ལ་མཚན་ཉིད་ཅུང་ཟད་གོ་དཀའ་བ་ཞིག་བཞག་ཡོད། ཁོང་གིས། སྐྱོ་གར་ནི་ལས་ཀྱི་བགྱི་བ་གཟབ་ནན་ཅན་དང་། ཆ་ཚང་བ། ཡུན་རིང་བ་ཞིག་ལ་ལད་མོ་བྱས་པ་ཡིན་ཞིང་། ལེགས་པར་སྦྱར་བའི་ཚིག་གི་སྦྱོར་བ་བརྟེན་ནས། རྗོད་བྱེད་ཐ་དད་པའི་ཚུལ་དག་ཟློས་གར་གྱི་ཡན་ལག་མི་གཅིག་པར་སྤྱོད། གང་དེ་མི་སྣའི་བྱ་བྱེད་ལ་ལད་མོ་བྱེད་པ་ཡིན་གྱི། ཞིབ་བརྗོད་ལ་ནི་མ་ཡིན། གདུང་སེམས་དང་འཇིགས་སྣང་བསྐྱེད་པར་བརྟེན་ནས། བརྩེ་དུང་འདི་དག་ལ་བཙོ་སྦྱོང་འཐོབ། ཅེས་གསུངས། དེའི་འཕྲོར་ཁོང་གིས་མཚན་ཉིད་འདི་ལ་ཞིབ་མོ་རྣམ་འཐག་གིས་དཔྱད་ཡོད་ཅིང་། རྩོམ་རིག་མཐའ་དཔྱོད་ལས་མིང་དུ་གྲགས་པའི་སྐྱོ་གར་གྱི་རྒྱུ་དྲུག་ཅེས་པ་གླེང་ཡོད། བྱེ་བྲག་ཏུ་བཤད་ན། སྐྱོ་གར་གྱི་རྒྱུ་དྲུག་ནི་བྱུང་རིམ་དང་། མི་སྣའི་གཤིས་རྒྱུད་ཀྱི་ཞིབ་འབྲི། ཟློས་གར་ཁྲོད་ཀྱི་མི་སྣའི་བསམ་བློ། སྐྱོ་གར་གྱི་སྐད་ཆ། ཟློས་གར་ཁྲོད་ཀྱི་མཉམ་ལེན། གོན་པ་དང་འཁྲབ་ཆས་འདུ་བའི་ཟློས་གར་གྱི་ཁོར་ཡུག་བཅས་སོ། ། འདིར་ཐོག་མར་རྒྱུ་ཕྱི་མ་ལྔ་བསྟན་ཏེ། མཐར་རྒྱུ་གཙོ་བོ་སྟེ་ཟློས་གར་གྱི་བྱུང་རིམ་སྐོར་བརྗོད་པར་བྱ།
       ཨ་རི་སི་ཏོལ་གྱིས་ཟློས་གར་གྱི་ཁོར་ཡུག་གི་སྐོར་གླེང་བ་ཧ་ཅང་ཉུང་། འདི་ནི་ཟློས་གར་གསར་རྩོམ་གྱི་བརྗོད་སྙིང་མ་ཡིན་པས་ཡིན་ངེས། ཁོང་གིས་ཟློས་གར་རྩོམ་མཁན་གྱིས་འཁྲབ་ལྭ་དང་ཁོར་ཡུག་ལ་སོགས་པའི་ཕྱིའི་ཡན་ལག་ལ་བརྟེན་ནས་སྐྱེ་བོ་རྣམས་ལ་འཇིགས་སྣང་བསྐྱེད་མི་རུང་བར། ཟློས་གར་གྱི་ནང་གི་དོན་ལ་ལྷག་པར་ནན་ཏན་བྱེད་དགོས་པར་བརྣན་ཡོད། སྐྱོ་གར་གྱི་མཉམ་གྱེར་མཉམ་ལེན་ཡང་འབྱོར་བ་དང་། སྐད་ཆའང་བརྗོད་དོན་གཙོ་བོར་འཕྲོད་དགོས། མི་སྣའི་གཤིས་ཀ་དང་བསམ་བློ་ནི་སྐྱོ་གར་གྱིས་ལད་མོ་བྱ་བའི་ཡུལ་ཡིན། སྐྱོ་གར་ལས་ཞིབ་འབྲི་བྱས་པའི་མི་སྣ་ནི་ངེས་པར་མཆོག་ཏུ་གྱུར་པ་ཞིག་ཡིན་དགོས་ལ། ལྷ་སྒྲུང་དང་ལོ་རྒྱུས་ཁྲོད་ཀྱི་ཁྱིམ་རྒྱུད་སྐད་གྲགས་ཅན་ཞིག་ཡིན་ན་རབ་ཡིན། ཡིན་ཡང་སྐྱོ་གར་གྱི་མི་སྣ་གཙོ་བོ་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཞིག་ཡིན་མི་འོས་ཏེ། དེ་ལྟ་ན་ལྟད་མོ་པས་ཁོའི་ལས་དབང་སྐྱོ་བོ་ལ་གདུང་སེམས་སྐྱེ་བར་མི་འགྱུར། སྐྱོ་གར་མི་སྣའི་ཞིབ་འབྲི་ལ་སྔ་ཕྱི་མཐུན་དགོས་ཤིང་། ལུགས་དང་མི་མཐུན་པའི་འགྱུར་བ་འབྱུང་མི་འོས་ལ། གང་དེའི་བསམ་བློ་དང་གཤིས་ཀ་ནི་ཡོངས་སུ་མཐུན་དགོས། མི་སྣའི་གཤིས་ཀ་དང་བསམ་བློ་ཞིབ་འབྲི་བྱ་བར་དཔེ་གཞི་བྱས་ཏེ་འུད་བརྗོད་བྱས་ནས། ལྟད་མོ་པར་སྔར་བས་གསལ་པོར་མཐོང་དུ་འཇུག་དགོས།
       རྒྱུ་སྔ་མ་ལྔ་བསྟན་ཏེ། ད་ནི་རྒྱུ་དང་པོ་སྟེ་སྐྱོ་གར་གྱི་བྱུང་རིམ་སྐོར་གླེང་ན། ཨ་རི་སི་ཏོལ་གྱིས་བྱུང་རིམ་ནི་སྐྱོ་གར་གྱི་རྩ་བ་དང་བླ་སྲོག་ཡིན་པར་འདོད་དེ། “ལས་ཀྱི་བགྱི་བ་གཟབ་ནན་ཅན་དང་། ཆ་ཚང་བ། ཡུན་རིང་བ”ཞིག་ལ་ལད་མོ་བྱ་བ་ནི་སྐྱོ་གར་གྱི་དམིགས་ཡུལ་ཡིན། བྱུང་རིམ་ལ“གཟབ་ནན”དགོས་པ་ནི་གོང་དུ་བསྟན་ཟིན། སྐྱོ་གར་དང་སྤྲོ་གར་གྱི་ཁྱད་པར་ནི་གང་དེའི་ལད་མོ་ལ་གཟབ་ནན་གྱི་ཉམས་དང་ལྡན་མིན་ཡིན་པས། མཁས་པ་ཁ་ཅིག་གིས་སྐྱོ་གར་ཞེས་པ་ན་གཟབ་ནན་གྱི་ཟློས་གར་དུ་བསྒྱུར་བར་རིགས་ཞེས་དགོངས་འཆར་འདོན་མཁན་ཡང་ཡོད། “ཆ་ཚང་བ”ཞེས་པ་ནི་སྐྱོ་གར་གྱི་བྱུང་རིམ་ལ་ཐོག་མའི་མགོ་རྩོམ་པ་དང་། བར་གྱི་འཕེལ་རྒྱས། མཐའ་མའི་འབྲས་བུ་བཅས་ཡོད་པར་མ་ཟད། ཡན་ལག་འདི་གསུམ་ལ་ལུགས་དང་མཐུན་པའི་འབྲེལ་བ་དང་རང་བཞིན་དུ་འཕེལ་དགོས་པར་བསྟན། “རིང་ཚད་ངེས་ཅན”ཞེས་པ་ནི་སྐྱོ་གར་གྱི་བྱུང་རིམ་ནི་ཐུང་དྲགས་པ་དང་རིང་དྲགས་པའི་མཐའ་གཉིས་དང་བྲལ་བའི་དབུས་ལ་གནས་པ་ཞིག་ཡིན་དགོས་པར་བཤད་པའོ། །
བྱུང་རིམ་ཆ་ཚང་བ་དང་རིང་ཚད་གླེང་བའི་ཚེ་ན། ཨ་རི་སི་ཏོལ་གྱིས་མིང་དུ་གྲགས་པའི“མཛེས་པའི”མཚན་ཉིད་བཏོན་ཡོད། ཁོང་གིས་ཆ་ཤས་མ་འདྲ་བ་ལས་གྲུབ་པའི་ཆོས་གང་ཡང་རུང་བ་ཞིག་མཛེས་པར་འདོད་པ་ལ་ཆ་རྐྱེན་གཉིས་འཛོམས་དགོས་པར་བཞེད། དང་པོ་ནི་ཆ་ཤས་སོ་སོ་འདུས་པ་ལ་མཐུན་ཞིང་གོ་རིམ་དང་ལྡན་དགོས་ཏེ། སྐྱོ་གར་གྱི་གསར་རྩོམ་ལ་མཚོན་ན། བྱུང་རིམ་གཙོ་བོར་དམིགས་ཏེ་ཐོག་མའི་མགོ་རྩོམ་པ་དང་། བར་གྱི་འཕེལ་རྒྱས་དང་། མཐའ་མའི་འབྲས་བུ་བཅས་ནི་བརྗོད་དོན་གཙོ་བོ་འདི་ལས་འབུར་དུ་ཐོན་དགོས། ཡན་ལག་ཕྲ་ཞིང་ཕྲ་བ་མངས་མི་རུང་བར། ཆ་ཤས་སོ་སོ་འདུས་པ་ལ་ལེགས་པར་འཕྲོད་ཅིང་། ཆ་ཤས་གང་ཡང་རུང་བ་ཞིག་བླངས་པའམ་གཞན་དུ་བཀོད་ཀྱང་རྩོམ་སྤྱིའི་ཆ་ཚང་བའི་རང་བཞིན་ལ་གནོད་པ་ཞིག་དགོས། “མཛེས་པ”ཡི་ཆ་རྐྱེན་གཞན་ཞིག་ནི་ཆོས་དེ་ལ་ཆེ་ཆུང་ངེས་ཅན་ཞིག་ཡོད་དགོས་ཤིང་། ཆེ་དྲགས་པ་དང་ཆུང་དྲགས་པ་གཉི་ག་མི་རུང་ངོ་། ། གལ་སྲིད་ཆུང་དྲགས་ན་ཡུན་རིང་པོར་མ་ཅེར་ན་ཡན་ལག་ཕྲ་བ་རྣམས་མཐོང་མི་བཏུབ་པའམ་ཡང་ན་རབ་རིབ་ཅན་དུ་སྣང་། དེ་ལས་ལྡོག་སྟེ་ཆེ་དྲགས་ན། གང་དེ་རྔམ་ཞིང་བརྗིད་པར་བརྗོད་ཀྱང་ཡིད་དུ་འོང་བར་མཐོང་དཀའ་སྟེ། སྐད་ཅིག་མའི་ཡུན་ལ་དེའི་ཆ་ལག་ཡོངས་སུ་རྫོགས་པ་མཐོང་མི་ཐུབ་ཅིང་། སྐྱོན་དང་བཅས་པར་སྣང་ངེས་པའི་ཕྱིར་རོ། །
       མཛེས་པའི་མཚན་ཉིད་དེ་ལ་གཞིགས་ནས། ཨ་རི་སི་ཏོལ་གྱིས་སྐྱོ་གར་གྱི་བྱུང་རིམ་ལ་རིང་ཚད་ངེས་ཅན་ཞིག་དགོས་ཤིང་། ལྟད་མོ་པ་ལ་ཆིག་རྐྱང་བར་འདོད་པ་དང་། ཡང་ན་རྙོག་འཛིང་ཆེ་བར་འདོད་དེ་ཕྱི་མར་བལྟས་ན་སྔ་མ་བརྗེད་པ་ལྟ་བུར་མི་རུང་། ཆ་རྐྱེན་འདི་གཉིས་ཚིམ་རྗེས་སྐྱོ་གར་གྱི་བྱུང་རིམ་ནི་ཅུང་ཟད་རིང་ན་ལེགས་པ་ཡིན། དུས་རབས17པ་ནས་དུས་རབས18པར་ཡོ་རོབ་གླིང་གི་ཟློས་གར་རྩོམ་པ་ལ་ཁྲིད་སྟོན་བྱས་པའི་རྣམ་གཞག་སྐད་གྲགས་ཅན“གཅིག་ཅན་གསུམ་གྱི་རྣམ་གཞག”ཞེས་པར་ཡང་། ཟློས་གར་གཅིག་གི་བརྗོད་པར་བྱ་བའི་གཏམ་རྒྱུད་ནི་ཉི་མ་གཅིག་གི་ནང་དུ། ཡུལ་ལྗོངས་གནས་གཅིག་ཏུ། བྱུང་རིམ་ནི་བརྗོད་དོན་གཙོ་བོ་གཅིག་གི་རྗེས་སུ་འཇུག་དགོས་པར་བཤད་ལ། འདི་ནི་ཨ་རི་སི་ཏོལ་གྱིས་སྐྱོ་གར་གྱི་བྱུང་རིམ་ལ་བླང་བྱ་བཏོན་པ་ལས་འཕྲོས་ཏེ་ཟློས་གར་རྩོམ་པའི་རྩ་དོན་དུ་འགྱུར་བ་ཡིན་ནོ། །
       གཟབ་ནན་དང་། ཆ་ཚང་བ། རིང་ཚད་ངེས་ཅན་ཡོད་པ་བཅས་ནི་སྐྱོ་གར་གྱི་བྱུང་རིམ་ལེགས་པོ་ཞིག་གི་རྩ་བའི་བླང་བྱ་ཡིན། འདི་ཡང་འདི་གསུམ་ལེགས་པར་འཁྱོངས་ཀྱང་སྐྱོ་གར་ཁྱད་དུ་འཕགས་པ་ཞིག་འགྲུབ་པར་མ་ངེས། དེ་ན་ཨ་རི་སི་ཏོལ་གྱིས་སྐྱོ་གར་གྱི་བྱུང་རིམ་ལེགས་པོ་ཞིག་ལ་ད་དུང་བླང་བྱ་དེ་ལས་ལྷག་པ་ཅི་ཞིག་བཏོན་ཡོད་དམ།
       དེ་ནི་སྐྱོ་གར་གྱི་མཚན་ཉིད་ལས་བསྟན་པའི་ཚིག་མཐའ་མ་སྟེ། སྐྱོ་གར་གྱི་བྱུང་རིམ་གྱིས་འཇིགས་སྣང་དང་གདུང་སེམས་བསྐྱེད་དགོས་ཞེས་པ་དེ་ཡིན། འཇིགས་སྣང་དང་གདུང་སེམས་ཆེས་ཆེར་སྐྱེད་བྱེད་ནི་བྱུང་རིམ་གི་རྒྱུ་གཙོ་བོ་གསུམ་ཡིན། དེ་གསུམ་གང་ཞེ་ན། དང་པོ་ནི་གློ་བུར་དུ་འགྱུར་བ་སྟེ། བྱུང་རིམ་ལ་གློ་བུར་དུ་འགྱུར་བ་བྱུང་ནས། ལྟད་མོ་པ་རྣམས་ཀྱི་བསམ་ཡུལ་ལས་འདས་པ་དང་། དེ་བཞིན་དུ་འགྱུར་བ་འདི་ཡང་ལུགས་དང་མཐུན་པར་གྲུབ་པ་དེ་ཡིན། གཉིས་པ་ནི་གསར་དུ་རྟོགས་པ་སྟེ། ཟློས་གར་ཁྲོད་ཀྱི་མི་སྣས་ལྟད་མོ་རྣམས་ཁྲིད་དེ་མཉམ་དུ་གསར་རྟོགས་འབྱུང་ཞིང་། དོན་དངོས་གསར་དུ་རྟོགས་པ་དེས་སྐྱེ་བོ་རྣམས་ལ་དགའ་བདེ་ཚད་མེད་པ་ཞིག་སྦྱིན། སྐྱོ་གར་གྱི་བྱུང་རིམ་ལེགས་ཤོས་ནི་གློ་བུར་དུ་འགྱུར་བ་དང་གསར་དུ་རྟོགས་པ་གཉིས་དུས་མཉམ་དུ་མངོན་པར་མ་ཟད། དོན་དངོས་གསར་དུ་རྟོགས་པ་དེས་བྱུང་རིམ་ལ་གློ་བུར་དུ་འགྱུར་བ་བཟོས་པ་དེ་ཡིན། འཇིགས་སྣང་དང་གདུང་སེམས་བསྐྱེད་པའི་རྒྱུ་གསུམ་པ་ནི་དཀའ་སྡུག་ཡིན། སྐྱོ་གར་གྱིས་འབྲི་བཞེངས་བྱེད་པ་ནི་སྐྱེ་བོ་མཆོག་ཏུ་གྱུར་པ་རྣམས་ཡིན་ལ། ནོར་འཁྲུལ་དང་། རྐྱེན་གློ་བུར་བའམ་ཡང་ན་ལས་དབང་གི་གོད་ཆག་གིས་དཀའ་སྡུག་མྱོང་བ་ཡིན་གྱི། རང་གི་སྤྱོད་ལམ་ངན་པའི་དབང་གིས་ནི་མ་ཡིན་ནོ། །སྐྱོ་གར་གྱི་བྱུང་རིམ་ལ་གནད་འདི་གསུམ་ཚང་ན། བརྩེ་དུང་ལ་གཡོ་སྐྱོམ་ཆེན་པོ་ཞིག་ཐེབས་པར་འགྱུར་ཞིང་། ལྟད་མོ་པ་རྣམས་བྱུང་རིམ་ལ་འཇིགས་སྣང་སྐྱེ་བ་དང་། མི་སྣ་གཙོ་བོ་ལ་གདུང་སེམས་སྐྱེ་ངེས་པས། བྱུང་རིམ་འདི་ལྟ་བུས་སྐྱེ་བོ་རྣམས་ཀྱི་ཡིད་ཀྱི་བརྟན་པ་ཆེས་ཆེར་འཕྲོག་པར་བྱེད་དོ། །
       ཨ་རི་སི་ཏོལ་གྱིས་སྐྱོ་གར་གྱི་བྱུང་རིམ་གོ་སྒྲིག་ཐད་མཛེས་སྡུག་ལྷུན་གྱིས་གྲུབ་པའི་དཔེ་གཞི་ནི་སོ་ཧྥ་ཀ་ལི་ཟི་ཡིས་མཛད་པའི་མིང་དུ་གྲགས་པའི་ཟློས་གར«རྒྱལ་པོ་ཨེ་ཌ་ཕེ་སི»ཞེས་པ་དེ་ཡིན་པར་བསྔགས། ཟློས་གར་འདི་ཡི་སྟོད་ཆར། རྒྱལ་པོ་ཨེ་ཌ་ཕེ་སི་ཡིས་སི་བྷེ་སི་རྒྱལ་ཁབ་ཀྱི་རྒྱལ་པོ་སྔོན་མ་བསད་པ་ལས་ཡུལ་དེར་ཡམས་ནད་ཀྱིས་ཁྱབ་པར་བྱས་པའི་ལག་དམར་གང་དེ་རྩད་གཅོད་བྱས་པ་དང་། ཟློས་གར་གྱི་འགལ་བ་ནི་ཟམ་མི་ཆད་པར་གཅིག་ཏུ་སྒྲིལ་གྱིན་ཡོད་ལ། བརྟག་ཅིང་དཔྱད་མཐར་རང་ཉིད་ནི་ཕ་བསད་ཅིང་མ་ཆུང་མར་ལེན་པ་དང་། ད་དུང་ཡུལ་དེར་ཡམས་ནད་ཀྱིས་ཁྱབ་པར་བྱས་པའི་གཏེ་བོ་ཡིན་ཚུལ་གློ་བུར་དུ་རྟོགས། ཁོས་ཕ་བསད་ཅིང་མ་ཆུང་མར་ལེན་པའི་ཉེས་པ་ནི་རང་གི་སྤྱོད་ལམ་འཆལ་བས་མ་ཡིན་པར། ཁོ་རང་ཕ་ནི་གསོད་ཅིང་མ་ནི་ཆུང་མར་ལེན་ཞེས་པའི་ལྷའི་ལུང་བསྟན་ལས་གཡོལ་འདོད་པས་ཡིན། དོན་དངོས་འཇིགས་སུ་རུང་བ་རྟོགས་རྗེས་མ་ཡུམ་གྱིས་རང་སྲོག་བཅད་ལ། རང་གིས་ཀྱང་མིག་ཟུང་དྲུས་ཏེ་རང་གི་རྒྱལ་ཁབ་ལས་རང་གིས་རང་ཉིད་རྒྱང་ཕུད་བྱས། འདིར་སྐྱོ་གར་གྱི་བྱུང་རིམ་ནི་གློ་བུར་དུ་འགྱུར་ལ། གློ་བུར་དུ་འགྱུར་བ་དང་། གསར་དུ་རྟོགས་པ་དང་། དཀའ་སྡུག་ཅེས་པའི་འཇིགས་སྣང་དང་གདུང་སེམས་སྐྱེད་བྱེད་ཀྱི་རྒྱུ་གསུམ་ཡང་ལྟད་མོ་པའི་མདུན་ལ་འགྲན་པ་བཞིན་དུ་འཕྱུར་ཡོང་བས། སྐྱེ་བོ་རྣམས་ཀྱི་ཡིད་ཀྱི་མཚོ་མོ་རབ་ཏུ་སྐྱོམ་པར་བྱེད་དོ། །
བཞི་པ། སྐྱོ་གར་གྱི་ཡོན་ཏན་བསྟན་པ།
       སྐྱོ་གར་གྱིས་འཇིགས་སྣང་དང་གདུང་སེམས་བསྐྱེད་པ་ལ་བརྟེན་ནས་བཙོ་སྦྱོང་གི་དགེ་མཚན་འདོན་པར་བྱེད་ཅིང་། འདི་ནི«སྙན་ངག་རིག་པ»ལས་ཆེས་མིང་དུ་གྲགས་པ་དང་། དེ་བཞིན་རྩོད་གླེང་ཆེས་ཆེ་བའི་བརྗོད་གཞི་ཞིག་ཡིན། ཨ་རི་སི་ཏོལ་གྱིས་སྐྱོ་གར་གྱི་ཡིད་དབང་འགུག་པའི་ནུས་པ་ནི་གཙོ་བོ་སྐྱེ་བོ་རྣམས་ལ་བརྩེ་དུང་ལ་ངར་བླུད་ཅིང་། ཁྱད་པར་དུ་འཇིགས་སྣང་དང་གདུང་སེམས་ལ་བརྟེན་པར་བྱེད་ལ། འདི་གཉིས་བསྐྱེད་པ་ནི་ཕི་ལ་ཐོ་ཡི་འདོད་པ་ནང་བཞིན་མ་རུང་བ་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ་བརྩེ་དུང་འདི་གཉིས་བསྐྱེད་པ་ལ་དགེ་མཚན་དང་ལྡན་པར་འདོད།
       «སྙན་ངག་རིག་པ»ཀློག་པ་དང་འདི་ལ་དཔྱད་པའི་སྐྱེ་བོ་ཐམས་ཅད་ཀྱིས། བཙོ་སྦྱང་ཞེས་པའི་བརྗོད་དོན་འདི་ནི་ཨ་རི་སི་ཏོལ་གྱི་གསུང་རྩོམ་འདི་རྟོགས་པ་ལ་ཧ་ཅང་གལ་ཆེ་བར་ཐུན་མོང་དུ་འདོད། ཡིན་ཡང«སྙན་ངག་རིག་པ»ཧྲིལ་པོ་ལས། ཁོང་གིས་སྐྱོ་གར་ལ་མཚན་ཉིད་འཇོག་དུས་འདི་ཉིད་གླེང་ཡོད་པ་ལས། གཞན་དུ་འདི་ལ་འགྲེལ་བཤད་གང་ཡང་གནང་མེད། མཁས་པ་མང་པོ་ཞིག་གིས། ཨ་རི་སི་ཏོལ་གྱིས་བོར་བརླག་བྱུང་བའི«སྙན་ངག་རིག་པའི»བམ་པོ་གཉིས་པ་ལས་བརྡ་ཆད་འདི་ལ་འགྲེལ་བཤད་གནང་ཡོད་པར་བཞེད། བཙོ་སྦྱང་ཞེས་པའི་མིང་འདིའི་གལ་ཆེ་བ་དང་མག་མོག་གི་རང་བཞིན་གྱིས་མཁས་པ་རྣམས་ལ་རྩོད་པའི་ང་རོ་བསྐྱེད། འདིར་ལྟ་བ་ཚབ་མཚོན་ཅན་གཉིས་བརྗོད་པར་བྱ།
       སྲོལ་རྒྱུན་གྱི་གོ་བས་མིང་འདིའི་གསོ་བ་རིག་པའི་ཕྱི་མོའི་དོན་གཙིགས་སུ་འཛིན་ཅིང་། འདི་ལ་རང་རེས་བཙོ་སྦྱང་ཞེས་པའི་མིང་འདིའི་གསོ་བ་རིག་པའི་འགྲེལ་བརྗོད་དུ་བཏགས་ཆོག གསོ་རིག་གི་གསུང་རྩོམ་རྣམས་སུ། འདི་ནི་སྦྱོང་སྨན་ཇི་བཞིན་ལུས་ཀྱི་མི་གཙང་བ་འདོར་བྱེད་དུ་གོ དོན་འདི་ལྟར་ན་སྐྱོ་གར་གྱི་ཡོན་ཏན་ནི་སྐྱེ་བོ་རྣམས་ཀྱི་ནང་སེམས་སུ་ཡུན་རིང་མནན་དྲགས་པའི་བརྩེ་དུང་སྟེ། ཁྱད་པར་དུ་འཇིགས་སྣང་དང་གདུང་སེམས་ལྟ་བུ་དབུགས་དབྱུང་བར་བྱས་པ་ལས། མི་རྣམས་ཅུང་ཟད་བློ་བདེ་བག་ཕེབས་པར་འཚོ་ཐུབ་པ་ལྟ་བུའོ། །
       སྲོལ་རྒྱུན་གྱི་འགྲེལ་པ་འདི་ཡིས་ཚད་ངེས་ཅན་ཞིག་ནས་སྐྱོ་གར་གྱི་ཡོན་ཏན་བསྟན་ཡོད། ཡིན་ཡང་ཉེ་བའི་ལོ་འདི་དག་གི་རིང་ལ། དོན་འདིས་མ་ཚིམ་པའི་མཁས་པ་ཇེ་མང་ནས་ཇེ་མང་ཡིན་ལ། ཁོ་ཚོས་འགྲེལ་ཡིས་མཛེས་སྡུག་ལྷུན་གྱིས་གྲུབ་པའི་སྐྱོ་གར་གྱི་ལྟད་མོ་པ་དག་ཟློས་གར་ཁང་དུ་ནད་བཅོས་བྱ་བར་ཡོང་བའི་ནད་པ་དག་ཏུ་བལྟས་ཏེ། སེམས་ཁམས་ཀྱི་སྨན་པར་སྟོན་པ་དང་ཆ་འདྲ་བར་འདོད། དེ་ལས་གཞན་དུ། འགྲེལ་བརྗོད་འདི་ཡིས་བརྩེ་དུང་གི་བཙོ་སྦྱང་དང་སྐྱོ་གར་གྱི་རང་བཞིན་གཉིས་གཞི་གཅིག་ཏུ་འབྲེལ་མེད། མཁས་པ་དེ་དག་གིས་བཙོ་སྦྱང་ནི་བརྩེ་དུང་ལ་དབུགས་དབྱུང་བ་ལྟ་བུ་ཞིག་མ་ཡིན་པར། འདི་དང་སྐྱོ་གར་ནི་ལད་མོའི་སྒྱུ་རྩལ་ཡིན་པའི་རང་བཞིན་གཉིས་དམ་པོར་འབྲེལ་ཡོད་ཅིང་། དེ་ལས་ཀྱང་གལ་ཆེ་བ་ནི་འདིའི་མི་ཆོས་ཀྱི་དགོངས་དོན་ཡིན། འདི་ནི་བརྡ་འདིའི་མི་ཆོས་ཀྱི་འགྲེལ་བརྗོད་དུ་བཤད་ཆོག
       སྐྱོ་གར་རྩོམ་མཁན་གྱིས་བྱུང་རིམ་ལེགས་པར་བཀོད་དེ། ལྟད་མོ་པར་འཇིགས་སྣང་དང་གདུང་སེམས་བསྐྱེད་ལ། བརྩེ་དུང་འདི་གཉིས་ཀྱིས་སྐྱེ་བོ་རྣམས་སྡུག་བསྔལ་བར་བྱེད་མོད། མི་རྣམས་ཀྱིས་སྐྱོ་གར་རྩོམ་མཁན་གྱི་ལད་མོ་བྱེད་ཐབས་ཁྱད་དུ་འཕགས་པར་རྐྱེན་བྱས་ཏེ་སྤྲོ་བ་བསྐྱེད། དེ་ནི་གོང་དུ་བསྟན་པ་ཇི་བཞིན། འོ་སྐོལ་གྱིས་ཤི་བའི་རོ་ཇི་བཞིན་པ་ཞིག་བྲིས་འདུག་པ་མཐོང་དུས་སྡུག་བསྔལ་བར་འགྱུར་མོད། དེ་བཞིན་དུ་སྤྲོ་བའང་བསྐྱེད་པར་འགྱུར། སྐྱོ་གར་གྱིས་ཐབས་འདི་ལྟ་བུ་ལ་བརྟེན་ནས། སྐྱེ་བོ་རྣམས་ལ་དུས་ཡང་དག་པར་མི་དང་དོན་ཡང་དག་པ་ལ་བརྩེ་དུང་ཡང་དག་པ་སྐྱེ་བར་འགྱུར་ཞིང་། འདི་ནི་ཨ་རི་སི་ཏོལ་གྱི་མི་ཆོས་རིག་པ་ལ་བསྟན་པའི“དབུ་མའི་རྣམ་གཞག”ཅེས་པ་དེ་ཡིན། མི་ཆོས་བཟང་སྤྱོད་ཀྱིས་རང་ཅག་རྣམས་ལ་བརྩེ་དུང་ནི་དབུ་མར་གནས་ཤིང་། འདིར་བསྟན་དབུ་མ་ནི་དཔྱོད་ཤེས་ཀྱི་བླང་བྱའོ། །དེ་ལྟར་ན་སྐྱོ་གར་གྱི་ཡོན་ཏན་ནི་མི་རྣམས་ཀྱིས་ཟློས་གར་བལྟས་པ་བརྒྱུད་ནས། སྐྱེ་བོ་མཆོག་རྣམས་ཀྱི་བསམ་བློ་དང་། གཤིས་རྒྱུད། མཛད་སྤྱོད་མཐོང་བར་འགྱུར་ལ། ནོར་འཁྲུལ་ཁ་ཤས་སམ་ཡང་ན་ལས་དབང་གི་རྐྱེན་པས་སྐྱེ་བོ་ཆེན་པོ་དེ་དག་མཐར་ཐུག་བརླག་པར་འགྱུར་བ་མཐོང་ཐུབ། འདི་ལས་ལྟད་མོ་པས་མི་དང་དོན་ཡང་དག་ལས་སྙིང་རྗེ་བ་དང་གདུང་སེམས་ཀྱི་ཚོར་བ་འབྱུང་ལ། བརྩེ་དུང་ལ་བཙོ་སྦྱང་བྱས་ཏེ། རང་གི་བརྩེ་དུང་ནི་དབུ་མ་དང་དཔྱོད་ཤེས་དང་ལྷག་པར་མཐུན་པར་བྱས་ཏེ། གཤིས་སྤྱོད་བརྟན་པོ་ཞིག་ཆགས་པར་བྱེད། དེར་བརྟེན། སྐྱོ་གར་དང་དེ་བཞིན་སྒྲ་ཡངས་པའི་སྙན་ངག་ལ་མི་ཆོས་དང་སློབ་གསོའི་དགེ་མཚན་ཆེན་པོ་དང་ལྡན་ནོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།