༄༅། །མི་ཚེ་ལ་ཚད་གཟུང་བར་མི་བྱ།

རྩོམ་པ་པོ།:སྒྲོལ་དཀར་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-09-05 08:51:58 ཀློག་གྲངས།:
༄༅། །མི་ཚེ་ལ་ཚད་གཟུང་བར་མི་བྱ།
རྩོམ་པ་པོ། ནཱེ་ཁི་ཧོའི་ཧྲི།
སྒྱུར་བ་པོ། སྒྲོལ་དཀར་ཚེ་རིང་།

 
༡ འཇིག་རྟེན་བྱེད་པོར་ཁོ་བོའི་མི་ཚེ་ལ་ཐུགས་བཀོད་ཅིག་ཡོད་དེ། དེ་ནི་བདག་གི་གཏམ་རྒྱུད་ཀྱིས་གཞན་ལ་རེ་བའི་འོད་སྣང་བསྩལ་རྒྱུ་དེ་རེད།
༢ མི་ཚེའི་སྐྱོ་བ་ཆེན་པོ་ནི་རྐང་ལག་མེད་པར་གྱུར་པ་མ་ཡིན་པར། སྲོག་འཚོ་བའི་རེ་བ་དང་དམིགས་ཡུལ་མེད་པ་དེ་རེད། གལ་སྲིད་འོ་སྐོལ་གྱིས་བདག་གིར་བྱེད་འདོད་པའམ་རང་ལ་ཆད་པའི་ཆོས་འབའ་ཞིག་ཡིད་ལ་བརྣགས་ཏེ། རང་ལ་བདག་པའི་ཆོས་ལ་གཅེས་འཛིན་མ་བྱས་ན། དོན་ལ་འགྱུར་བ་རྩ་བ་ནས་བཟོ་མི་ཐུབ། ལས་དབང་ལ་འགྱུར་བ་བཟོ་བྱེད་ནི་ང་ཚོའི་གོ་སྐབས་མ་ཡིན་པར་རྣམ་འགྱུར་ཡིན་ནོ། །
༣ མི་ཚེའི་གེགས་དང་བར་ཆད་ནི་རང་གི་དབང་དུ་མི་ཡོང་ལ། དོན་དག་ལ་ཤས་ནི་ཁྱོད་རང་ནོར་བ་མ་ཡིན་ལ། ཁྱོད་ཀྱིས་འགོག་ཀྱང་མི་ཐུབ་བོ། །ཁྱོད་ཀྱིས་འདེམ་དུ་རུང་བ་ནི་དེ་ཉིད་བློས་གཏོང་བ་མ་ཡིན་པར། འཚོ་བ་སྔར་ལས་ཡག་པོ་ཞིག་འབད་པ་ཆེན་པོས་རྒྱུན་ཆད་མེད་པར་བརྩོན་ལེན་བྱ་རྒྱུ་དེའོ། །
༤ ཁྱོད་ཀྱིས་ཕུགས་བསམ་འདོར་མི་ནུས་མོད། ཁ་ཕྱོགས་ལ་འགྱུར་བ་བཟོས་ཆོག་སྟེ། མི་ཚེའི་དཀྱོག་མཚམས་སུ་གང་དང་འཕྲད་པ་མི་ཤེས་པའི་ཕྱིར།
༥ རང་གི་མི་ཚེའི་ཁྲོད་ཀྱི་དོན་དག་ཆེས་སྡུག་ཆག་དེ་ཡིན་ཡང་། གཞན་ལ་མཚོན་ན་སྔར་བཞིན་དོན་སྙིང་ཁྱད་པར་བ་རེ་ཡོད།
༦ ལག་པ་མེད། རྐང་པ་མེད། སྐྱོ་བའང་མེད།
༧ གལ་སྲིད་ཁྱོད་རང་ཕམ་པར་གྱུར་ན། སླར་ཡང་ཡར་ལ་ལངས་དགོས་སོ། །
༨ གལ་སྲིད་རང་གིས་ངོ་མཚར་བའི་བྱུང་བ་བསྐྲུན་མི་ནུས་ཚེ། དེ་ན་འབད་པ་ཆེན་པོས་རང་ཉིད་ངོ་མཚར་བའི་བྱུང་བ་རུ་འགྱུར་བར་བྱ་དགོས།
༩ མི་ཚེའི་མཐོ་ཚད་ནི་རྣམ་འགྱུར་གྱི་རྗེས་སུ་འགྲོ་ལྡོག་བྱེད།
༡༠ ཕམ་ཁ་ནི་འཇིགས་སུ་རུང་བ་མ་ཡིན། མཚམས་མི་ཆད་པར་ཚོད་ལྟ་བྱ་དགོས།
༡༡ ང་ནི་རང་གི་འཚོ་བར་དགའ། ཁོ་བོར་བར་དུ་གཅོད་ཐུབ་མཁན་གཅིག་ཀྱང་མེད། ཁོ་བོ་ནི་དུས་རྣམ་ཀུན་ཏུ་བདེ་བ་དང་ལྡན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། སེམས་སྡུག་པའི་དུས་ཡོད་ལ། མཚམས་ལན་རེར་སྐྱོ་བའི་མཆི་མའང་འབྱིན། དེ་ནི་ཁོ་བོར་རྐང་ལག་མེད་པས་མ་ཡིན། དེ་ཡིན་ན་ལས་སླ་བོར་སྣང་། རང་ཉིད་དགའ་བའི་མིར་གནོད་པ་ཕོག་ན། རང་གིས་ཅི་ཡང་བསྒྲུབ་མི་ནུས་པར་སེམས་ཁུར་བྱེད་ཅིང་། འདིས་ཁོ་བོ་རབ་ཏུ་སྡུག་བསྔལ་བར་བྱེད།
༡༢ ཁོ་བོ་སྔར་བཞིན་འཚོ་བར་དགའ་སྟེ། རྒྱུ་མཚན་གང་ཞེ་ན། ང་རང་འཚོ་ཞིང་གནས་པར་རེ་ཞིང་འདོད་པས་ཡིན།
༡༣ ཚེ་སྲོག་གི་ཁྲོད་དུ། འོ་སྐོལ་གྱི་གང་ཡིན་འདེམ་དབང་མེད་ཀྱང་། གང་ཞིག་བསྒྱུར་དབང་ཡོད་དོ། །
༡༤ ཁྱོད་ཀྱིས་ཉིན་གཅིག་ལ་བློ་ཕམ་མ་བྱུང་ན། ཁྱོད་རང་ད་དུང་ཕམ་པར་གྱུར་མེད།
༡༥ གལ་སྲིད་ཁྱོད་ཀྱིས་ཕུགས་བསམ་འདོར་རྩིས་ཡོད་ན། ཉིན་གཅིག་གམ། གཟའ་འཁོར་གཅིག་གམ། ཡང་ན་ཟླ་བ་གཅིག་གམ། མ་མཐའ་ཡང་ལོ་གཅིག་ལ་རྒྱུན་སྐྱོང་དང་། ཕྱིར་སྣུར་མི་བྱེད་པའི་འབྲས་བུ་ནི་ངོ་མཚར་བ་ཞིག་ཡིན་པ་རྟོགས་ཐུབ།
༡༦ ཁོར་ཡུག་བསྒྱུར་མི་ཐུབ་ཀྱང་། རང་གི་སེམས་དང་། རང་གི་མི་ཚེར་བཟུང་བའི་ལྟ་སྟངས་ལ་འགྱུར་བ་བཟོས་ཆོག །ཁོ་བོར་ཁྱོད་རང་པང་དུ་ལེན་པའི་སྐལ་བ་དང་ལྡན་པར་བྱེད་ཅིང་། ངའི་གཏམ་རྒྱུད་ཀྱིས་ཁྱོད་ལ་སྐུལ་མ་བྱ་ཐུབ་པར་སྨོན། ཕུགས་བསམ་སྔར་བས་རྒྱ་ཆེ་བས། ནམ་ཡང་རེ་ཐག་ཆད་པར་མི་བྱ།
༡༧ ཚེ་སྲོག་གིས་ངོ་མཚར་བའི་བྱུང་བ་བདེན་པར་བསྒྲུབས།
༡༨ འཇིག་རྟེན་བྱེད་པོའི་སྣང་ཡུལ་དུ། མི་ཐམས་ཅད་ལ་རིན་ཐང་དང་ལྡན་པས། ཁོང་ཉིད་འོ་སྐོལ་ལ་ཐུགས་བརྩེ་བ་བཞིན་དུ་ང་ཚོ་རང་ཉིད་ལ་དགའ་དགོས་སོ། །
༡༩ མི་ཚེའི་ཁྲོད་ཀྱི་འགྲན་རྩོད་ཀྱིས་འོ་སྐོལ་ལ་རང་ཉིད་ཡང་སྙིང་མི་ག་འདྲ་ཞིག་བྱ་དགོས་པའི་གནས་ལུགས་རྟོགས་པར་བྱེད།
༢༠ དལ་འབྱོར་གྱི་སྙིང་པོ་ནི་སེམས་ཤུགས་ཐམས་ཅད་དེར་བསྟིམ་རྒྱུ་དེ་ཡིན།
༢༡ རང་ཉིད་ལེགས་པོ་མེད་པ་དང་། རང་ལ་རིན་ཐང་ཏིལ་འབྲུ་ཙམ་ཡང་མེད་པར་སེམས་པ་ནི་རྫུན་ཆེས་ཆེ་བ་དེའོ། །
༢༢ རང་ཉིད་ཀྱི་ལྷན་སྐྱེས་ཀྱི་གཟུགས་བྱད་ལ་དགའ་ཞིང་། ནང་ནས་ཕྱིའི་བར་དུ་རང་གི་ལྷན་སྐྱེས་ཀྱི་མཛེས་པར་དགའ་ན། གཞན་དང་གཞན་ཡང་ཁྱོད་ལ་བློ་ཕྱོགས་པར་འགྱུར། དེ་ནས་ཁྱོད་ཀྱིས་མཛེས་པ་མིག་ལ་སྣང་བར་འགྱུར་རོ། །
༢༣ ཁྱོད་ལ་གནོད་པ་ཕོག་དུས། གནོད་པ་སླར་ཕོག་པ་ལ་འཛེམ་པའི་ཕྱིར་དུ་གྱང་རབ་ཏུ་མཐོན་པོ་ཞིག་བརྩིག་ངེས། ཡིན་ཡང་ཁྱོད་ཀྱིས་སེམས་ཀྱི་མཐའ་འཁོར་དུ་ནང་ལ་གནས་པའི་གྱང་ཞིག་བརྩིག་མི་རུང་ངོ་། །
༢༤ འོ་སྐོལ་ལ་ཅི་ཡང་མེད་ཀྱང་རེ་བ་ཆེན་པོས་བརྟས་ཏེ་འཇིག་རྟེན་འདིར་སླེབས། མི་ཚེའི་ལམ་བུའི་ཁྲོད་དུ་ཁ་ཕྱེ་བར་བསྒུག་པའི་ལེགས་སྐྱེས་རབ་ཏུ་མང་པོ་ཡོད། ནམ་ཞིག་ཁྱོད་རང་ལས་ཀ་ག་གེ་མོར་ཆེད་དུ་འཇུག་ཅིང་། གླ་དང་ཕོགས་སོགས་གང་ཡང་མེད་ཀྱང་ཉིན་ཧྲིལ་པོར་ལས་ཐུབ་ལ། ཉིན་རེ་བཞིན་དུའང་ལས་སུ་རུང་བ་ཡིན་ན། དེ་ནི་ཁྱོད་ཀྱིས་མི་ཚེ་གྱ་ནོམ་པར་བྱེད་པའི་ལམ་གཙོ་བོ་ཡིན། གལ་སྲིད་གཞན་གྱིས་དངུལ་བྱིན་ནས་ཁྱོད་རང་ལས་འདིར་ཞུགས་སུ་བཅུག་ན། ཁྱོད་ལ་བྱ་བ་ཡོད་པར་གྱུར་ཏོ། །
༢༥ ཁོ་བོ་བདེ་བར་སྡོད་པའི་རྒྱུ་གང་ཞེ་ན། རང་ཉིད་ཡོན་ཏན་ཀུན་ལྡན་ཞིག་མ་ཡིན་པ་རྟོགས་མོད། གཞན་དང་གཞན་ལ་ཆོས་མང་པོ་མཉམ་སྤྱོད་བྱ་ཐུབ་ཅིང་། གཞན་གྱི་འཚོ་བ་སྔར་བས་ཇེ་ལེགས་སུ་བསྒྱུར་ཐུབ་པར་ཡིད་ཆེས་ཟབ་མོ་ཡོད།
༢༦ ནམ་ཞིག་རང་གི་རིན་ཐང་ལ་དོགས་པ་ཟ་བའམ། ཡང་ན་རང་གི་སྔར་གྱི་རྣམ་པར་སེམས་སུ་དགའ་བ་འཛིན་ཐབས་བྲལ་ཚེ། ནང་གི་སྡུག་བསྔལ་བ་འབའ་ཞིག་ཡིད་ལ་བྱེད་པ་ལས། གནས་གཞན་དུ་སོང་ནས། གཞན་གྱི་སྡུག་བསྔལ་ཇེ་ཡང་དུ་བྱ་བའི་ཐབས་ལ་འཇུག་ཅིང་། གཞན་ལ་ཕན་འདོགས་པའི་ལས་སུ་དམིགས་པ་གཏོད་པར་རིགས།
༢༧ རང་གི་ཕུགས་བསམ་ལ་དམིགས་པ་གཏོད་ཅིང་། རང་ནུས་གང་ཡོད་ཀྱིས་ཕུགས་བསམ་དོན་དུ་གཉེར་བར་རིགས། ཁྱོད་ལ་ཁོར་ཡུག་བསྒྱུར་ཐུབ་པའི་མཐུ་ནུས་དང་ལྡན་པས། རང་སེམས་ཀྱི་འདུན་མ་ཅི་འདྲ་ཡིན་ཡང་དེ་ཉིད་དོན་དུ་གཉེར་རིགས་སོ། །
༢༨ ཁོ་བོ་སྔར་བཞིན་འཚོ་བར་དགའ་ཞིང་དུང་སྟེ། རྒྱུ་མཚན་ནི་འཚོ་ཞིང་གནས་པར་རེ་ཞིང་འདོད་པས་ཡིན།
༢༩ བཟོད་པ་ནི་བཟང་པོའི་སྤྱོད་པ་ཞིག་ཡིན་མོད། དེ་ཡང་ཆེས་བྱ་དཀའ་བའི་ལས་སུ་སྣང་ངོ་། །
༣༠ ཕམ་པར་གྱུར་ཀྱང་། ཁོ་བོས་ཡང་དང་བསྐྱར་དུ་ཚོད་ལྟ་བྱ་ངེས་ཏེ། རེ་ཐག་ཡོངས་སུ་ཆད་པའི་སྐད་ཅིག་མ་དེ་ལ་ཁོ་བོ་གཞི་ནས་ཕམ་པར་གྱུར།
༣༡ ཁོ་བོའི་གཟུགས་པོ་གང་དེ་ནོར་བ་མ་ཡིན་པར། རང་གི་མི་ཚེ་ཚོད་གཟུང་ཞིང་། དེ་དང་རྟེན་ཅིང་འབྲེལ་འབྱུང་གིས་ཁོ་བོའི་མཐོང་རྒྱ་ལའང་ཚོད་གཟུང་བས། མི་ཚེའི་འགྲུབ་རུང་བའི་འབྲས་བུ་སྣ་ཚོགས་མཐོང་མ་ཐུབ།
༣༢ རང་གི་འཇིག་རྟེན་དུ་བཀུམས་ཏེ་འགྲོ་བ་ལས། ཕྱི་ཡི་མཐའ་བཞི་ལ་རྒྱང་ལྟ་བྱས་ན་དགའ། སེམས་རབ་ཏུ་ཞུམ་སྟེ་གཞན་གྱིས་གདུང་སེམས་སྐྱེ་བར་རེ་བ་ལས། གནོད་པ་རབ་ཏུ་ཆེ་ཞིང་འཚེ་བ་ཧ་ཅང་ཆེན་པོ་ཕོག་པའི་མི་ཞིག་བཙལ་ཅིང་། དེ་ནས་ཁོ་ལ་རྨ་ཁ་གསོ་རོགས་བྱེད།
༣༣ ཁྱོད་ཀྱིས་རང་ཉིད་ལ་གང་ཆད་པར་རྐྱེན་བྱས་ཏེ་འཇིག་རྟེན་བྱེད་པོར་སྡང་ཆོག་ལ། ཡང་ན་གང་དབང་བར་རྐྱེན་བྱས་ཏེ་ཁོང་གི་དྲིན་དྲན་ཡང་ཆོག །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།