༄༅། །མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སྐོར་བྲོ་འགྲན་སྡུར་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-12-09 10:41:47 ཀློག་གྲངས།:
       “སྐྱེ་ཡག་རྨ་བྱ་འདྲ་བའི་གར་མ་ཚོ། །ཁྲོམ་ཆེན་བྲོ་རའི་དཀྱིལ་གྱི་མུ་ཏིག་ཡིན། །” “བྱ་ཆེན་འགྱིང་འགྲོས་ཅན་གྱི་བྲོ་བ་ཚོ། །ཞབས་བྲོ་སྡིངས་ཆའི་ཐོག་གི་སེང་གེ་ཡིན། །” དབང་དྲག་ལྷ་མགོན་དང་བདེ་སྐྱིད་ལྷ་མཛེས་གཉིས་ཀྱིས་བླངས་པའི«རུ་སྡེ་ནགས་ཤོད»ཀྱི་སྙན་འཇེབས་ལྡན་པའི་སྐོར་བྲོའི་གླུ་དབྱངས་དེ། རྨ་ཡུལ་ཁྲི་ཀའི་རིག་པའི་སྡིངས་ཀ །མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་གླིང་ནས་དུང་གི་སྒྲ་དབྱངས་བཞིན་ལྷང་ལྷང་དུ་མཆེད་ཡོང་། ༢༠༢༥ལོའི་ཟླ༡༢པའི་ཚེས༤ཉིན། ནམ་མཁའ་སྔོ་ཞིང་བསངས་ལ་ཉི་འོད་དྲོ་ཞིང་འཇམ། ཉིན་གུང་དུས་ཚོད་གཅིག་དང་ཕྱེད་ཀའི་སྟེང་། སློབ་གྲྭའི་ཐོན་ཨུའི་རྩ་འཛུགས་འོག་སྐོར་བྲོ་འགྲན་སྡུར་ཆེན་མོའི་བྱ་འགུལ་དེ་ཡངས་པའི་སྤང་ཐང་འདྲ་བའི་རྐང་རྩེད་སྤོ་ལོའི་ར་བར་གཟབ་རྒྱས་ངང་སྤེལ།
ཐེངས་འདིའི་འགྲན་སྡུར་གྱི་མདོ་འཛིན་པ་དག
དཔྱད་འདེམས་པའི་དགེ་རྒན།
       ཐེངས་འདིའི་སྐོར་བྲོའི་འགྲན་སྡུར་ལ་ཁྱོན་བསྡོམས་ལོ་རིམ་གསུམ་པོའི་འཛིན་གྲྭ༤༢ཞུགས་ཡོད་ཅིང་། དཔྱད་འདེམས་པའི་དགེ་རྒན༡༦བསྐོས་ཡོད། རྔམ་བརྗིད་ལྡན་པའི་རྒྱལ་གླུས་མདུན་བསུས་ནས་འགྲན་སྡུར་གྱི་མགོ་དངོས་སུ་བརྩམས། «ཁམས་པའི་གཞས་བྲོ» «ལྷན་འཛོམས» «མཛེས་སྡུག་ལྡན་པའི་རི་ཀླུང»སོགས་ཀྱི་སྙན་འཇེབས་ལྡན་པའི་གླུ་གཞས་ཀྱི་འགྱུར་ཁུགས་དང་བསྡོངས་ནས། འཇའ་ཚོན་སྣ་ལྔའི་དཔལ་གྱིས་སྒེག་པའི་གོས་རྒྱན་སྣ་ཚོགས་སྤྲས་པའི་མཐོ་གཅིག་དང་མཐོ་གཉིས། མཐོ་གསུམ་གྱི་འཛིན་གྲྭ་གསུམ་རེས་རྒྱན་གྱི་རིམ་པ་ལྟར་ལང་ཚོའི་ཉམས་འགྱུར་རབ་ཏུ་ངོམ་ཞིང་གར་གྱི་སྟངས་སྟབས་ལེགས་པར་བསྒྱུར་བ་ནི། ཁྲ་ཆིལ་མེ་ཏོག་སྣ་བརྒྱ་ལྷབ་ལྷུབ་གཡོ་བའི་དཔྱིད་ཀྱི་དཔལ་ཡོན་མིག་ཏུ་ཤར་བ་དང་འདྲ་ཞིང་། ཁྲ་ཆེམ་ཟེགས་མ་འཕྱོ་བའི་རླབས་ཕྲེང་བརྒྱ་ལྡན་གར་དུ་རྩེན་པའི་ཟླ་བོར་ཡང་འཁུམས།
འགྲན་སྡུར་གྱི་ཡུལ་དངོས།
འགྲན་སྡུར་གྱི་ཡུལ་དངོས།
       དཀའ་ལས་མ་བརྒྱབ་པར། དངོས་གྲུབ་གང་ནས་འོངས། རྩོལ་བ་ཡི་ནི་གྲོགས་ཡོད་ལ། །རི་རྒྱལ་རྩེ་མོའང་མཐོ་བ་མིན། །ཞེས་པ་བཞིན་སློབ་གྲོགས་ཚོས་གཅིག་ལས་གཅིག་མཛེས་དང་གཅིག་ལས་གཅིག་ལྷག་པའི་ངོ་མཚར་འཁྲབ་སྟོན་གྱི་འགྲན་སྡུར་ཆེན་མོ་ཞིག་ཁྲ་ཆུང་མིག་གི་དགའ་སྟོན་དུ་བཤམས་ཐུབ་པ་ནི། ཉིན་རེའི་སློབ་གསེང་གི་ངལ་གསོའི་དུས་ཚོད་སྤྱད་ནས་བདུན་ཕྲག་དུ་མའི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ་ཡིན་པ་སྨོས་ག་ལ་དགོས། མཐར་དཔྱད་འདེམས་དགེ་རྒན་རྣམས་ཀྱིས་དྲང་བདེན་དང་འདྲ་མཉམ་སྒོས་སྐར་མ་བྱིན་པའི་འབྲས་བུ་ལྟར་བརྒྱ་ཡི་ནང་ནས་བསལ་ཅིང་བརྒྱད་ཀྱི་ནང་ནས་བདམས་པའི་འཛིན་གྲྭ་ཕུལ་བྱུང་རྣམས་ལ་གཟེངས་རྟགས་བསྩལ་ཏེ་བྱ་འགུལ་གྱི་མཇུག་བསྡུས་སོ། །
ཕུལ་བྱུང་འཛིན་གྲྭ་རྣམས་ལ་གཟེངས་རྟགས་བསྩལ་བ།
       སྐོར་བྲོ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པ། རྨད་བྱུང་དགེ་མཚན་གྱིས་ཕྱུག་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་བོའི་རིག་གནས་སྒྱུ་རྩལ་ཅིག་ཡིན་ཞིང་། སྤྱི་ལོ༢༠༠༦ལོར་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་ཐོའི་ནང་འཇུག་རྒྱུའི་ཆོག་མཆན་ཐོབ། ཇི་སྐད་དུ། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་རང་ཉིད་འདུ། །དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་པ་ལྟར། དེ་ལ་མི་རིགས་དང་ལོ་གྲངས་ཀྱི་ཁྱད་པར་མེད་པར་ཀུན་གྱིས་དགའ་བསུ་ཐོབ་ནས་ད་ལྟ་རྒྱལ་ནང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་མང་པོ་ཞིག་གི་སློབ་གསེང་རྩལ་སྦྱོང་སྐབས་སུ་སྐོར་བྲོ་འཁྲབ་ཀྱིན་ཡོད་པ་ལྟར། ང་ཚོའི་སློབ་གྲྭས་ཀྱང་གཟའ་འཁོར་རེའི་གཟའ་མིག་དམར་དང་ཕུར་བུ། སྤེན་པ་བཅས་ཀྱི་ཉིན་སློབ་མ་ཚོས་བོད་ལྭ་གྱོན་ནས་སྐོར་བྲོ་རྩེ་བཞིན་ཡོད་ལ། ལྷག་པར་ཉེ་བའི་ལོ་འགའི་རིང་རྒྱལ་ཁབ་ཕྱི་ནང་གི་རིག་གནས་ཐང་ཆེན་མང་པོར་སྙན་འཇེབས་ལྡན་པའི་སྐོར་བྲོའི་སྒྲ་དབྱངས་ལྷང་ལྷང་དུ་གྲགས་དང་གྲག་བཞིན་པས་མཚོན། དེ་ཉིད་བོད་ཀྱི་མཚར་སྡུག་འོད་སྟོང་འབར་བའི་རིག་གནས་ཁྲོད་ཀྱི་ལྟ་ན་སྡུག་པའི་རིག་གནས་ཀྱི་མིང་བྱང་ཞིག་ཏུ་གྱུར་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།